སློབ་གསོའི་ཆེད་དུ་བཏོན་པའི་མིག་ཆུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་གསོའི་ཆེད་དུ་བཏོན་པའི་མིག་ཆུ།
སློབ་གསོའི་ཆེད་དུ་བཏོན་པའི་མིག་ཆུ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/30ལྟ་ཀློག (1932)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                        ཆོས་ཤུལ་གསང་བདག

སློབ་གསོ་ནི་མིའི་རིགས་ཀྱི་ཤེས་རབ་སྔོག་འདོན་བྱེད་པའི་ལག་ཆ་ལྟ་བུ་ཞིག་དང༌།  མིའི་རིགས་ཀྱི་ཕྱིའི་རྣམ་པ་དང་ནང་བསམ་བློ་སོགས་གོང་འཕེལ་དུ་གཏོང་བྱེད་ཀྱི་རྨང་གཞི་ཞིག་ཀྱང་རེད།  ཡང་གཅིག་བཤད་ན།  སློབ་གསོ་ནི་སློབ་གསོ་བྱེད་མཁན་གྱིས་སློབ་གསོ་བྱེད་ཡུལ་ལ་བག་ཆགས་འཇོག་པའི་གོ་རིམ་ཞིག   དེའི་ཕྱིར་ང་ཚོ་སློབ་གསོ་བྱེད་མཁན་དགེ་རྒན་གྱིས་སློབ་གསོ་མྱོང་མཁན་གྱི་སློབ་མ་དག་ལ་བག་ཆགས་ཇི་ཙམ་ཞིག་འཇོག  བག་ཆགས་བཟང་པོ་ཞིག་འཇོག་གམ་བག་ཆགས་ངན་པ་ཞིག་འཇོག  དེ་ནི་འུ་ཚོ་སློབ་གསོ་གཉེར་མཁན་དགེ་རྒན་དག་གིས་བསམ་བློ་གཏོང་དགོས་པའི་གནས་གལ་ཆེན་ཞིག་རེད། དེ་ན་ཅིའི་ཕྱིར་སློབ་གསོ་གཏོང་དགོས་པ་དང་ཇི་ལྟར་སློབ་གསོ་གཏོང་དགོས་པའི་ཕྱོགས་སུ་བསམ་བློ་གཏོང་གི་མེད་མཁན་ཞིག་ཡིན་ན།  དེ་ལ་བདག་གིས་དགེ་རྒན་བྱེད་པའི་ཆ་རྐྱེན་ཚང་གི་མི་འདུག་ཅེས་བཤད་སྲིད།   སློབ་གསོ་གཉེར་མཁན་ཞིག་ཡིན་ན་ཟླ་ཕོགས་གཅིག་པུའི་དོན་དུ་སློབ་གསོ་གཉེར་བ་ཡིན་ན་དེ་ནི་ཆེས་ཐབས་སྡུག་གི་ལས་ཤིག་ཏུའང་སེམས།  སློབ་གསོ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྲོག་རྩ་རུ་གྱུར་པས་དེ་ལ་གཡོ་ཟུར་ལྡན་པའི་ལས་ཀ་བྱེད་མི་རུང༌།  གལ་སྲིད་དེ་ལ་གཡོ་ཟུར་ལྡན་པའི་ལས་ཀ་བྱེད་མཁན་མང་པོ་ཞིག་བྱུང་བ་ཡིན་ན་རྒྱལ་ཁབ་དེའམ།   