མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། » མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/11/9ལྟ་ཀློག (36123)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རིག་གནས་ཀྱི་རིན་ཐང་དང་ནུས་པ།

      གལ་ཏེ་རིག་གནས་འདི་མེད་སོང་བ་ཡིན་ན། ཅི་འདྲ་རེད་ཟེར་བ་ཡིན་ན་མི་ཐམས་ཅད་པོ་ད་ལྟའི་མིའི་རིག་པ་པ་རྣམས་ཀྱིས་དེ་ཟེར་གྱི་ཡོད་རེད། མི་རྣམས་ཐོག་མའི་དུས་སུ་གཅན་གཟན་གྱི་གཤིས་ཀ་ཟེར་དགོས་ནའང་འདྲ། དུད་འགྲོའི་གཤིས་ཀ་ཧ་ཅང་ཆེན་པོ་ཡོད་ས་དེ་འདྲ་ཞིག་རེད། ཇི་ལྟར་རེད་ཟེར་ན། སྐྱེ་དངོས་འཕེལ་འགྱུར་གྱི་རིག་པའི་ཐོག་ནས་བཤད་པ་ཡིན་ན། མི་རྣམས་ཐོག་མའི་གནས་སྐབས་ན་དུད་འགྲོའི་རིགས་འདྲ་བོ་དང་གཅན་གཟན་གྱི་རིགས་འདྲ་བོ་དེ་འདྲའི་འཚོ་བ་བསྐྱལ་ནས་ག་ལེར་ག་ལེ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་སུ་སོང་ནས་དེ་རིང་གི་སྤྱི་ཚོགས་འདི་འདྲ་བའི་ཚད་ཐིག་གི་ཐོག་ལ་སླེབས་སོང་བ་རེད་ཟེར། ཡིན་ནའང་སྐྱེ་དངོས་འཕེལ་འགྱུར་རིག་པ་འདིའི་ཐོག་ནས་ཚན་རིག་གིས་ཧ་ཅང་གི་བདེན་དཔང་ད་དུང་རྙེད་ཡོད་ཀྱི་མ་རེད། དེ་ཡོད་ན་ཡོད། མེད་ན་མེད། དེ་ཡང་དག་ཡིན་མིན་དེ་རིང་ང་ཚོས་མི་བཤད། དེ་ཡིན་རྒྱུའི་དབང་དུ་བྱེད། དེ་ཡིན་རྒྱུའི་དབང་དུ་བྱས་ན་ཇི་ལྟར་རེད་ཟེར་ན། མིའི་གཤིས་ཀ་དེ་དུད་འགྲོའི་གཤིས་ཀ་ལྟ་བུ་ནས་ཡར་གཏུམ་པོ་དང་མ་རུངས་པ་དང་དམུ་རྒོད་དེ་འདྲའི་གཤིས་ཀའི་ཐོག་ནས་ཡར་རྒྱས་སོང་ནས་ད་ལྟ་མིའི་རིགས་ནི་ཤེས་རིག་དང་ལྡན་པ། ཞི་ཞིང་དུལ་བ་འདི་འདྲ་ཞིག་གི་ཐོག་ལ་ཐོན་རྒྱུ་དེ། དེའི་བར་དེ་ལ་དུས་ཚོད་མང་པོ་སོང་ཡོད། ལོ་ཁྲི་ཚོ་མང་པོ་ཞིག་སོང་ཡོད་རེད། དེའི་བར་དེ་དུད་འགྲོའི་གཤིས་ཀ་ནས་ཤེས་རིག་དང་ལྡན་པའི་མིའི་བར་དུ་རྒྱུད་རིམ་དེ་འདྲ་ཞིག་བར་ལ་མི་རྣམས་འཕེལ་འགྱུར་འགྲོ་བྱེད་དེ། ཅི་ཞིག་གི་སྒོ་ནས་འགྲོ་ཡི་ཡོད་རེད་ཟེར་ན། ལུས་ཀྱི་འཕེལ་འགྱུར་འགྲོ་བྱེད་དེ་རྒྱུ་མཚན་གཞན་པ་ཡོད་རེད།
