མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༤༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༤༽
མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༤༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/9ལྟ་ཀློག (6875)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                      མཐའ་བ་བཀྲ་ཤིས་དོན་གྲུབ།

                                 མགར་རུས་མཆེད་ཁུངས་ཀྱི་དོགས་སློང་དང་ངེས་ཤེས།

དེ་ཡང་མགར་ཞེས་པ་ནི་བོད་གདོད་མའི་རུས་ཚན་ཞིག་ཡིན་པར་བསྙོན་དུ་མེད་ཀྱང་།  དེ་གོང་ལ་དེད་ནས་མཆེད་ཁུངས་འཚོལ་བར་སྔོན་བྱོན་དམ་པ་རྣམས་ཀྱིས་ལྷ་རིགས་སྒོ་ལས་ཆད་པ་དང་རུས་ཆེན་རྨུ་ལས་ཆད་པའི་འདོད་ཚུལ་མི་མཐུན་པ་རིགས་གཉིས་གླེང་ཡོད་པ་གོང་བཞིན་ལགས་པས།  དེ་དག་ལས་འདི་ནི་དག་པ་དང་དེ་ནི་མི་དག་ཅེས་ཁ་ཚོན་གཅོད་རྒྱུ་ནི་ཁོ་བོ་ལྟ་བུའི་ཕྲག་ལ་བབས་པ་མ་ཡིན་ལ་འབབ་ཀྱང་མི་སྲིད་མོད།  འོན་ཀྱང་མགར་རུས་སྒོ་ལས་ཆད་ཚུལ་སྐོར་ལ་ཐེ་ཚོམ་དང་དོགས་པ་ཁ་ཤས་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་བས།  དོགས་པ་ཙམ་སློང་ན་གནད་དོན་བརྡར་ཤ་གཅོད་པའི་རྒྱུ་རུ་ཨེ་འགྱུར་སྙམ་ནས་དོགས་སློང་འགོད་ཞར་དེ་ལས་ཐོབ་པའི་ངེས་ཤེས་ཕྲ་མོ་བརྗོད་པ་ལ། 

 དང་པོ།  ལྷ་རིགས་སྒོ་ཡི་འབྱུང་ཁུངས་དང་པོ་ལྟར་ན་ནང་འགལ་ཡོད་པར་སྙམ་པའི་དོགས་སློང་།  གོང་ནས་ཞིབ་ཏུ་དྲངས་ཟིན་པ་སྟེ། “དེ་ནས་རིགས་བཟང་བོ་རྣམས་ཀྱི་རང་ཤུགས་ཀྱིས་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡིལ་ལྷ་རྣམས་དྭངས་བ་ཆེན་པོས་མཆོད་པས།དེ་དག་རྣམས་ཞིང་བོ་ཟེར་ལ།  ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པར་ལྷ་རིགས་སྒོ་དང་།” ཞེས་པར་དབྱེ་ཞིབ་མདོར་ཙམ་བྱེད་པར། རྩ་བའི་ཆུས་ཆེན་བཞི་ལས་ཆོས་ལ་དད་ཅིང་ལས་རྣམས་བསྒྲུབ་པའི་རིགས་ལ་ལྷ་རིགས་སྒོ་ཞེས་རྩ་བའི་དམ་བཅར་ཁངས་བླངས་ན།  