མི་རིགས་དེའི་སློབ་གསོ་ནི་ཉིན་རེ་ནས་ཉིན་རེར་རྒུད་པའི་ལམ་དུ་ཞུགས་པ་ཁོ་ཐག་ཡིན།   སློབ་གསོ་གཉེར་མཁན་དག་གིས་ནམ་ཡང་དྲང་པོ་དང་ལྷག་བསམ་རྣམ་དག་གིས་སྒོ་ནས་སློབ་གསོ་གཉེར་དགོས།   དེ་ནི་རང་རང་སོ་སོའི་ཕྲག་ཏུ་བབ་པའི་འགན་ཁུར་ཞིག་ཀྱང་རེད།   དེའི་ཕྱིར་སློབ་གསོ་ཞེས་ཆེན་པོ་བཤད་མ་ཐུབ་ཀྱང་འུ་ཚོའི་མདུན་དུ་ལྷག་པའི་བྱིས་པ་འདི་ཚོའི་མདུན་ལམ་གྱི་ཆེད་དུ་འུ་ཚོས་ནམ་ཡང་མགོ་གཡོག་མགོ་སྐོར་བྱེད་མི་རུང༌།དེ་རིང་བདག་གིས་བཤད་འདོད་པ་ནི་རང་ཉིད་ཀྱི་མྱོང་ཚོར་དང་སྦྲགས་ཏེ་སློབ་གསོ་བྱེད་མཁན་གྱི་དགེ་རྒན་དག་གིས་གཡོ་ཟུར་ལྡན་པའི་ལས་ཀ་ཞིག་གིས་བདག་ལ་མིག་ཆུ་འདོན་དུ་བཅུག་པ་གཞིར་བཞག་སྟེ་ཏོག་ཙམ་ཞིག་བཤད་ན་འདོད།  གལ་སྲིད་བདག་གིས་རྩོམ་འདི་ལ་མ་འགྲིག་པ་ཞིག་བྱུང་བའམ།  དེ་བྲིས་པས་མཇུག་འབྲས་བཟང་ངན་པ་ཅི་ཞིག་བྱུང་རུང་ཡོད་ཚད་རང་ཉིད་གཅིག་པུས་འགན་ཁུར་ཆོག  གལ་སྲིད་གཞན་ཞིག་གི་སེམས་སུ་ཕོག་སོང་ན་སྡུག་གྱོང་རེད་ཅེས་བཤད་པ་ཡིན།    སློབ་གྲྭ་ཞིག་ཡིན་ན་རྩ་འཛུགས་ཡོད་པ་དང༌།   སྒྲིག་གཞི་ཆ་ཚང་བ།   དོ་དམ་གྱི་བཀོད་སྒྲིག་བཟང་བ།   སློབ་གསོ་དམིགས་འབེན་དུ་བྱེད་པ།   སྒྲིག་འཛུགས་ཡང་དག་པ་ཞིག་ཡོད་པ།   མགོ་ཁྲིད་ཀྱི་དོ་དམ་བཟང་བ།   དགེ་རྒན་གྱི་ཁྲིམས་སྲུང་གི་འདུ་ཤེས་བཟང་བ།   བསམ་བློ་གསར་བ་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་མཐུག་པོ་ཞིག་ཡོད་པ་སོགས་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན།   དགེ་རྒན་ཡིན་ན་འགན་ཁུར་གྱི་འདུ་ཤེས་ཟབ་པ།   སློབ་མར་ཤ་ཚ་ཞིང་བྱམས་བརྩེ་ལྡན་པ།   ཁྲིད་ཐབས་སུ་བྱང་བ།   དཔེ་ཀློག་གི་གོམས་གཤིས་ལྡན་པ།   སློབ་མའི་ཆེད་དུ་དཀའ་སྡུག་མྱོང་ཐུབ་མཁན་ཞིག་ཡིན་དགོས།   སློབ་མར་སློབ་གསོ་གཏོང་བའི་ཐབས་ལ་མཁས་པ།   སློབ་མ་དང་ཉེ་བར་བཅར་ཐུབ་མཁན།    གལ་སྲིད་དེ་ལྟ་བུའི་དགེ་རྒན་གྱི་དཔུང་སྡེ་ཞིག་མེད་ན་སློབ་གསོ་ཟེར་བ་ཚིག་སྐམ་ཞིག་ལས་ཅི་ཡང་མེད་པར་སྙམ།

