རྨ་ཆུའི་འགྱུར་ལྡོག་ལ་བློ་འཚབ་སྐྱེ་ཚུལ་ཞིག༼༤༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྨ་ཆུའི་འགྱུར་ལྡོག་ལ་བློ་འཚབ་སྐྱེ་ཚུལ་ཞིག༼༤༽
རྨ་ཆུའི་འགྱུར་ལྡོག་ལ་བློ་འཚབ་སྐྱེ་ཚུལ་ཞིག༼༤༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/12ལྟ་ཀློག (1882)རྩོམ་ཁུངས: པར་འདེབ།

                               ༼ཆོས་ཤུལ་གསང་བདག༽

            ___རྒྱན་པོ་འགྱེད་པའི་སྣང་ཚུལ་ལས་འཕྲོས་པའི་གཏམ།

འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་ན་རྒྱན་པོ་འགྱེད་པའི་སྲོལ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་སོང་འདུག  རྒྱལ་ཁབ་ཁ་ཤས་ཤིག་གིས་རྒྱན་པོ་འགྱེད་པའི་རྩེད་རིགས་དེར་ཁྲིམས་ལུགས་ཤིག་ཀྱང་བཟོས་ཡོད་པར་གོ་ཐོས་བྱུང་།དེ་ནི་འཕེལ་རྒྱས་ཕྱིན་ཡོད་པའི་རྒྱལ་ཁབ་དག་དང་རྩེད་རིགས་དེར་བརྟེན་ནས་འཚོ་བ་སྐྱོང་གི་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཀྱི་རིགས་ཤིག་ཏུ་གཏོགས་པར་འདོད།ཕྱོགས་གཞན་ཞིག་ནས་བཤད་ན།དེ་ནི་འཛམ་བུ་གླིང་དུ་ཆེས་དར་ཁྱབ་ཆེ་བའི་རྩེད་རིགས་ཤིག་ཏུ་མཐོང་ཆེན་བྱས་ཡོད་པའང་རྟོགས་ཡོང་།དེ་ལ་ཧང་སང་རྒྱུ་གཏན་ནས་མེད་དེ་རྒྱལ་ཁབ་དེ་ཚོ་དང་འུ་ཚོ་བསྡུར་བ་ནི་ནང་བསམ་བློའི་གོ་རྟོགས་དང་ཕྱི་འབྱོར་བའི་ཆ་རྐྱེན་གང་གི་ཐད་ནས་ཀྱང་བསྡུར་ཐབས་མེད་པ་ཞིག་རེད།རང་ཉིད་ཀྱིས་བསམ་ན།དེ་ནི་རྒྱུ་ཆེན་ཚོས་སྐྱིད་པོ་བྱེད་པའི་རྣམ་པ་ཞིག་དང་དེ་འདི་མེད་པའི་མི་དག་གིས་ཉི་མ་སྟོང་ཟད་དུ་གཏོང་བྱེད་ཀྱི་རྩེད་རིགས་ཤིག་ཏུ་འདོད་ཡོད།ལྷག་པར་དུ་ལོ་འདི་དག་གི་རིང་ལ་རྨ་ཆུའི་ཀ་མད་སུམ་ཅུའི་མགོ་རྔ་བསྒྲིགས་ཤེས་པ་ལས་ཤེས་ཡོན་ཟེར་དུས་མགོ་རྨོངས་ཡོད་མཁན་དེ་དག་དང་ཆོས་པ་ཡིན་ཟེར་མཁན་གྱི་གྲྭ་བ་སྐྱ་བོའི་རིགས་དེ་དག་གིས་ཇ་ཁང་དང་ཆང་ཁང་ནང་མ་ཁང་སོགས་སུ་ཉི་མ་གཏོང་ཐབས་ཤིག་ཏུ་འདོད་དེ་ཤོག་བྷེ༼རྩེད་ཤོག༽རྩེད་པ་དང་མ་ཅྰང༼བསྒྲིག་ཤོག༽འཕངས་ཏེ་དུས་ཚོད་གང་འདོད་དུ་གཏོང་གི་ཡོད་པ་དེ་དང་འདྲའོ།།འཛམ་བུ་གླིང་གི་རྒྱལ་ཁབ་གང་མང་ཞིག་ཏུ་རྒྱན་པོ་འགྱེད་པའི་དར་སྲོལ་ཇི་ལྟར་ཤུགས་ཆེ་ནའང་འུ་ཚོ་བོད་དུ་བྱུང་བའི་དོན་དག་ཧང་སང་དགོས་པ་དེ་འདྲ་གཅིག་ཀྱང་བྱུང་བ་ད་སྔ་གོ་ཐོས་སུ་གྱུར་མ་སོང་།དེ་ནི་རྒྱན་པོ་འགྱེད་པའི་རྒྱལ་ཁབ་དེ་དང་མི་རིགས་དེར་ཤེས་བྱ་ཡོན་ཏན་གྱི་ཕྱོགས་ནས་ཡིན་ན་ཆོག ནང་བསམ་བློའི་གོ་རྟོགས་ཀྱི་ཕྱོགས་ནས་ཡིན་ན་ཆོག ཕྱི་དངོས་པོའི་ཆ་རྐྱེན་གྱི་ཕྱོགས་ནས་ཡིན་ན་ཆོག་གི་ཕྱོགས་གང་ཐད་ནས་ཧ་ཅང་འཛོམས་ཡོད་ཚོད་གདའ།རྒྱལ་ཁབ་དེ་དང་མི་རིགས་དེའི་རྒྱན་པོ་འགྱེད་པའི་མི་དེ་དག་གིས་རྒྱན་ཤོར་སོང་ན་རང་ཚོད་འཛིན་པའི་གདེང་ཚོད་དང་རྒྱན་ལོན་སོང་ན་མཚམས་འཇོག་པའི་ཤེས་རྒྱ་སོགས་ཡོད་སོང་བ་ཡིན་རྒྱུ་རེད།ད་དུང་སྒོར་མོའི་གྲངས་ཀ་གཏན་འཁེལ་བྱས་ཏེ་གཏན་འཁེལ་བྱས་པའི་སྒོར་མོའི་གྲངས་ཚད་ལས་བརྒལ་སོང་ན་རྒྱལ་ཁབ་བམ་རྩེད་རིགས་དེའི་འབྲེལ་ཡོད་མི་སྣ་དག་གིས་རྒྱལ་ཤོར་སོང་བའི་མི་དེའི་འཚོ་བ་དང་འབྱུང་འགྱུར་སོགས་སུ་རོགས་རམ་བྱེད་པའི་སྲོལ་ཞིག་ཀྱང་འདུག  དེའི་ཕྱིར།འུ་ཚོ་བོད་དུ་བྱུང་དང་འབྱུང་གིན་པའི་དོན་དག་ངན་པ་དེ་འདྲའི་རིགས་རབ་དང་རིམ་པ་མང་པོ་མ་བྱུང་བ་ཡིན་རྒྱུ་རེད།  