     མི་རང་གི་ལུས་ཀྱི་ཐོག་ལ་སྐྱེ་དངོས་འཕེལ་འགྱུར་གྱི་ཐོག་ནས་འགྲོ་རྒྱུ་གྱིས། གཙོ་བོ་སེམས་རེད་དེ་རིང་ང་ཚོས་སེམས་བཤད་དུད་འགྲོའི་གཤིས་ཀ་ནས་ཤེས་རིག་དང་ལྡན་པའི་མིའི་བར་དུ་འགྲོ་བྱེད་ཅི་རེད་ཟེར་ན། དེ་རིག་གནས་གཅིག་པུ་རེད། རིག་གནས་མ་གཏོགས་གཞན་པ་ཡོད་ཀྱི་མ་རེད། རིག་གནས་གཅིག་པུ་ཡིས་ཇེ་བཟང་དུ་འགྲོ་ཡི་ཡོད་རེད་ཟེར།  རིག་གནས་འདིས་འགྲོ་བ་མིའི་རིགས་མུན་པའི་གནས་སྐབས་ལས་ཁ་འབྲལ་བ་བྱེད་པ། དུད་འགྲོའི་གཤིས་ཀ་དང་ཁ་འབྲལ་བ་བྱེད་པ་དམུ་རྒོད་ཀྱི་གཤིས་ཀ་དང་ཁ་འབྲལ་བ་བྱེད་པ་སོགས་འགྲོ་བ་མིའི་རིགས་ཤེས་རིག་དང་ལྡན་པ་དང་ཡ་རབས་ཀྱི་ཀུན་སྤྱོད་དང་ལྡན་པར་ཡར་འཁྲིད་པ་བྱེད་པ་པོ་དེ་རིག་གནས་ཟེར་གྱི་ཡོད་རེད། རིག་གནས་ཀྱི་ནུས་པ་དེ་འདྲ་ཞིག་རེད།

རིག་གནས་ཀྱི་གོ་དོན་དང་མཚན་ཉིད།

      སྤྱིར་བཏང་རིག་གནས་ཀྱི་ཐོག་ལ་བཤད་པ་ཡིན་ན། རིག་གནས་ཟེར་རྒྱུ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་སྙམ་ན། འཛམ་བུ་གླིང་གི་ཐོག་ནས་འདི་ལ་བོད་ཀྱི་མཚན་ཉིད་རིག་པའི་ཐོག་ནས་བཤད་ན་མཚན་ཉིད་ཟེར་བ་ལྟ་བུ་མང་པོ་ཞིག་བཤད་ཡོད་རེད། གཙོ་བོ་དེ་སྤྱི་ལོ་༡༨༧༡ལོར་འཛམ་བུ་གླིང་གི་ཐོག་ནས་དེང་རབས་ཀྱི་རིག་གནས་ལ་མཚམས་ཕྱེས་ནས་མཚན་ཉིད་དང་པོ་དེ་བཞག་རེད། དེའི་ཡན་ཆོད་ལ་རིག་གནས་ཟེར་རྒྱུ་དེ་སུ་དང་སུ་ལ་ཡིན་ནའང་ཡོད་རེད་དེ།  དཔེར་ན་མཚན་ཉིད་རིག་པའི་ཕྱོགས་ནས་བཤད་ན་ཀ་བ་ཟེར་རྒྱུ་དེ་ཅི་འདྲ་ཞིག་ལ་ཟེར་བ་རེད་ཟེར་ན། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་དངོས་པོ་ཞིག་ལ་ཀ་བ་ཟེར་གྱི་རེད། ཀ་བའི་མཚན་ཉིད་དེ་རེད། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞིག་ལ་བུམ་པའི་མཚན་རེད་ཟེར་ནས་མཚན་ཉིད་རིག་པའི་ནང་ལ་དེ་འདྲ་གསུངས་པ་རེད། དཔེར་ན་དེ་འདྲ་བོ་རིག་གནས་ལ་ཟེར་དགོས་ན། རིག་གནས་ཀྱི་མཚན་ཉིད་གང་རེད་རིག་གནས་ཟེར་རྒྱུ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ཟེར་ན།