དེ་རིང་ནི།༢༠༠༩ལོའི་ཟླ༡༢པའི༢༨ཉིན་རེད།     ངེད་ཚོའི་སློབ་གྲྭ་ལ་དགུན་གནང་སྟེར་བའི་ཆེས་མཐའ་མཇུག་གི་ཉིན་ཞིག་ཀྱང་རེད།   ཉིན་འདིའི་ཞོགས་པར་བདག་གིས་སློབ་མ་རྣམས་ལ་བརྡ་ཡིག་བྱིན་པ་ཡིན།    སློབ་མ་རེ་རེར་བརྡ་ཡིག་ལག་ཏུ་འཇོག་དུས་སློབ་མ་རྣམས་ཀྱིས་ཉམ་ཆུང་ངང༌།   དགེ་རྒན་ངེད་ཚོའི་སྐར་གྲངས་ཇི་འདྲའི་དམའ་བ་ལ།   བོད་ཡིག་ལ་རྒྱུགས་མ་འཕྲོད་པ་ཡིད་ལའང་ཤར་གྱི་མེད།   ཁྱོད་ཀྱིས་གསལ་བོ་ཞིག་ཨེ་བལྟས་ཞེས་བཤད་ཀྱི་འདུག   སློབ་མ་རྣམས་ལ་བརྡ་ཡིག་སྟེར་ཚར་རྗེས།   ང་རང་ཁྱིམ་དུ་ལོག་པ་ཡིན།   སློབ་མ་ཚོས་ཁ་པར་བཏང་ཡོང་བ་མ་ཟད།   ཁྱིམ་བདག་ཚོས་ཀྱང་ཁ་པར་བཏང་ཡོང་གི་འདུག   ལྷག་པར་དུ་སློབ་མ་བོད་ཡིག་ལ་བཟང་བོ་དེ་དག་གིས་ཁ་པར་བཏང་ཡོང་གི་འདུག   བདག་གིས་བསམ་མནོ་ཞིག་བཏང་བ་ཡིན།  དགེ་རྒན་ཞིག་ཡིན་ན་སློབ་མ་ཚོའི་རྒྱུགས་འབྲས་ལ་བསམ་བློ་ཞིག་ངེས་པར་གཏོང་དགོས་ཀྱི་འདུག   མི་རང་རང་གི་དཀའ་སྡུག་ལ་འབྲས་བུ་ཡོད་པར་འདོད་པ་ཇི་བཞིན།   སློབ་མ་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་པའི་འབྲས་བུར་སེམས་ཁྲེལ་ལོས་ཡོད།  ཁོང་ཚོས་དཀའ་ལས་བརྒྱབས་པའི་འབྲས་བུ་རེད།   དེ་བཞིན་དུ་ཁྱིམ་བདག་ཚོས་ཁ་པར་བཏང་ཡོང་བ་དེ།    སློབ་མ་རྣམས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་པོ་ཞིག་ཀྱང་རེད།   སྣང་ཚུལ་དེར་བལྟས་ཡོང་ན་ཁྱིམ་བདག་གིས་སློབ་གསོར་རྒྱབ་སྐྱོར་བྱེད་པ་ཇེ་བཟང་དུ་འགྲོ་བཞིན་པའི་སྣང་བ་ཞིག་ཀྱང་སྟེར་ཡོང༌།   