འདི་ནི་འུ་ཚོ་བོད་ཀྱི་རྒྱན་པོ་འགྱེད་པའི་མི་དག་གིས་སློབ་སྦྱོང་དང་མིག་ལྟོས་བྱེད་དགོས་པའི་ཕྱོགས་ཤིག་རེད་ཅེས་གསལ་འདེབས་ཐེངས་ཤིག་བྱས་པ་ཡིན་ལ་འབོད་སྐུལ་གྱི་གཡབ་མོ་ནན་གྱིས་བཏང་བ་ཞིག་ཀྱང་ཡིན། རྒྱབ་ཁབ་དེ་དང་མི་རིགས་དེའི་རྒྱལ་སྐུག་མཁན་ཚང་མས་རང་ཉིད་ཀྱིས་བསོགས་པའི་སྒོར་མོ་རྩེད་སྤྱད་བྱེད་ཀྱིན་ཡོད།འོན་ཀྱང་།འུ་ཚོ་བོད་མི་མང་ཤོས་ཀྱི་རྒྱལ་སྐུག་དག་གིས་ཕ་མས་རྔུལ་ཁྲག་བཏོན་ཏེ་བསོགས་པའི་སྒོར་མོ་དང་རྒྱུན་རིང་འཚོ་སྐྱོང་བྱས་པའི་སྒོ་ཕྱུགས་དག་གིས་རྩེད་སྤྱད་བྱེད་ཀྱི་ཡོད་པ་རེད།འདིའང་གནད་དོན་ཞིག་རེད་འདུག  འུ་ཚོ་བོད་དུའང་རྒྱན་པོ་འགྱེད་པའི་སྲོལ་དེ་དར་ནས་ཡུན་རིང་ཞིག་འགོར་ཡོད་ཚོད་གདའ།རྒྱུ་མཚན་ནི་ཨ་མདོའི་དམངས་ཁྲོད་དུ་དར་ཁྱབ་ཆེས་ཆེ་བའི་མཛོ་མོ་ཟེར་བའི་རྩེད་མོ་ཞིག་མང་ཚོགས་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་འདུག་ལ་རོང་འབྲོག་མང་ཚོགས་སུས་ཀྱང་རྩེད་ཤེས་པའི་རྩེད་རིགས་ཤིག་ཡིན་ཚོད་གདའ། ད་དུང་དེའི་སྔོན་དུ་རིལ་ཤོ་ཟེར་བ་ཞིག་ཀྱང་ཡོད་ལ་དེ་ལས་ཀྱང་ཁྱབ་ཆེ་ཤོས་ནི་ཤོ་ཟེར་བ་དེ་ཡིན་འདུག  དེ་ནི་མང་ཚོགས་ནང་དར་ཁྱབ་ཧ་ཅང་འདུག  དབུས་གཙང་གི་ཕྱོགས་སུའང་ཤོ་དེ་དར་ཁྱབ་ཆེན་པོ་འདུག དེ་ནི་སྤྱིར་ཤོ་ཆས་ཆ་ཚང་ཞིག་ལ་ཤོ་ཆ་གཅིག་དང་ཤོ་གདན།ཤོ་ཕོར།ལག་ཁྱི་མི་འདྲ་བ་གསུམ་སམ་གསུམ། རྡེའུ་དྲུག་བཅུ་རེ་བཞི་བཅས་ཡོད།ཤོ་རྩེདདེར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཤོ་རྩེད་ལ་རོལ་སྐབས་ལྐུག་ཤོ་མིན་པར་བརྗོད་བྱ་ལོ་རྒྱུས་དང་།བཞད་གད། ཟུར་ཟ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཤོ་བཤད་རྒྱག་རྒྱུ་ཡོད་པ་ནི་རིག་རྩེད་གཞན་གང་ཞིག་ལའང་མེད་པ་ཞིག་ཡིན།སྤྱིར་བཏང་ཤོ་ཡི་རྩེད་སྟངས་ལ་གཉིས་འཛིང་དང་གསུམ་འཛིང་གཉིས་སུ་འདོད།དེ་མིན་ད་དུང་མི་གཉིས་གཉིས་ཆ་བྱེད་པའི་ཆ་འཛིང་ཡང་ཡོད། ཤོ་འཛིང་རྒྱག་མཁན་ཕྱོགས་རེར་ལག་ཁྱི་དགུ་རེ་ཡོད་པ་དང་།ཤོ་མིག་གཞིར་བཟུང་རྡེའུ་གྲངས་རྩིས་ནས་ལག་ཁྱི་བཙུགས་པའམ་གཏོང་སྟངས་བྱེད་ཀྱི་ཡོད། ད་དུང་ཤོ་མིག་རེ་རེར་ལའང་ཤོ་བཤད་བྱེད་སྟངས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོད། ཤོ་རྩེད་ལ་རོལ་སྐབས་ཤོ་མིག་གང་རྒྱག་དགོས་པ་ཚང་མར་ཤོ་བཤད་ནང་དོན་ཕུན་སུམ་ཚོགས་པ་ཁག་མང་པོ་བཤད་རྒྱུ་ཡོད།དཔེར་ན།ཤོ་མིག་གཉིས་རྒྱག་དགོས་དུས།པ་ར་སྤེན་པ་བཀྲ་ཤིས་ཞུགས།རྒྱག་མཁན་འཕྲིན་ལས་རྣམ་རྒྱལ་རེད་ཅེས་དང་།ཤོ་མིག་བདུན་རྒྱག་དགོས་དུས།རི་སྡིངས་སྡིངས་གླ་བ་ཉལ་ས་རེད།ཉལ་དྲག་ན་གླ་བ་འཆི་ས་རེད་ཅེས་ལྟ་བུ་ཤོ་མིག་གཅིག་ཁོ་ན་སྨྲོས་པ་དང་། ཡང་ཤོ་མིག་དགུ་དང་བཅུ་བ་གང་རུང་རྒྱག་དགོས་དུས།དགུན་ཆུ་རྟ་ལ་མ་སྟེར།རྟ་ཕོ་གྲང་ངར་ཀྱིས་ཤི་ཡོང་ཞེས་དང་།ཤོ་མིག་ལྔ་དང་དགུ་གང་རུང་རྒྱག་དགོས་དུས།ཁ་སྒུག་གི་ཆང་ལས།ལུང་ཁུག་གི་དར་བ་ཞིམ་ཞེས་པ།ཤོ་མིག་བཅུ་དང་བཅུ་གཉིས་གང་རུང་རྒྱག་དགོས་དུས།ཆུ་འཇམ་པར་སྐྲ་ཞིག་བཀྲུས།དེ་ལ་ཆུ་འཇམ་སྐྲ་བཀྲུས་ཟེར་ཞེས་པ་ལྟ་བུ་ཤོ་མིག་ཁག་གཉིས་སྨྲོས་པ། དེ་བཞིན་བརྒྱད་རི་དྲུག་གསུམ་རྒྱག་རྒྱུ་ཡོད།  དེ་འདྲའི་ཤོ་པའི་ཉམས་བཟང་ལ་ཞེས་པ་ལྟ་བུ་ཤོ་མིག་གསུམ་དང་གསུམ་ཡན་སྨྲོས་པ་སོགས་ཤོ་བཤད་འདྲ་མིན་གྲངས་ལས་འདས་པ་ཡོད་པ་རེ་རེ་བཞིན་ངོ་སྤྲོད་ཞུ་ཐབས་བྲལ།ཤོ་རྩེད་ལ་རོལ་སྐབས་ཤོ་ཆ་གཅིག་ལ་ཤོ་མིག་གཉིས་ནས་བཅུ་གཉིས་བར་ལངས་རྒྱུ་ཡོད་པ་དང་།ཤོ་མིག་དེ་རྣམས་ཚང་མར་ཡོངས་ཁྱབ་ཏུ་གཉིས་ལ་པ་ར་དང་།གསུམ་ལ་སུ་གེ བཞི་ལ་ཙིག་གི ལྔ་ལ་ཁ། དྲུག་ལ་ལུག