བསེ་ཁྱུང་སྦྲ་ཡང་ལྷ་རིགས་སྒོ་ཡིན་པར་ཁས་བླངས་པ་དང་བསེ་ཁྱུང་སྦྲ་ནི་བསེ་ཡི་ནང་གི་རིགས་བཟང་པོ་ཡིན་པའི་རྒྱུ་མཚན་འགོད་རྒྱུ་ཡོད་པའི་ཕྱིར།   ད་དུང་དེ་བཞིན་དུ་དམུ་ཚ་སྒ་ནི་དམུ་ཡི་ནང་གི་རིགས་བཟང་པོ་ཡིན་པ་དང་།   ཨ་སྤོ་ལྡོང་དང་ཨ་ཐང་འབྲུ་ནི་ལྡོང་དང་སྟོང་གི་རིགས་བཟང་པོ་ཡིན་པས་དེ་དག་ཚང་མ་ལྷ་རིགས་སྒོ་ཡིན་དགོས་པར་ཐལ།  དེ་ལྟར་ན་རུས་ཆེན་སྡེ་ལྔ་དང་ལྷ་རིགས་སྒོ་ཡིན་ཁྱབ་མཉམ་དུ་སོང་བས་རུས་ཚན་སྡེ་ལྔའི་དོད་དུ་ལྷ་རིགས་སྒོ་ཡིས་འཐུས་པའི་སྐྱོན་འབྱུང་ངེས།  གཞན་ཡང་།  རུས་མཛོད་དེ་ལས།  “རིགས་བཟང་པོ་རྣམས་འདི་ལྟར་ཡར་ཕུད་པའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་པ་གཉིས་སུ་བཅད་དེ།  དེ་གཉིས་ནི། དབའ་ཡི་ཚན་དང་།  ཟླ་ཡི་ཚན་དང་།  ཞེས་དམངས་སམ་ཚ་ཞིང་གི་གཉིས་སུ་གྱེས་”①ཞེས་གསུངས་ཡོད་པར་གཞིགས་ན། དབའ་དང་ཟླ་གཉིས་ནི་རུས་ཆེན་བཞི་ལས་ངན་པ་ཡིན་པ་དང་ལྷ་རིགས་སྒོ་ནི་རུས་ཆེན་བཞི་ལས་བཟང་པོ་ཡིན་པས་ན།   བཟང་པོ་དང་ངན་པར་འགྱུར་མི་སྲིད་པ་དང་ངན་པ་བཟང་པོར་འགྱུར་མི་སྲིད་པའི་རྟག་མཐར་ལྷུང་བའམ།  ཡང་ན་བཟང་པོ་ངན་དུ་སོང་བ་དང་ངན་པ་བཟང་པོར་གྱུར་རྗེས་རང་ཉིད་ཀྱི་རུས་ཀྱང་སྒོ་ནས་དབའ་དང་ཟླ་རུ་བསྒྱུར་རྒྱུའམ།  ཡང་ན་དབའ་དང་ཟླ་ནས་སྒོ་ལ་བསྒྱུར་དགོས་པས་གཏན་མིན་གཡོ་བའི་མཐའ་རུ་ལྷུང་སྲིད་པ་སོགས་འགལ་འདུ་མང་པོར་འཕྲད་བྱུང་བས་ལྷ་རིགས་སྒོ་ནི་རུས་ཆེན་སྡེ་ལྔའམ་རུས་ཆེན་བདུན་ལ་འདྲེན་འོས་སམ་མི་འོས་སྙམ་པའི་དོགས་གཞི་ཞིག་ཀྱང་སྐྱེས་བྱུང་།   ད་དུང་འདོད་པ་དེ་ལྟར་ན།  ལྷ་རིགས་སྒོ་དང་།  དབའ་དང་ཟླ་བཅས་ནི་ཕ་ལས་བརྒྱུད་པའི་རུས་ཀྱི་དབྱེ་བ་ཡིན་ཞེས་པ་ལས་ལས་ཀྱི་བཟང་ངན་འབྱེད་པའི་རིགས་ཀྱི་དབྱེ་བ་ཡིན་ཞེ་ན་རྣ་བར་བདེ་སྟེ།  སྒོ་དང་དབའ་དང་ཟླ་བཅས་རེ་རེར་རྩ་བའི་རུས་ཆེན་བཞི་བོ་འདུས་ཡོད་པའི་ཕྱིར་དང་།  བྱེ་བྲག་ཏུ་ཆད་དུས་སུའང་བསེ་རིགས་སྒོ་དང་།  