དེང་རབས་ཀྱི་རིག་གནས་ཀྱི་དབྱེ་མཚམས་ངོ་མ་གང་ནས་བྱུང་བ་རེད་ཟེར་ན། ད་གིན་ཟེར་རྒྱུ་དེ་རེད་སྤྱི་ལོ་༡༨༧༡ལོ་ལ་དབྱིན་ཇིའི་འགྲོ་བ་མིའི་རིག་པ་སྨྲ་བ་༼ཐེ་ལི་ཟེར་རྒྱུ་དེས། ཐོག་མར་འདི་ལ་བཞག་པ་རེད། དེ་ནས་དེ་ཕྱིན་ཆད་ནས་ལོ་༨༠ཐམ་པའི་རིང་ལ་སྤྱི་ལོ་༡༨༧༡ནས་སྤྱི་ལོ་༡༩༥༡ལོ་བར་དུ་ལོ་བརྒྱད་ཅུ་ཐམ་པའི་རིང་ལ་རིག་གནས་འདི་ལ་ཕྱོགས་སོ་སོ་ནས་མཚན་ཉིད་མང་པོ་བཞག་པ་རེད། 
      དཔལ་འབྱོར་རིག་པ་པས་དཔལ་འབྱོར་རིག་པའི་ཐད་ནས་བཤད།འགྲོ་བ་མིའི་རིག་པ་པ་རྣམས་ཀྱིས་མིའི་རིག་པའི་ཐད་ནས་བཤད་དེ་ཕྱོགས་སོ་སོ་ནས་ལྟ་ཚུལ་མི་འདྲ་བའི་ཐོག་ནས་མཚན་ཉིད་མི་འདྲ་བ་ལོ་བརྒྱད་ཅུ་ཐམ་པའི་རིང་ལ་མཚན་ཉིད་བརྒྱ་དང་དྲུ་བཅུ་ལྷག་ཅིག་བཞག་ཡོད་རེད། སྤྱི་ལོ་༡༩༥༡ནས་ད་ལྟའི་བར་དུ་ལོ་ལྔ་བཅུ་དྲུག་ཅུ་སོང་བ་རེད། དེའི་རིང་ལ་དེའི་ཐོག་ལ་དོག་སློང་མང་པོ་བརྒྱབས་ནས་ཁ་སང་དེ་རིང་རིག་གནས་ཟེར་རྒྱུ་དེ་ཅི་འདྲ་ཞིག་ཟེར་བ་རེད་ཟེར་ནས་མཚན་ཉིད་མི་འདྲ་བ་ཉིས་བརྒྱ་ལྷག་ཅིག་ལོག་བསྡད་ཡོད་རེད།ངས་གཅིག་ཟེར་ཁྱོད་གཅིག་ཟེར། དཔལ་འབྱོར་རིག་པ་པ་རྣམས་ཀྱིས་དཔལ་འབྱོར་རིག་པའི་ཕྱོགས་ནས་བཤད། དངོས་ཁམས་རིག་པ་པ་རྣམས་ཀྱིས་དངོས་ཁམས་རིག་པའི་ཕྱོགས་ནས་བཤད། གྲངས་རིག་པ་རྣམས་ཀྱིས་གྲངས་རིག་གི་ཕྱོགས་ནས་བཤད་དེ། དེ་འདྲའི་སྒོ་ནས་མཚན་ཉིད་མི་འདྲ་བ་མང་པོ་བཤད་བཞག་ཡོད་རེད། ཐོག་མར་འགྲོ་བ་མི་རིག་པ་པ་ཐེ་ལི་ཟེར་རྒྱུ་ཁོང་གིས་རིག་གནས་ཀྱི་སྡོམ་ཚིག་གམ་མཚན་ཉིད་དེ་གང་རེད་ཟེར་ན། རིག་གནས་ཞེས་པ་ནི་༼མིའི་རིགས་ཀྱི་འཚོ་བ་ལེགས་བཅོས་སུ་གཏོང་བྱེད་ཀྱི་༽རྙོག་གྲ་ཅན་གྱི་སྤྱི་ཞིག་སྟེ་དེའི་ནང་ལ་རྣམ་པ་སྣ་ཚོགས་པ་ཞིག་མ་གཏོགས་པ་གཅིག་གི་ཐོག་ལ་མཛུབ་མོ་འཛུགས་འཇོག་རྒྱུ་མེད་ས་དཔེར་ན་ཚད་མའི་ནང་དུ་ཚོགས་སྤྱི་འདྲ་བ་དེ་འདྲ་ཞིག་རེད་ཟེར། རིག་གནས་ཞེས་པ་ནི་རྙོག་གྲ་ཅན་གྱི་སྤྱི་ཞིག་སྟེ་དེའི་ནང་དུ་ཤེས་རིག་དང་རྒྱུ་རྩལ་དང་ཆོས་ལུགས་དང་། ཁྲིམས་ལུགས་དང་ཡུལ་སྲོལ་གོམས་གཤིས་དེ་ཚོ་ཐམས་ཅད་པོ་འདུས་ཀྱི་རེད་ཟེར། 