བདུན་ལ་རི། བརྒྱད་ལ་ཤ དགུ་ལ་གུག བཅུ་ལ་ཆུ།བཅུ་གཅིག་ལ་ཐོགབཅུ་གཉིས་ལ་ལྗང་སོགས་འབོད་ཀྱི་ཡོད་པའི་ཁར་ཤོ་མིག་རེ་རེར་ཡང་མིང་གི་རྣམ་གྲངས་མང་པོ་འབོད་རྒྱུ་ཡོད། དཔེར་ན།ཤོ་མིག་བདུན་ལ་རི་དང་སྡིག  དེ་བཞིན་ཚིལ་དང་དིང་ཞེས་པ་ལྟ་བུའི་འབོད་སྲོལ་ཁག་མང་བོ་ཡོད། གོང་གི་ཤོ་བཤད་བྱེད་སྟངས་དེ་ལས་ཤེས་ཐུབ་པ་ནི་བོད་དམངས་ཁྲོད་དུ་ཤོ་ཟེར་བ་དེ་ཤིན་ཏུ་དར་ཁྱབ་ཆེ་བ་རྟོགས་ཡོང་། ཡང་གཅིག་བཤད་ན་རོང་འབྲོག་མང་ཚོགས་ཚོས་རྒྱན་འགྱེད་པ་དེ་ཇ་ཁ་ཆང་ཁ་ནས་སྣང་བ་སྐྱིད་པོ་བྱེད་པའི་རྣམ་པ་ཞིག་དང་གྲོགས་པོ་ཕན་ཚུན་བར་ལ་རྩེད་དགའ་རོལ་བའི་རྣམ་པ་ལྟ་བུ་ཞིག་ཏུའང་གྱུར་འདུག འོན་ཀྱང་ཇ་ཁ་ཆང་ཁ་ནས་རྩེད་ཆོག་པའི་རྩེད་ཆོག་པའི་རྩེད་རིགས་དེ་ཡང་རྒྱ་ཇེ་ཆེ་དང་རུལ་སུངས་ཀྱི་རྣམ་པ་ཞིག་གི་ངོ་བོར་གྱུར། དུས་འགྱུར་སོང་བ་ཇི་བཞིན་མིའི་རིགས་ཀྱིས་ལས་སྲོལ་བཅའ་སྲོལ་ཚང་མའང་འགྱུར་འགྲོ་གི་འདུགགལ་སྲིད་དེ་ལ་འཕོ་འགྱུར་ཞེས་བརྗོད་ཆོག་ན་དེ་ནི་བཟང་བོའི་ཕྱོགས་སུ་འགྱུར་འགྲོ་བ་མ་ཡིན་པར་ཉི་མ་མར་འགྲིབ་ཀྱི་དཔེ་ལས་མ་འདས་སོ།། དེ་ནས་རིམ་བཞིན་དུ་སྲིད་འཛིན་སྡེ་ཁག་གི་ནང་དུ་དར་ཁྱབ་བྱུང་བའང་མངོན་ཡོང་གི་འདུག རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་དང་སེ་ར་དགོན་པ་གཉིས་བར་འཁྲུག་རྩོད་ཅིག་བྱུང་བའི་ལོ་རྒྱུས་འདུག  དེ་ཇི་ལྟར་བྱུང་ཟེར་ན། སྐབས་དེར་སེ་ར་དགོན་པའི་གྲྭ་བ་རྡོབ་རྡོབ་དེ་དག་གིས་ལྷ་སའི་ཇ་ཁང་དང་ནང་མ་ཁང་སོགས་སུ་ཡོང་སྟེ་རྒྱལ་བསྐུག་ནས་ཉི་མ་ཕུད་ཀྱི་ཡོད་པར་མ་ཟད།བོད་གཞུང་གི་ཁྲིམས་ལུགས་མང་བོ་ཞིག་ལ་གཏོར་བརླག་བྱེད་པས་བོད་གཞུང་གིས་ལྷ་སའི་གླིང་ནས་རྒྱན་བཞག་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཀྱང་སེ་ར་དགོན་པའི་རྡོབ་རྡོབ་དེ་དག་གིས་གཏན་ནས་དང་ལེན་མ་བྱས་པར་མ་ཟད།ད་དུང་སྐབས་དེར་བསྒྲགས་པའི་བཀའ་ཁྱབ་དེ་དམིགས་སུ་བཟུང་སྟེ་གཏོར་བརླག་བྱས་སྟབས་བོད་གཞུང་དང་སེ་ར་དགོན་པ་གཉིས་ཀྱིས་འཐབ་འཁྲུག་མི་ཆུང་བ་ཞིག་བརྒྱབས་ལ་ཤི་རྨས་ཀྱང་ཚབས་ཆེན་ཞིག་ཐེབས།དེ་ནི་བཅིངས་གྲོལ་མ་བྱས་སྔོན་གྱི་བོད་མི་དག་གིས་རྒྱན་འཇོག་པའི་དཔེ་གསོན་པོ་ཞིག་རེད་འདུག  ཡང་གཅིག་བཤད་ན།བཅིངས་གྲོལ་མ་བྱས་པའི་ཡར་སྔོན་ཏག་ཏག་ལ་བོད་མི་ཚོང་བ་དག་གིས་བལ་ཡུལ་དང་འབྲེལ་འདྲིས་བྱས་ཏེ་བསྒྲིག་ཤོའི་རྩེད་རིགས་དང་རྩེད་ཤོག རྩེད་རིགས་སོགས་བོད་དུ་ནང་འདྲེན་བྱས་ཏེ་བོད་མིའི་འཚོ་བ་དང་སྲིད་འབྱོར་རིག་གསུམ་ལ་གནོད་པ་ཚབས་ཆེན་ཞིག་བཞག་ཡོད་པ་གདོན་མི་ཟའོ།། དེ་ནི་སྐབས་དེར་ང་ཕོད་ངག་དབང་འཇིགས་མེད་ཀྱིས་མཐའ་མཚམས་ཀྱི་གནས་ཚུལ་ཚང་མ་ཡར་ཞུ་བྱས་ཀྱང་བཀའ་བློན་དག་གསར་དུ་ནང་འདྲེན་བྱས་པའི་རྩེད་ཤོག་རྩེད་རིགས་དང་བསྒྲིག་ཤོའི་རྩེད་རིགས་ལ་མགོ་འཁོར་ཏེ་བསྡད་པ་སོགས་ཀྱི་རྐྱེན་པས་དུས་འགྱུར་གསར་བ་ཞིག་གི་མགོ་བརྩམས་པ་རེད་འདོད།འདི་ནི་འུ་ཚོ་བོད་མི་དག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་རྩེད་རིགས་དང་རྒྱན་པོ་འགྱེད་པའི་བར་ནས་འཐུས་ཤོར་དུ་བཏང་སྟེ་རང་སྡུག་རང་གིས་མྱོང་བའི་སྡུག་འབྲས་ངན་པ་ཞིག་མ་རེད་དམ།དེའི་སྟབས་ཀྱིས་འུ་ཚོས་རིག་གནས་དང་འཚོ་བ་གསར་བ་ཞིག་དང་ལེན་མི་བྱེད་ཀ་མེད་དུ་གྱུར་སོང་བ་རེད།དེ་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱ་འདོད་ཚེ་ལྷ་སའི་གློག་བརྙན་འཁྲབ་མཁན་ཚོས་འཁྲབ་སྟོན་བྱས་པའི༼བོད་ཀྱི་དུས་འགྱུར་གློག་བརྙན༽ཞེས་པར་བལྟས་ན་ངེས་ཤེས་འདྲོངས་ཐུབ་ལ་འདས་པའི་ལོ་རྒྱུས་ལ་བལྟས་ན་ལྷག་ཏུ་གསལ་བོ་ཡོང་།ལྷག་པར་དུ་བོད་ལ་རྒྱན་པོ་འགྱེད་པའི་རྒྱ་ཇེ་ཆེར་སོང་བ་དང་མཉམ་དུ་འཁོར་བ་ཤོར་སོང་བའི་གཏམ་རྒྱུད་ཡོད་ལ་ཆུང་མ་ཤོར་སོང་བའི་གཏམ་རྒྱུད་ཀྱང་བྱུང་མྱོང་ཡོད་པ་ཞིག་རེད།  