དེ་དང་མཉམ་དུ་དགའ་བ་ཞིག་དང་སྐྱོ་བ་ཞིག་མཉམ་དུ་སེམས་ཀྱི་སྦུབས་སུ་འཚང་ཡོང༌།   དགའ་བ་ནི་ངེད་ཚོའི་སློབ་གསོར་རེ་བ་ཡོད་པར་སྙམ་པས་དགའ་བ་ཞིག་སྐྱེས་སོང༌།   སྐྱོ་བ་ནི་དགེ་རྒན་དག་གིས་འགྲོ་ལས་འདུག་ཐབས་དང༌།  ཟླ་ཕོགས་ལེན་ཐབས་བྱེད་པའི་ཆེས་མ་རུང་བའི་བྱ་བ་དེས་སྦྱིན་པའི་ཚོར་སྣང་རེད།

གུས་པོ་རང་ཉིད་ལ་མཚོན་ན་དགེ་རྒན་ཞེས་པའི་མིང་བྱང་ཆེན་པོ་དེ་ཁུར་ཐུབ་པའི་ཡོན་ཚད་ཡོད་མེད་མི་ཤེས་ཀྱང༌།   ཆུང་བྱིས་པའི་དུས་ནས་དགེ་རྒན་ལ་དགའ་བས་ཨུ་ཚུགས་ཆེན་པོས་དགེ་རྒན་ལ་འཇུས་པ་ཡིན།   འོན་ཀྱང་ལུས་ཚེགས་དང་ཧུར་བརྩོན་གྱིས་དགེ་རྒན་གཞན་ཞིག་གིས་ཐུབ་པ་དེ་ངས་ཀྱང་ལས་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ནམ་ཡང་ལྷོད་མ་མྱོང༌།  དེ་ནི་ང་རང་མི་སྡུག་རུས་ཅན་ཞིག་ཡིན་པས་རེད།   གང་ལྟར་དགེ་རྒན་ཞིག་ཡིན་ན་གཡོ་སྒྱུ་དང་ཟླ་ཕོགས་ལེན་ཐབས་ཙམ་པོས་མི་ཡོང་བས་དུས་ནམ་ཡང་སློབ་མ་ཚོའི་མདུན་ལམ་གྱི་ཆེད་དུ་བསམ་མནོ་གཏོང་དགོས་ཀྱི་འདུག    དེ་ནི་དགེ་རྒན་ཞིག་གི་མ་མཐའི་ཆ་རྐྱེན་རེད་ཅེས་བཤད་ཀྱང་མི་ཆོག་པ་ཞིག་མེད་པར་སྙམ།   ད་ལོའི་ངེད་ཚོའི་སློབ་གྲྭའི་མཇུག་རྒྱུགས་ཀྱི་རྒྱུགས་ཤོག་ལ་རྟགས་རྒྱག་སྟངས་དེས་སློབ་མ་མང་པོ་ཞིག་གི་སེམས་ལ་སྡུག་བཞག་སོང༌།    སྤྱིར་ན་དགེ་རྒན་ཚོས་ལས་བྱ་ལ་རྟགས་རྒྱག་པའམ་རྒྱུགས་ཤོག་ལ་རྟགས་རྒྱག་དུས་གང་ཡིན་ཡང་གཟབ་ནན་མི་བྱེད་པའི་སྣང་ཚུལ་ཞིག་བྱུང་དང་འབྱུང་བཞིན་འདུག   དེ་ནི་སློབ་མའི་ལུས་སེམས་བདེ་ཐང་དང་མདུན་ལམ་གྱི་ཕྱོགས་སུ་དོ་སྣང་མ་བྱས་པའི་བྱ་བ་ངན་པ་ཞིག་རེད་ལ།   དགེ་རྒན་ཚོས་སློབ་མ་རྣམས་ལ་འགན་མ་ཁུར་བའི་རྟགས་ཤིག་ཀྱང་རེད།    རྒྱུགས་ཤོག་ལ་རྟགས་རྒྱག་སྟངས་དེ་ཁྱོན་ཡོངས་ནས་བལྟས་ན་འགྲིག་གི་མི་འདུག་པའི་སྣང་ཚུལ་ཞིག་འདུག  གཅིག་ན།    དགེ་རྒན་རང་རང་གི་ཆེད་ལས་མ་ཡིན་པ་ཞིག་ལ་རྟགས་རྒྱག་དགོས་ན་ཡང་དག་མིན་པ་དང་ངེས་ཆ་མེད་པ་སོགས་ཀྱི་སྐྱོན་འབྱུང་བ་ཐག་གིས་ཆོད།  གཉིས་ན།    རྒྱུགས་ཤོག་ལ་རྟགས་རྒྱག་པའི་དུས་ཡུན་ནི་ཐུང་དྲགས་པ་འདྲ།   དགེ་རྒན་ཚོས་རང་ཉིད་ག་དུས་ཚར་ན་དེ་དུས་ངལ་གསོ་ཆོག  དགེ་རྒན་མང་པོ་ཞིག་གིས་སློབ་མ་ཚོར་འདང་མི་རྒྱག་པར་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་ཀྱི་ཆེད་དུ་རྒྱུགས་ཤོག་ལ་གཟབ་ནན་མི་བྱེད་པ་དང༌།  གང་ལྟར་དགེ་རྒན་ཚོས་འགྲོ་ལས་འདུག་ཐབས་བྱེད་པའི་རྣམ་པ་འདིར་མང་ཚོགས་ཚོས་ཀྱང་བསམ་འཆར་ཤོད་ཀྱི་འདུག  དེ་ཁག་མི་འདུག   དེ་ནི་དགེ་རྒན་ཚོས་མ་འཁྱོངས་པ་ཞིག་རེད།  སྤྱིར་ན་དགེ་རྒན་ཚོས་འཁྱོངས་ཀི་མི་འདུག   འཁྱོངས་ཀི་མི་འདུག་པ་དེ་བཤད་ན་ཁོང་ཁྲོ་ལངས་ཀི་འདུག   དེ་འུ་ཚོར་ཡོད་པའི་ཞན་ཆ་ཞིག་ཀྱང་རེད།   རང་ཉིད་ཀྱིས་འཁྱོངས་ཀི་མེད་པ་བཤད་ན་ཁོང་ཁྲོ་ལངས་དགོས་དོན་མི་འདུག  མི་ཞིག་ལ་ཞན་ཆ་ཡོད་ནི་རེད།   འོན་ཀྱང་ཞན་ཆ་དེ་དག་བསེལ་བྱེད་དགོས་པ་ནི་ཤེས་ལྡན་མི་སྣ་ཞིག་མང་ཚོགས་དང་མི་འདྲ་བའི་ཆ་དེ་རེད་བསམ་གིརང་ཉིད་ལ་ཡོད་པའི་ཞན་ཆ་དེ་དང་ལེན་བྱེད་མི་ཐུབ་མཁན་ཞིག་ཡིན་ན་དགེ་རྒན་བྱེད་པའི་ཆ་རྐྱེན་མི་ཚང་གིདེའི་ཕྱིར་དགེ་རྒན་མ་བྱས་ན་འགྲིག་གི་འདུག   བདག་གིས་བཤད་ནས་ཉོག་ཐལ།   ད་རང་གིས་གང་བཤད་འདོད་པ་དེ་བཤད་ཆོག    དེ་རིང་སློབ་མ་ཚོར་བརྡ་ཡིག་སྤྲད་རྗེས་རང་རང་གི་ཁྱིམ་ལ་ལོག་སོང༌།   དམའ་གཅིག་བདུན་པའི་སློབ་མ་སྒྲོན་དཀར་སྐྱབས་ཀྱིས་ཁ་པར་བཏང་ཡོང་ནས་དགེ་རྒན་ངས་ཅིའི་ཕྱིར་རྒྱུགས་མ་འཕྲོད་པ་རེད།   ང་ཁྱིམ་ལ་སོང་ནས་ཕ་མ་ལ་ཅི་ཟེར།   ང་རང་སྐྲག་གི་འདུག    