        དེ་ངོ་མ་བཤད་ན་བོད་ཀྱི་སྲོལ་རྒྱུན་རིག་པའམ་མཚན་ཉིད་རིག་པའི་ཐོག་ནས་བཤད་ན་དེ་མཚན་ཉིད་ཅིག་མ་རེད། དེ་རགས་རིམ་འདྲ་བོ་མཛུབ་མོ་རི་སྟོན་འདྲ་རེད་མ་གཏོགས་མཚན་ཉིད་ཅིག་མ་རེད།  རྗེས་མ་རྣམས་ཀྱིས་དེ་ལ་དགག་པ་བརྒྱབས་ནས་དེ་དང་དེའི་ནང་ནས་འགྲོ་བ་མི་རིགས་ཀྱི་འཚོ་བ་ལེགས་ཕྱོགས་སུ་སྒྱུར་བྱེད་ཀྱི་ཆ་རྐྱེན་ཟེར་ནས་ཁོང་གིས་དེ་ཟེར་ཡོད་རེད། རྗེས་མ་རྣམས་ཀྱིས། རིག་གནས་ཟེར་རྒྱུ་དེ་མིའི་རིགས་ཀྱི་འཚོ་བ་ལེགས་བཅོས་སུ་བྱེད་སྤྱད་རེད་ཟེར་ན་མི་འགྲིག་གི་ཟེར། མི་འགྲིག་པ་ཅི་རེད་ཟེར་ན་རྡུལ་ཕྲན་མཚོན་ཆ་དེ་རིག་གནས་ཡིན་པས་དེ་མིའི་རིགས་ཀྱི་འཚོ་བ་ལེགས་བཅོས་སུ་བྱེད་སྤྱད་རེད་ཟེར་ན་འགྲིག་མི་འདུག་ཟེར་ནས་དགག་པ་བརྒྱབས་ཏེ། ཡང་དེའི་ནང་དུ་ཡར་ལ་ཁ་མ་གཅིག་བཞག་ནས། དེ་འདྲ་མང་པོ་བྱས་ཏེ་རྙོག་གྲ་ཇེ་ཆེར་མངགས་ནས་ད་ལྟའི་བར་དུ་གཅིག་གྱུར་གྱི་འཛམ་བུ་གླིང་གི་མཁན་པ་རྣམས་ཀྱིས་དཔལ་འབྱོར་རིག་པ་པ་ཡིན་ནའང་རེད། ཁྲིམས་ལུགས་ཀྱི་སྒོ་ནས་ཡིན་ནའང་རེད། ཚན་རིག་གི་ཡིན་ནའང་རེད་གཞན་པ་མང་པོ་ཞིག་གིས་བཤད་པ་རེད་དེ།ཡིན་ནའང་གཅིག་གྱུར་གྱི་ཐོག་ནས་རིག་གནས་ཟེར་རྒྱུ་དེ་འདི་རེད་ཟེར་རྒྱུ་ཞིག་མ་བྱུང་བ་རེད།

       རིག་གནས་ཀྱི་ནང་ན་ཤེས་རིག་ཡོད། རིག་གནས་ཀྱི་ནང་ན་ཆོས་ལུགས་ཡོད། རིག་གནས་ཀྱི་ནང་ན་རྒྱུ་རྩལ་ཡོད། རིག་གནས་ཀྱི་ནང་ན་ཁྲིམས་ལུགས་ཡོད་ཐ་ན་ཡུལ་སྲོལ་གོམས་གཤིས་ཀྱང་རིག་གནས་ཡིན་ཟེར་ནས་བཤད་ཚུལ་དེ་འདྲ་མང་པོ་ཞིག་རེད། ཡིན་ནའང་བོད་ཀྱི་མཚན་ཉིད་རིག་པས་མཚན་ཉིད་འཇོག་ཚུལ་གྱི་དབང་དུ་བྱས་ན་རིག་གནས་ལ་ཇི་འདྲ་ཟེར་དགོས་སམ་ཟེར་ན། རང་གི་བསམ་ཚུལ་གྱི་དབང་དུ་བྱས་ན་སྔོན་མར་དར་ལག་ནས་དགེ་རྒན་རྣམས་འཚོག་པའི་སྐབས་སུའང་བཤད་ཡོད། རིག་གནས་ཀྱི་ངོ་བོ་དེ་ནི་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པའི་རང་གི་འདོད་པ་སྒྲུབ་བྱེད་ཀྱི་ཐབས་སམ་ཐབས་ལས་བྱུང་བའི་ཤེས་བྱ་དེ་རིག་གནས་ཟེར་དགོས་ས་རེད་བསམ་བྱུང་། དེ་ཟེར་དགོས་བྱེད་ཅི་རེད་ཟེར་ན། དང་པོ་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པའི་ཟེར་རེད། འཛམ་བུ་གླིང་འདི་ན་ཡོད་པའི་རིག་གནས་གང་དང་གང་ཞིག་ཡིན་ནའང་མིའི་རིགས་ཀྱིས་བསྐྲུན་པ་ཤ་སྟག་རེད། མིས་བསྐྲུན་པ་རེད་མ་གཏོགས་པ་ལྷ་ཡི་བསྐྲུན་ཟེར་བ་འདྲ་བཤད་སྲོལ་མང་པོ་ཡོད་རེད་དེ། ངོ་མའི་རིག་གནས་འདི་ཚོ་མིས་བསྐྲུན་པ་ཞིག་མ་གཏོགས་གཞན་པ་ཡོད་ཀྱི་མ་རེད། ཆོས་ལུགས་འདྲ་ཞིག་མཚོན་པ་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པ་མི་རེད་ཁོང་གིས་བསྐྲུན་པ་རེད། དེ་འདྲ་བ་ཞིག་ལ་རིག་གནས་གང་དང་གང་ཞིག་ཡིན་ན་ཐམས་ཅད་པོ་མིས་བསྐྲུན་པ་མ་གཏོགས་མི་འདུག དེས་ན་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པ་ཟེར། ཆ་རྐྱེན་གཅིག་རེད། གཉིས་པ་དེ་ནི་རང་གི་འདོད་པ་བསྒྲུབ་པའི་ཕྱིར་དུ་ཟེར། མིའི་རིགས་ཀྱི་འདོད་པ་བསྒྲུབ་པའི་ཕྱིར་དུ་ཟེར་རྒྱུ་དེ་རང་གི་འཚོ་བ་ཇེ་བཟང་ལ་བཏང་བའི་ངེས་པ་ཅི་ཡང་ཡོད་མ་རེད།

      སྤྱིར་བཏང་འདོད་པ་ལ་འདོད་པ་རྣམ་པ་སྣ་ཚོགས་པ་རེད། ཆོས་ཀྱི་ཐོག་ནས་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ཡང་འདོད་པ་སྒྲུབ་པ་རེད། འཇིག་རྟེན་གྱི་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་རེད། རིག་གནས་ཚད་གཞི་གོང་འཕེལ་ལ་གཏོང་རྒྱུ་འདི་ཚོ་ཡང་རང་གི་འདོད་པ་སྒྲུབ་པ་རེད། རྡུལ་ཕྲན་མཚོན་ཆ་བཟོས་ནས་དགྲ་ཕྱོགས་མེད་པར་གཏོང་བར་འདོད་ན་ཡང་རང་གི་འདོད་པ་སྒྲུབ་པ་རེད། དེའི་ཕྱིར་འདོད་པ་སྒྲུབ་པ་ཟེར་ན་འགྲིག་ཡོད་རེད་མ་གཏོགས་འཚོ་བ་ལེགས་བཅོས་སུ་གཏོང་བྱེད་ཟེར་ན་འགྲིག་དང་མི་འགྲིག་གི་བཤད་པ་མང་གི་རེད། ཐབས་སམ་ཟེར་རྒྱུ་དེ་རིག་གནས་གང་དང་གང་ཡིན་ན་ཐམས་ཅད་པོ་ཐབས་ཤེས་ཤ་སྟག་རེད། ཐབས་འདི་ཡོད་ན་བྱ་བ་འདི་སྒྲུབ་དགོས་ན་ལས་སླ་བོ་ཞིག་གིས་སྒྲུབ་ཐུབ་རྒྱུ་དང་ཐབས་ཤེས་འདི་མེད་ན་བྱ་བ་རྣམས་སྒྲུབ་མི་ཐུབ་རྒྱུ་དཔེར་ན་གསོ་བ་རིག་པ་ཡིན་ནའང་རེད། གཟོ་རིག་པ་ཡིན་ནའང་རེད། སྒྲ་རིག་པ་ཡིན་ནའང་རེད་གང་དང་གང་ཡིན་ནའང་ཐམས་ཅད་པོ་མི་རྣམས་ཀྱི་བྱ་བ་གང་རུང་ཞིག་ལེགས་འགྲུབ་ཡོང་བའི་ཐབས་ཤིག་རེད། དེའི་ཕྱིར་ཐབས་སམ་ཟེར།ཐབས་ལས་བྱུང་བ་ཟེར་རྒྱུ་འདི་ཡུལ་སྲོལ་གོམས་གཤིས་རེད། ཡུལ་སྲོལ་གོམས་གཤིས་འདི་ཚོ་ཁ་སང་དེ་རིང་རིག་གནས་ཀྱི་ནང་ལ་འཇོག་གི་ཡོད་རེད། དེའང་དེ་རིག་གནས་ཤིག་རེད་ཟེར།  ཤེས་བྱ་ཟེར་རྒྱུ་དེ་རིག་གནས་གང་དང་གང་ཡིན་ན་སྦྱངས་ནས་ཤེས་དགོས་པ་ཞིག་མ་གཏོགས་ཡོད་པ་མ་རེད། ཡུལ་སྲོལ་གོམས་གཤིས་ཀྱང་ཆེད་དུ་མ་སྦྱངས་ཀྱང་ངམ་ངམ་ཤུགས་ཀྱིས་ཤེས་ཡོང་བ་དེ་འདྲ་ཞིག་མ་རེད། བོད་ཀྱི་སྲོལ་རྒྱུན་རིག་པའི་དབང་དུ་བྱས་ན་དེང་རབས་ཀྱི་རིག་གནས་སམ་འཛམ་བུ་གླིང་གི་རིག་གནས་ངོས་འཛིན་ལུགས་ཀྱི་དབང་དུ་བྱས་ན་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་གྱི་འདུག  ཡིན་ནའང་མཐའ་གཅིག་ཏུ་དེ་འགྲིག་ཡོད་མེད་དགེ་རྒན་རྣམ་པས་བསམ་བློ་གཏོང་དགོས་ཀྱི་རེད།

       གང་ལྟར་ཡང་དེང་རབས་ཀྱི་གོ་བ་ལྟ་བུའི་དབང་དུ་བྱས་ནས་རིག་གནས་ཟེར་རྒྱུ་ཅི་འདྲ་ཞིག་རེད་ཟེར་ན། སྐད་ཆ་མང་པོ་བཤད་མི་དགོས་པ་མཚན་ཉིད་གཅིག་གི་ནང་ལ་རིག་གནས་དེ་འདུ་ཐབས་ཤིག་ཡོད་དགོས་རེད། ངས་བལྟས་ན་དེ་འདྲ་ཞིག་རེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2020/2/6
དེ་དེ་བཞིན་ནོ།།
 སྤེལ་མཁན: དགེ་རྩེ་ཆོས་དཔལ། སྤེལ་དུས:2018/3/3
འདི་རུ་ཕྲིས།
 སྤེལ་མཁན:  སྤེལ་དུས:2018/3/3
ཁྱེད་ནི་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། ང་ཚོའི་སྙིང་སྟོབས་ཀྱང་ཡིན། ཁྱེད་ཀྱི་བྱམས་བརྩེ་དང་ལྷག་བསམ་གྱིས། ང་ཚོར་འོད་སྣང་བཞིན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41128851
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1