སྒོ་ཕྱུགས་ཚང་མ་གཞན་ལ་ཤོར་སོང་བའི་གཏམ་རྒྱུད་སོགས་བདག་ཆེན་པོའི་ངོས་ཐད་ནས་བལྟས་ན་དེ་འདྲའི་ཡ་ང་བ་ཞིག་མ་རེད་མོད།འོན་ཀྱང་བདག་ཆུང་བའི་ངོས་ཐད་ནས་བལྟས་ན་དེའང་ཧང་སང་དགོས་པ་ཞིག་ཀྱང་མ་རེད་དམ།འཁོར་བ་དང་ཆུང་མ་བུ་ཕྲུག་སོགས་རྒྱན་པོ་འགྱེད་པའི་བར་ནས་ཤོར་སོང་བའི་གཏམ་རྒྱུད་དེ་འུ་ཚོ་བོད་ཏུ་བྱུང་བ་ཡིན་པ་ལས་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པར་བྱུང་བའི་གནས་ཚུལ་ཞིག་མ་རེད། དེ་ནི་རིག་གནས་ཀྱིས་དབུལ་ཞིང་ཕུངས་པའི་མི་རིགས་ཤིག་དང་བསམ་བློའི་གོ་རྟོགས་ཧ་ཅང་དམའ་བའི་བོད་པ་ཚང་ལ་བྱུང་བའི་གཏམ་རྒྱུད་ཅིག་རེད། དེ་ནི་བོད་པ་ཚང་གིས་སའི་གོ་ལའི་སྟེང་བྱུང་མ་མྱོང་བའི་ཀླད་ཀོར་རམ་ཐིག་ལེ་བརྟོལ་བྱེད་ཀྱི་གཏམ་རྒྱུད་ཅིག་རེད།དེ་དག་ནི་འུ་ཚང་གི་ངོ་ཚ་ཁ་སྐྱེངས་དགོས་པའི་ཉེས་པ་ཞིག་ཀྱང་རེད་འདོད་། དེ་ནི་ངས་བཤད་བསམ་པའི་དེ་རིང་གི་བརྗོད་བྱ་འདིའི་སྔོན་འགྲོ་ལྟ་བུ་ཞིག་རེད།དོན་དག་འབྱུང་གིན་པ་མང་བོས་གུས་པོར་གཏན་ནས་གུ་ཡངས་གཏོང་གི་མི་འདུག ཕ་ཡུལ་གྱི་འགྱུར་ལྡོག་རེ་རེས་གུས་པོའི་རྨི་ལམ་སྐྱིད་པོ་དག་གཏོར་ནས་འགྲོ་གི་འདུག

   དུས་དང་མཉམ་དུ་འགྱུར་འགྲོ་བའི་བོད་མི་དག་གི་ཡ་མ་བརླ་ཡི་ངང་ཚུལ་དེས་གུས་པོ་ཁུ་སིམ་མེར་སྡོད་དུ་འཇུག་གི་མི་འདུག  ཕྱི་རྐྱེན་ནང་རྐྱེན་མང་པོས་བཙིར་ཡོང་བའི་དུས་དང་དུས་སུ་གུས་པོ་བདེན་བདེན་འདྲ་བའི་དར་ཆ་ཞིག་གི་སྐྱིབས་འོག་ཏུ་འཛུལ་ཁུལ་བྱས་ཡོད།རང་གིས་བདེན་པར་རློམ་པའི་ཚིག་འབྲུ་ཞིག་གི་ཕྱོགས་སུ་སྐྱོད་ཀྱིན་ཡོད།ཕྱི་ནས་རླུང་བུ་གཡུག་ཡོང་བ་དེས་གུས་པོ་འཁྱག་གི་མི་འདུག དུས་བཞིའི་འགྱུར་ལྡོག་གིས་གུས་པོར་འཇིགས་སྣང་སློང་གི་མི་འདུག འོན་ཀྱང་ལུས་པོར་འཐམ་པའི་འབུ་སྲིན་དེ་དག་གིས་ང་ལ་ཞེད་སྣང་བསླངས་ཡོང་།ཐ་ན་ང་ཡི་ལུས་སྟེང་དུ་འགུལ་གྱིན་པའི་ཤིག་དང་སྲོ་མའི་རིགས་དེས་ནམ་ཡང་ང་ལ་འཆི་བའི་སྒོ་ཆེན་ཞིག་བསྟན་ཡོང་།དུས་ཀྱི་དཀྱོགས་མཚམས་རེ་རེ་ནས་མིའི་རིགས་ཀྱིས་རང་ཉིད་ལ་དག་ཐེར་བྱེད་དགོས་པའི་ནད་ངན་རེ་མངོན་དུ་གྱུར་ལ་ད་དུང་འབྱུང་འགྱུར་གྱི་དུས་སུའང་དེ་འདྲའི་དུས་འགྱུར་འབྱུང་རྐྱེན་གྱི་རུལ་སུངས་དང་ལྐག་གཡོ་སོགས་མུ་མཐུད་དུ་འབྱུང་སྲིད་པ་ཞིག་རེད།དུས་རབས་གསར་བ་འདིའི་ནང་དུ་འུ་ཚོར་དག་ཐེར་བྱེད་དགོས་པའི་དོན་དག་མང་བོ་ཡོད་ནའང་རུལ་སུངས་སུ་འགྱུར་བཞིན་པའི་རྒྱན་པོ་འགྱེད་པའི་རྣམ་པ་དེ་གཅིག་རེད་འདུག རྒྱུས་ལོན་བྱས་པ་ལྟར་ན་དབུས་གཙང་གི་གྲོང་ཁྱེར་ལྷ་ས་གཙོ་བའི་གཞིས་ཀ་རྩེ་དང་ནག་ཆུ།ཨ་མདོའི་ཕྱོགས་སུ་མཚོ་སྔོན་གྱི་ཞིང་ཆེན་ཟི་ལིང་གཙོ་བའི་ཆབ་ཆ་དང་གཅན་ཚ། རེབ་གོང་དང་མདོ་ལྷོའི་གཙོད་གྲོང་ཁྱེར། ཁྲིན་འདུ་སོགས་གྲོང་ཁྱེར་ཆེ་ཁག་དག་ནི་རྒྱན་པོ་འགྱེད་པའི་ས་གནས་ཆེས་ཆེ་ཤོག་དག་ཡིན་ལ།ད་དུང་རྫོང་རིམ་པར་ཡོང་ན་རྨ་ཆུ་རྫོང་།བསང་ཆུ་རྫོང་།ཀླུ་ཆུ་རྫོང་།རྨ་ལྷོ་རྫོང་།མཛོད་དགེ་རྫོང་།རྔ་བ་རྫོང་།གཅིག་སྒྲིལ་རྫོང་།རྨ་ཆེན་རྫོང་སོགས་རྒྱན་པོ་འགྱེད་པའི་ལྟེ་བ་ལྟ་བུར་གྱུར་ཡོད་ལ་ས་གནས་འདི་དག་ཏུ་སྒོར་ཁྲི་ཤོག་མང་བོ་རྩེད་སྤྱད་བྱེད་ཀྱིན་པའི་ས་གནས་ཆེ་ཁག་དག་ཀྱང་རེད།ལོ་འདི་དག་གི་རིང་དུ་ང་ཡི་ཕ་ཡུལ་དུ་རྒྱན་པོ་འགྱེད་པའི་དར་སྲོལ་ཤིན་ཏུ་ཆེ།རྒྱན་པོ་འགྱེད་པའི་གྲོགས་པོ་རེ་འགར་ཁ་བརྡ་བྱེད་དུས་དེ་ནི་ང་ཡི་ཕ་ཡུལ་གཅིག་པུ་མ་ཡིན་པར་བོད་ཡུལ་གྱི་ས་ཆ་སོ་སོ་ན་ཧ་ཅང་དར་སྲོལ་ཆེ་བའི་རིགས་ཤིག་ཡིན་པའང་རྟོགས་སོང་།འོན་ཀྱང་ང་ཡི་ཕ་ཡུལ་ནི་རྒྱན་འགྱེད་པའི་ཕྱོགས་སུ་མགོ་བོ་ཡོངས་སུ་རྨོངས་པའི་ས་ཆ་ཞིག་རེད་འདུག དེ་ཇི་ལྟར་ཤེས་ཐུབ་ཀི་ཟེར་ན་ང་ཡི་ཕ་ཡུལ་གྱི་རྒན་དར་གཞོན་གསུམ་མེད་པར་མང་མང་ཞིག་རྒྱན་འགྱེད་ཀྱི་ཕྱོགས་སུ་མགོ་འཁོར་ནས་འཚོ་བ་དང་རིག་གནས།ཁྱིམ་ཚང་སོགས་སྣང་མེད་དུ་བཞག་སྟེ་འགྲོ་བཞིན་པའི་གནས་ཚུལ་དངོས་ལ་བལྟས་ན་ཤེས་འོང་།རྒྱན་འགྱེད་པའི་རྩེད་རིགས་དེར་འཛུལ་ཞུགས་བྱེད་པའི་རིགས་ནི་གྲྭ་བ་དང་སྤྲུལ་སྐུ། ལས་བྱེད་དང་མང་ཚོགས། སློབ་མ་དང་བུད་མེད།ཁྲིམས་འཛིན་པ་སོགས་མདོར་བསྡུས་ཏེ་བཤད་ན་མགོ་དཔོན་པོ་ནས་མཇུག་ཕྱུགས་རྫི་བར་དུ་རྒྱན་འགྱེད་པའི་ལས་སུ་ཞུགས་ཀྱིན་པའི་སྒང་ཞིག་རེད་འདུག ད་དུང་ཡ་མཚན་པའི་དོན་དག་དངོས་མ་ཞིག་ཡོད་པ་ནི་མཚན་མོ་རྒྱན་སྐུགས་ཁང་སློབ་མ་དག་གིས་བཀང་བའི་གཏམ་རྒྱུད་དངོས་སུ་བྱུང་དང་འབྱུང་གི་འདུག  དེའི་ཕྱིར་ཕ་ཡུལ་གྱི་སློབ་གསོ་ལ་གོང་འཕེལ་མེད་སོང་བ་ཡིན་རྒྱུ་རེད།ལོ་འདི་དག་རིང་དུ་རྨ་ཆུ་ནས་རྒྱན་འགྱེད་དེ་ཁྱིམ་ཚང་ཁ་ཐོར་ཡ་བྲལ་དུ་གྱུར་བའི་གཏམ་རྒྱུད་བཤད་རྒྱུ་ཡོད་ལ་བཟའ་ཚང་མུག་འཐོར་དུ་གྱུར་ཏེ་མྱི་ཁའི་རླུང་བུ་ཕྱོགས་བཞི་མཚམས་བརྒྱད་ནས་གཡུགས་མྱོང་།འོན་ཀྱང་དོན་དག་དེ་འདྲར་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་ད་དུང་རྒྱན་འགྱེད་པའི་ལས་སུ་མགོ་འཁོར་ནས་བསྡད་ཡོད།ཐ་ན་སྤུན་མཆེད་འགའ་རེ་འཛོམས་ཏེ་རྩེད་མོ་ཞིག་རྩེད་ནའང་རྩེད་ཤོག་རྩེད་དགོས་ཀྱི་འདུག  དེ་སྐྱོན་ཞིག་མ་རེད།འོན་ཀྱང་རྩེད་མོ་་རྩེད་པ་དང་མཉམ་དུ་རྒྱན་ཞིག་ངེས་པར་ཏུ་འཇོག་དགོས་ཀྱི་འདུག  བཟའ་རིགས་བཏུང་བྱ་གང་ཞིག་ཡིན་ཀྱང་ཆོག  དེ་ལྟར་མ་བྱས་ན་འཚོ་བ་འདི་རོལ་ཐབས་མེད་པའི་སྣང་བ་ཞིག་དང་གྲོགས་པོ་འགའ་མཉམ་དུ་འདུག་ཐབས་མི་འདུག་པ་འདྲ་བོ་འདུག  འདི་ནི་རྨ་ཆུའི་ཁོར་ཡུག་གིས་བསྒྱུར་བའི་འདུ་ཤེས་ཤིག་ཀྱང་ཡིན་ངེས།  འདི་ནི་ངན་གོམས་སུ་སོང་བའི་འགྲོ་ལུགས་འདུག་སྟངས་ཤིག་ཀྱང་ཡིན་ངེས།འདི་ནི་བོད་མི་དག་གིས་རྒྱན་པོ་འགྱེད་པའི་རིག་གནས་ལ་ཧ་ཅང་མཐོང་ཆེན་དང་དང་ལེན་བྱས་པའི་རིག་གནས་དེས་བསྐྱེད་པའི་བསམ་བློའི་མཐོ་རླབས་ཤིག་ཀྱང་ཡིན་ངེས།རྒྱན་འགྱེད་པའི་རིག་གནས་དེ་ཤོག་བུ་སྣུམ་གྱིས་བཟུང་པ་དང་མཚུངས་པར་འུ་ཚོའི་འཚོ་བའི་གཏིང་ཟབ་སར་འཐིམ་ཡོད་དུས།མི་གཞི་ཟེར་བའི་རི་བོ་ཆེན་པོ་ཞིག་མ་ཤེས་མ་ཚོར་བའི་ངང་ནས་འཇིག་འགྲོ་བཞིན་འདུག་ལ་བརྩེ་བ་ཟེར་བའི་གསེར་ནག་གི་རི་རབ་ཅིག་ཀྱང་བཙའ་ཡིས་བཟུང་བ་ཇི་བཞིན་མི་མངོན་པའི་དབྱིངས་སུ་ཡལ་གྱིན་འདུག  གལ་སྲིད་མི་ཞིག་ལ་མི་གཞི་དང་བརྩེ་བ་མེད་སོང་ན་མིའི་རིགས་ཀྱི་སྤྱི་ཚོགས་ནི་གཅན་གཟན་གཏུམ་པོའི་རིགས་ཤིག་གིས་བཟུང་བ་དང་གཉིས་སུ་མེད་དོ།།