དགེ་རྒན་ཁྱོད་ཀྱིས་རྒྱུགས་ཤོག་ལ་གསལ་བོ་ཞིག་བལྟས་པ་ཡིན་ནམ།རྒྱུགས་ཤོག་ལ་བལྟས་ན་ང་རང་སྐར་མ་བརྒྱད་ཅུའི་ནང་དུ་ཡོད་ཟེར།   ད་དུང་ཁོས་བཤད་པར་ཉན་ན་སྐྲག་སྣང་ཞིག་དང་ཕམ་ཁའི་ཉམས་ཤིག་ཀྱང་འདུག   སློབ་མ་སྒྲོན་དཀར་སྐྱབས་ལ་མཚོན་ན་བདག་གིས་ཁྲིད་བཞིན་པའི་འཛིན་གྲྭ་གཉིས་ཀའི་ནང་གི་སློབ་སྦྱོང་ལ་བཟང་བོ་ཞིག་ཡིན།    ཁོང་གི་རྣ་ཟུང་གིས་མི་གོ་བས་རྒྱུན་པར་སྒྲ་འཛིན་འཕྲིན་ཆས་ཤིག་གྱོན་ནས་ཡོད།    སློབ་མ་སྒྲོན་དཀར་སྐྱབས་ལ་མཚོན་ན་ཀུན་སྤྱོད་དང་གཙང་སྦྲ།    བསམ་བློའི་འདུ་ཤེས་འཛིན་སྟངས་གང་ཐད་ནས་བལྟས་ཀྱང་སློབ་མ་ཕུལ་དུ་བྱུང་བ་ཞིག་ཡིན།   ཁོང་གིས་བཏང་བའི་ཁ་པར་དེས་བདག་ཡིད་རབ་ཏུ་འཁྲིགས་ཏེ་མིག་ཆུ་དབང་མེད་དུ་ཤོར་སོང༌།སློབ་མ་དེ་དཔེ་མཚོན་ཙམ་ཞིག་རེད།    དེ་དང་འདྲ་བར་སློབ་མ་མང་པོ་ཞིག་གི་སེམས་ལ་སྡུག་བཞག་ནས་བུད་སོང༌།   དེ་ནི་དགེ་རྒན་ཚོས་མ་འཁྱོངས་པ་ཞིག་རེད།   དགེ་རྒན་ཚོས་སློབ་མ་ཚོར་བསམ་བློ་མ་བཏང་བའི་བྱེད་ཐབས་ཡ་ང་བ་ཞིག་རེད།   དེ་ནི་དགེ་རྒན་ཚོས་རང་ཉིད་ཀྱི་ཅ་ནེ་མ་གཏོགས་བསམ་གི་མེད་པའི་མཚོན་བྱེད་ཅིག་རེད་ལ།   དགེ་རྒན་ཚོས་སྤྱི་ཚོགས་ལ་འགན་མ་ཁུར་བའི་སྣང་ཚུལ་ངན་པ་ཞིག་ཀྱང་རེད།   དགེ་རྒན་ཚོས་སློབ་གསོ་ལ་འགན་མ་ཁུར་བའི་གླེན་རྟགས་ཤིག་ཀྱང༌།   གལ་སྲིད་ད་དུང་འདི་ལྟར་སོང་ན་ང་ཚོའི་སློབ་གསོ་ལ་རེ་བ་མེད་པ་མངོན་གསལ་ཞིགགལ་སྲིད་ད་དུང་ཟླ་ཕོགས་གཅིག་པུ་ལས་མིག་ནང་ན་མེད་པའི་དགེ་རྒན་ཚོ་ཇེ་མང་དུ་སོང་ན་ཉིན་ཞིག་སློབ་གྲྭ་མེད་པ་བཟོ་བའི་ཉེན་ཁ་ཞིག་ཀྱང་མི་བསླེབ་པའི་ཡིད་ཆེས་སུ་ཞིག་ལ་ཡོད་དམ།

༢༠༡༠ལོའི་ཟླ༡པའི་ཚེས༤ཉིན་རང་ཤག་དཔེ་མང་ཁང་དུ་སྦྱར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42018438
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1