བླ་མ་སྤྲུལ་སྐུའི་མདུན་ནས་རྒྱན་བཅད་ནའང་བཟའ་རིགས་བཏུང་བྱ་སྐུགས་ན་ཆོག་རབས་མང་བོ་ཞིག་བཤད་ཀྱི་འདུགདེར་བལྟས་ཡོང་ན་བོད་མི་དག་གིས་བླ་མ་དང་སྤྲུལ་སྐུར་བཀུར་བསྟི་དང་དད་འདུན་ཆེ་བའང་ཞོར་དུ་རྟོགས་ཡོང་།  སྤྱིར་འུ་ཚོ་བོད་ཀྱི་མི་དག་གིས་ཆོས་དད་ཡོད་མདོག་གིས་ཕྲེང་བ་རེ་ལག་ཏུ་འཛིན་གྱིན་ཡོད་མོད།དོན་གྱིས་ཆོས་ལུགས་ཀྱི་བསྲུང་བྱ་དག་མི་བརྩི་བར་མ་ཟད་རང་རང་གིས་དད་གུས་བྱེད་སའི་རྩ་བའི་བླ་མའི་གསུང་མི་བརྩི།དེ་ནི་འུ་ཚོ་བོད་མི་དག་གི་སེམས་རྒྱུད་དུ་ཆོས་ཀྱི་བག་ཆགས་གཏིང་ཟབ་མོ་ཞིག་མེད་པའི་རྣམ་པ་ཞིག་ཀྱང་རེད་ལ་ཆོས་ཞེས་པར་ངེས་ཤེས་ཟབ་མོ་ཞིག་སྐྱེས་མེད་པའི་རྟགས་ཤིག་ཀྱང་རེད་འདོད་།ན་ནིང་མདོ་སྨད་ཀྱི་སྐྱབས་མགོན་ཀུན་མཁྱེན་རིན་པོ་ཆེ་མཆོག་གིས་རྨ་ཆུར་ཕེབས་བཞུགས་བྱེད་སྐབས་རྒྱན་སྐུག་མང་ཤོས་ཀྱིས་རྒྱན་བཅད་ཚུལ་ཞིག་གོ་མྱོང་མོད།འོན་ཀྱང་ཟླ་གཅིག་གཉིས་ཤིག་མ་འགོར་བར་རྒྱལ་སྐུག་ཚོས་དཔའ་བྱས་རབས་མེད་པར་དཔེ་བཞག་རབས་ཀྱི་གནས་ཚུལ་གང་སར་ཁྱབ་འདུག  འདི་ནི་འུ་ཚོ་བོད་ཀྱིས་བླ་མར་བཟུང་བའི་རྣམ་འགྱུར་ཡིན་ནམ།འདི་ནི་འུ་ཚོ་བོད་ཀྱིས་བླ་མར་བཅངས་པའི་དད་འདུན་ཡིན་ནམ། འདི་ནི་འུ་ཚོ་བོད་ཀྱིས་ཆོས་དད་བྱས་པའི་མཇུག་འབྲས་ཡིན་ནམ། ཆོས་ལུགས་ལ་དད་ནའང་ཆོག བདེན་ལུགས་ལ་བརྩི་བཀུར་བྱས་ནའང་ཆོག  རྩ་བའི་བསྲུང་བྱ་དག་བསྲུང་མ་ཐུབ་ན་དེ་ཡི་མིང་ལ་དད་པ་ཟེར་རམ།བདེན་ལུགས་ལ་བརྩི་བཀུར་བྱས་ཟེར།འདི་ནི་འུ་ཚོ་བོད་ཀྱིས་ཆོས་ལུགས་ལ་བཟུང་བའི་དད་འདུན་ཡིན་ནམ།འདི་ནི་འུ་ཚོ་བོད་ཀྱིས་བདེན་ལུགས་ལ་བཟུང་བའི་རྣམ་དག་གི་སེམས་པ་དེ་ཡིན་ནམ།དེ་བཞིན་དུ་བླ་མ་དང་སྤྲུལ་སྐུའི་མདུན་ནས་རྒྱན་གཅོད་པའི་སྐབས་སུ་བླ་མ་དང་སྤྲུལ་སྐུས་བཟའ་བཏུང་གི་རིགས་སྐུགས་ཆོག་པའི་ཆོག་མཆན་གནང་གི་འདུག་རབས་བཤད་ཀྱི་འདུགབླ་མ་དང་སྤྲུལ་སྐུའི་གསུང་བརྩི་མདོག་གིས་རྨ་ཆུའི་དབལ་བན་ཚང་ཡུལ་ཚོའི་འབྲོག་པ་ཞིག་གིས་སྐོམ་ཆུ་ནག་དུག༼1༽བསྐུགས་ཏེ་སྒོར་ཁྲི་མང་བོ་ཤོར་སོང་བའི་གཏམ་རྒྱུད་ཅིག་ཀྱང་བཤད་རྒྱུ་ཡོད།དེ་ནི་སྐོམ་ཆུ་ནག་དུག་བསྡམ་ཐོ་བསྡམ་ཐོ་བྱས་ཏེ་སྐུགས་རྗེས་སྒོར་ཁྲི་མང་བོ་ཤོར་སོང་བ་ཞིག་རེད་འདུག  དེ་ནི་བཟའ་རིགས་བཏུང་བྱ་བསྐུགས་ཏེ་རྒྱན་མང་པོ་ཤོར་སོང་བའི་གནས་ཚུལ་དངོས་ཤིག་ཀྱང་རེད་འདུག ད་དུང་མཛོད་དགེ་ཉིན་མའི་འབྲོག་པའི་ནང་ན་སྐོམ་ཆུ་སྐུག་པའི་དར་སྲོལ་ཧ་ཅང་ཆེ་ལ།  དགོན་པས་རྒྱང་ཕུད་བཏང་བའི་གྲྭ་བ་ཞིག་གིས་འབྲོག་ནང་ན་རྒྱལ་སྐུག་ཁང་ཞིག་བཟུང་སྟེ་འབྲོག་པ་མང་ཚོགས་ཚོར་མགོ་གཡོག་མགོ་སྐོར་བྱེད་པའི་གནས་ཚུལ་དངོས་ཤིག་ཀྱང་བཤད་རྒྱུ་ཡོད། དེ་ནི་གྲྭ་བ་གྲྭ་ས་ནས་མང་ཚོགས་ནང་འདྲིས་པའི་བརྒྱུད་རིམ་ཁྲོད་ནས་རིམ་བཞིན་རྒྱལ་སྐུག་ནས་རྒྱལ་སྐུག་ཁང་གི་གོ་གནས་ལ་འཛེགས་པའི་གོ་རིམ་དང་པོའི་རིགས་ཤིག་ཀྱང་ཡིན་ངེས།ད་དུང་དངུལ་རྭ་ལྷ་སྡེའི་གྲྭ་བ་ཞིག་གིས彩票འཕེན་ས་རྨ་ཆུ་གཅིག་པུ་ན་གསུམ་ཕྱེས་འདུག་ལ་དེའི་རྐྱེན་པས་འབྲོག་པ་མང་ཚོགས་ཚོ་དེ་ལ་མགོ་འཁོར་ནས་ཕལ་ཆེར་འབྲོག་པའི་ཁྱིམ་ཚང་ཉི་ཤུ་ཡས་མས་ཤིག་དབུལ་བོའི་ལམ་དུ་བསྐྱལ་ཡོད་པ་དངུལ་རྭ་ལྷ་སྡེའི་མང་ཚོགས་ཚོས་བཤད་ཀྱིན་འདུག  དེ་ནི་གྲྭ་བའི་རྒྱན་སྐུགས་ཁང་གི་སྒོ་ཆེན་ཇེ་ཆེར་བཏང་བའི་རིམ་པ་གཉིས་པའི་དཔེ་གཞི་ཞིག་རེད་འདུགཉིན་ཞིག་ང་རང་གིས་དེ་དག་འདྲ་པར་དུ་ལེན་འདོད་དེ་རྒྱན་སྐུག་ཁང་དེ་དག་ལ་སོང་བ་ན་པར་ལེན་དུ་མི་འཇུག་པར་མ་ཟད།ད་དུང་དེ་དག་ལ་སྒོ་བྱང་སོགས་ཅི་ཡང་སྦྱར་མི་འདུག  ཉེན་རྟོག་པས་དེ་དག་ལ་ལྟ་རྟོག་བྱེད་པའི་དབང་ཆ་རྩ་བ་ནས་མེད་རབས་ཤིག་བཤད་ཀྱི་འདུག རྒྱུ་མཚན彩票འཕེན་ས་དེའི་རྒྱབ་ཕྱོགས་སུ་རྫོང་དཔོན་ཞིག་ཡོད་རབས་ཀྱང་བཤད་རྒྱུ་འདུག རྒྱལ་སྐུག་གཙོ་བའི་ནག་ཚོང་གི་རིགས་ནི་གོ་ས་ཅན་གྱི་རྫོང་དཔོན་དང་ཁུལ་དཔོན་སོགས་གཙོ་བའི་རྒྱབ་རྟེན་ཅན་དག་གིས་བཟུང་ན་དེ་དག་ལ་ཞིབ་བཤེར་བྱེད་མཁན་མེད་ལ།ནག་ཉེས་ཟེར་བའི་ཞྭ་མགོ་ཆེན་པོ་ཞིག་ཀྱང་གྱོན་རྒྱུ་མི་འདུག དེར་བལྟས་ཡོང་ན་འུ་ཚོའི་སྤྱི་ཚོགས་ནི་སྒེར་སྡོམ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཕྱིར་འཁོར་ཏེ་མང་ཚོགས་ལ་བཤུ་གཞོག་བྱེད་པ་ཤུགས་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་ཞིག་རེད་མི་འདུག་གམ།གྲོགས་པོ་ཚོ།ང་ཡི་ཀློག་པ་པོ་ཚོ།ང་ལ་ད་དུང་འདི་འདྲའི་གཏམ་རྒྱུད་འཆད་རྒྱུ་བགྲང་གིས་མི་ལངས་ནའང་མང་དྲགས་ན་ཀློག་པ་པོ་ཚོ་སུན་སྣང་སྐྱེ་སྲིད་པས་མདོར་བསྡུས་ཤིག་གིས་ཆོག་པར་བྱ། ད་དུང་ལོས་མང་། གྲོགས་པོ་ལས་བྱེད་པ་བཟའ་མི་དེ་གཉིས་ཀྱི་སྐོར་དང་། ང་རང་ཡོད་པའི་གྲོང་རྡལ་དེའི་ལས་བྱེད་ཅིག་གིས་རྒྱན་ཤོར་བའི་གནས་ཚུལ།ངའི་སྤུན་ཞིག་གི་རྒྱན་ཤོར་ཏེ་ནང་མི་སྡུག་ལ་སྦྱར་ཚུལ།ཡང་གཅིག་བཤད་ན།རྨ་ཆུའི་རྒྱལ་སྐུག་ཚོས་ཀྱང་རྒྱན་ལེན་མྱོང་ཡོད་ནི་རེད།ཁྲི་ཉིས་བརྒྱ་གསུམ་བརྒྱ་ལེན་མྱོང་མཁན་ཁ་ཤས་ཤིག་ཀྱང་ཡོད་ནི་རེད། རྒྱན་ལོན་ཡོད་པའི་སྐབས་སུ་ཁོང་ཚོས་བཤད་པའི་སྐད་ཆ་ཞིག་དྲན་ཡོང་།དེ་ནི་ལས་བྱེད་ཚོས་ཟླ་རེར་དཀའ་སྡུག་གིས་བསོགས་པའི་རྒྱུ་ནོར་དག་ཁོ་བོ་ཅག་གིས་ཉིན་གཅིག་གམ་དུས་ཚོད་གཅིག་གི་ནང་དུ་ལོན་གྱིན་ཡོད་པས་ལས་བྱེད་ཚོ་མིག་ནང་ལ་གཏན་ནས་མི་འཇོག  རྒྱན་ལོན་པའི་སྐབས་སུ་ཁོང་ཚོར་གསེར་གྱི་གདུ་བུ་གཉིས་རེ་གསུམ་རེ་འདོགས་རྒྱུ་ཡོད་ལ་གོན་པའང་སྒོར་ལྔ་བརྒྱ་ནས་སྟོང་གི་བར་གྱི་གོན་པ་གྱོན་གྱི་ཡོད།འོན་ཀྱང་ད་ལྟ་ཚང་མ་ཕམ་ཁའི་གནས་སུ་ལྷུང་ཡོད་པ་ཏག་ཏག་ལས་རྒྱལ་ལོན་ཏེ་རྒྱལ་ཁའི་ངང་བསྡད་ཡོད་མཁན་གཅིག་ཀྱང་མེད་པའི་ཚོད་དུ་འདུག  རྒྱལ་སྐུག་པའི་སྟབས་ཀྱིས་བཟའ་འཐོར་བྱེད་པའི་གྲངས་འབོར་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ།དབུལ་བོའི་ཁྱིམ་ཚང་ཡང་ལོ་རེ་ནས་ལོ་རེར་འཕར་བཞིན་ཡོད།ད་དུང་རྒྱལ་སྐུག་ཚོར་ཆུང་མ་གཉིས་རེ་གསུམ་རེ་ཡོད་ནི་རེད། དེ་ནི་ཁོང་ཚོའི་ཤོག་སྒོར་གྱིས་བཀུག་ཡོང་བ་ལས་བརྩེ་བ་བསམ་སྟེ་འཁོར་ཡོང་བ་ཞིག་མ་རེད། རྒྱལ་སྐུག་ཚོས་ཁྱིམ་དུ་བསུས་པའི་ཆུང་མས་ཉིན་སྒུག་མཚན་སྒུག་ཇི་ལྟར་བྱས་ཀྱང་ཁོང་ཚོ་བུ་མོ་སྒོར་དགའ་བ་མང་བོའི་ཁྲོད་མགོ་བོ་འཁོར་ཏེ་ཡ་མ་གཡེང་གིས་བསྡད་ཡོད།བརྩེ་བའི་ཆུང་མ་མི་དགོས།ཤ་ལས་ཆེད་པའི་བུ་ཕྲུག་མི་དགོས།བྱམས་ཀྱིས་བསྐྱངས་པའི་ཕ་མ་མི་དགོས།ཁྱིམ་གྱི་སྤྲོ་སྣང་མི་དགོས།ཅི་ཡང་མི་དགོས་པས་རྒྱལ་སྐུག་མང་ཆེ་ཤོས་ཀྱི་ནང་མི་ཚོས་དཀའ་སྡུག་གི་འཚོ་བ་དེ་སུ་ཞིག་གིས་རྟོགས་སམ།གྲོགས་པོ་ཞིག་གིས་བཤད་པ་ལྟར་ན་ད་ལོ་གཅིག་པུར་དབལ་བན་ཚང་ཡུལ་ཚོ་རུ་རྒྱལ་བསྐུགས་ཏེ་དབུལ་བོ་དབུལ་རྐྱང་དུ་བུད་པའི་ཁྱིམ་ཚང་ཉི་ཤུ་ཡས་མས་ཤིག་དངོས་སུ་བརྩི་རྒྱུ་འདུག་ཟེར་ལ།  དེ་བཞིན་དུ་སྨད་མ་ཚོ་བའི་ནང་དུ་རྒྱལ་བསྐུགས་ཏེ་རྒྱལ་ཁབ་ཀྱིས་རོགས་སྐྱོར་མ་དངུལ་སྤྲོད་ཀྱིན་པའི་ཁྱིམ་ཚང་ཕར་ཆེར་བརྒྱ་ཡས་མས་ཤིག་ཏུ་བུད་འདུག  མཛོད་དགེ་ཉིན་མ་ཡུལ་ཚོ་རུ་ད་ལོ་རྒྱལ་བསྐུགས་ཏེ་དོམ་སྐད་བརྒྱབས་པའི་མི་གྲངས་ཚོད་དཔག་བྱེད་དཀའ་བ་ཞིག་ཏུ་གྱུར་འདུག་པ་སོགས་ད་ལོ་གཅིག་པུའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད་འདུག  འདི་ནས་དཔེ་བཟང་ཅན་གྱི་ཡུལ་ཚོ་ཞིག་ངོ་སྤྲོད་བྱེད་དགོས་ཀྱི་འདུག་ལ་དེ་ནི་ད་ལྟ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཀྱིན་པའི་རྨ་ཆུའི་ཡུལ་ཕྱོགས་ཀྱི་ཡུལ་ཚོ་གཅིག་པུ་རུ་གྱུར་འདུག་པའི་རྨ་ཆུ་རྫོང་ཁོངས་སུ་མིག་ལྟོས་བྱ་དགོས་སའི་ཡུལ་ཚོ་ཞིག་ཀྱང་རེད་འདུག དེ་ནི་རྨུར་བྱེ་ཡུལ་ཚོ་རེད་ལ།དེར་སྤྱི་ལོ་༡༩༨༦ལོའི་ནང་དུ་སྤྲུལ་སྐུ་གཞིས་ཆེན་དབོན་སྤྲུལ་མཆོག་གིས་ཕེབས་བཞུགས་བྱེད་སྐབས་སུ་འབྲོག་པ་མང་ཚོགས་ཚོར་བཀའ་གསུང་མང་དུ་གནང་ཞོར་དུ་རྒྱན་པོ་འགྱེད་པའི་རིགས་འདི་དུད་ནག་འཐེན་པ་དང་འདྲ་བའི་སྐྱ་སེར་སུ་ཞིག་ཡིན་ཡང་དེ་གཅོད་དགོས་པའི་བཀའ་གསུང་མང་དུ་གནང་བར་མ་ཟད།རྒྱན་པོ་འགྱེད་པའི་ཉེས་མིག་དང་རྒྱན་པོ་འགྱེད་པས་འཚོ་བ་དང་ཁྱིམ་ཚང་སོགས་ལ་ཐེབས་པའི་འབྲས་བུ་ངན་པ་སོགས་དམིགས་སུ་བཀར་ཏེ་གསལ་བཤད་གནང་བ་བརྒྱུད་ཡུལ་ཚོ་དེའི་མང་ཚོགས་ཚོའི་ནང་དུ་ད་ལྟ་ད་དུང་རྒྱལ་སྐུགས་ཀྱི་མེད་པའི་གནས་ཚུལ་བཟང་བོ་ཞིག་ཀྱང་འདུག་ལ། ཞོར་དུ་རི་དྭགས་རྔོན་པའང་ཉེས་བ་ཆེ་ཚུལ་སོགས་མང་དུ་གསུངས་བས་རི་དྭགས་རྔོན་པ་སོགས་ཀྱང་གཏན་གཅོད་བྱས་ཡོད་པ་ས་གནས་དེའི་རྒན་རྒོན་དག་ལ་དྲིས་ནས་རྒྱུས་ལོན་གསལ་བོ་ཞིག་བྱུང་སོང་། དེ་བཞིན་དུ་རྫོང་དཔོན་ཚེ་ཕྲུག་གི་སྐབས་སུ་ས་གནས་དེའི་འབྲོག་པ་སྐོར་ཞིག་དང་གྲྭ་བ་ཞིག་གིས་རྫོང་དཔོན་ལ་ཡར་ཞུ་བྱས་པ་བརྒྱུད་ལོ་དེར་ཁོར་ཡུག་སྲུང་སྐྱོབས་ཕྱོགས་སུ་བྱས་རྗེས་བཞག་པའི་ས་ཁུལ་དུ་བདམས་ཏེ་དཔེ་བཟང་བྱ་དགའ་ཞིག་ཀྱང་སྟེར་ཟིན་ནོ།།སྔོན་ཆད་སྨད་མ་ཡུལ་ཚོ་དང་རྨུར་བྱེ་ཡུལ་ཚོ་གཉིས་ཀྱི་འཚོ་བ་བསྡུར་ན་སྨད་མའི་འཚོ་བ་བཟང་བ་སྒོ་ཕྱུགས་དང་འདོགས་ཆ་སོགས་ལས་ཀྱང་རྟོགས་ཐུབ།ད་ལྟ་རྒྱལ་སྐུག་ཡོད་མེད་ཀྱི་ཁྱད་པར་ལས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཀྱིན་པ་ནི་རྨུར་བྱེ་ཡུལ་ཚོ་ཡིན་པ་ལྷིང་ངེར་གསལ་འདུག་ལ་མང་ཚོགས་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་འདུག གང་ལྟར་བཤད་ནས་མཚམས་འདིར་སླེབས་དུས་རྒྱལ་སྐུགས་པའི་རིག་གནས་འདི་ནི་འཁོར་བ་གཏོང་བའི་རིག་གནས་ཤིག་དང་མི་གཞི་ལ་གཏོར་བརླག་བྱེད་པའི་རིག་གནས་ཤིག་དང་འབྱོར་འབྲིང་སྤྱི་ཚོགས་སུ་བགྲོད་པའི་བཀག་རྡོ་ཞིག  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགག་རྡོ་ཆེན་པོ་ཞིག་ཡིན་པ་ཤེས་བཞིན་དུ་ད་དུང་རྒྱན་འགྱེད་པའི་རིག་གནས་འདིར་སྔོན་འགོག་དང་གདོང་ལེན་མ་བྱས་ན་ཉིན་ཞིག་འབྱོར་ཕྱུག་ལྡན་ལྡན་འདྲ་བའི་རྨ་ཆུའི་ཁུགས་སོ་ནི་དབུལ་ཞིང་ཕོངས་པའི་རྫོང་མཁར་ཞིག་ཏུ་མི་འགྱུར་བའི་ངེས་པའང་སུ་ཞིག་ལ་ཡོད་དམ།

༼1༽དེ་ནི་དེང་སང་གྲྭ་ཆས་གྱོན་ཡོད་ཀྱང་རྩ་བའི་སྡོམ་པ་བཞིའང་བསྲུང་མི་ཐུབ་པའི་སེར་མོ་བ་དེ་དག་ལ་གོ།

༼2༽百事可乐ལ་ལས་འདི་རྒྱ་སྐད་དོན་བསྒྱུར་བྱས་ཏེ་བྱ་བརྒྱ་ལེགས་འགྲུབ་ཟེར་གྱི་འདུག ལ་ལས་ཝུ་སིབ་ཁུ་ནག་ཅེས་བསྒྱུར་འདུག ཡང་ཁ་ཤས་ཀྱིས་རྒྱ་སྐད་ཀྱི་སྒྲ་ཇི་བཞིན་བསྒྱུར་ཏེ་ཁུ་ཁོལ་ཁུ་ནག་ཅེས་བསྒྱུར་འདུག ངས་ནག་དུག་ཅེས་བསྒྱུར་དགོས་དོན་ནི་བཏུང་བྱ་དེས་མིའི་ལུས་ཕུང་ལ་ཕན་ལས་གནོད་མང་པོ་འདུག་པས་དེ་ལྟར་བསྒྱུར་

བ་ཡིན།

                   ༢༠༡༠ལོའི་ཟླ༡༢པའི་ཚེས༢༤གྱི་ཞོགས་པ་རང་ཤག་ཏུ་སྦྱར། 

                                        ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
42019096
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1