བསེ་རིགས་དབའ།  བསེ་རིགས་ཟླ་ཞེས་དང་།  རྨུ་རིགས་སྒོ་དང་།  རྨུ་རིགས་དབའ།  རྨུ་རིགས་ཟླ་སོགས་ལྡོང་དང་སྟོང་ལ་དེ་ལྟར་རིགས་འགྲེ་ནས་དབྱེ་བ་འབྱེད་དགོས་ཏེ།   དེ་དག་རེ་རེ་ལ་བཟང་པོ་དང་ངན་པའི་རིགས་ཡོད་པ་སོགས་ཀྱིས་སྐྱོན་འབྱུང་བས་འདོད་པ་འདི་རིགས་ལ་ཐེ་ཚོམ་དང་དོགས་པ་མི་ཟ་ཐབས་མེད་དུ་གྱུར།  

གཉིས་པ། ལྷ་རིགས་སྒོ་ཡི་འབྱུང་ཁུངས་གཉིས་པ་ལྟར་ན་མགར་རུས་སྒོ་ལས་སྔའམ་སྙམ་པའི་དོགས་སློང་།  དེ་ཡང་གོང་ནས་ཞིབ་ཏུ་དྲངས་ཟིན་པ་སྟེ།  “ཁ་ཅིག་ཏུ་སྔ་ལྷ་མིའི་བར་གྱི་དམུ་ཐག་ཡོད་དུས་ལྷ་དེ་མི་ཉག་བཞག་བཀྲ་ལྷ་རྩེར་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་དུ་རིམ་པར་མི་བྱུང་བ་ལས།”ཞེས་སོགས་བརྗོད་འདོད་ཀྱི་དམིགས་ཡུལ་ནི་ལྷ་རིགས་སྒོ་ཡི་ཆེ་བ་ངོམ་ཆེད་དེ།  “སྒོ་རིགས་འཁྲུལ་མེད་དུ་འཁྲུངས་པའི་ཚོགས་རྣམས་ནི་ཡ་རབས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀུན་ལྡན་ལ། དེ་སྟེང་ཕོ་རྩལ་སྣ་དགུ་དང་ཡང་དགུ་འཛོམ་པ། ཁྱད་པར་དུ་བླ་མ་རྨས་ནི་བྱང་སེམས་དཔའི་བློ་ཚད་ལྡན་གྱི་རིགས་སྐྱེས་བུ་དམ་པ་བླ་མ་ལྷའི་རིགས་ཁོ་ན་ཡིན”② པའི་སྒྲུབ་བྱེད་དམ་རྒྱབ་རྟེན་བཙལ་བ་ཡིན་ལ། དེ་ཡང་རིགས་རུས་གཞན་དང་མི་རིགས་གཞན་པའི་ཁྲོད་ཀྱང་གཞན་ལས་རང་མཐོའི་གཟི་བརྗིད་ངོམ་ཕྱིར་མེས་པོའི་ཁུངས་སྟེང་མ་གནམ་ལས་ཆད་པར་འདོད་པ་མང་ལ་ཕལ་ཆེར་རྗེ་བོའི་རིགས་སུ་གཏོགས་ཏེ།   རང་རེའི་སྤུ་རྒྱལ་བཙན་པོའི་གདུང་རབས་པ་རྣམས་ཀྱིས་མེས་པོ་གནམ་ལྷ་ལས་མཆེད་པར་བརྗོད་པ་དང་།  རྒྱ་ནག་གོང་མ་དང་ལྗར་པན་རྒྱལ་པོས་ཀྱང་རང་ཉིད་ཀྱི་མེས་པོ་ལྷ་ལས་ཆད་པར་འདོད་པས་ལྷ་སྲས་སམ་གནམ་ལྷ་ཡི་རྒྱལ་པོ་ཞེས་འབོད་པའི་སྲོལ་མཆིས་པ་ལྟ་བུའོ།།  དེ་ལྟར་ནའང་འགལ་བ་མ་མཆིས་མོད།    འོན་ཀྱང་དྷུ་དང་སྒོ་དབྱེར་མེད་དུ་བསྟན་པ་ལས་རུས་ཁུངས་བརྗོད་པར་གཞིག་ན་མིང་ལ་དྷུ་དྷུ་ཐོགས་རྐྱེན་ནི་རྗེ་བཙུན་སྒྲོལ་མ་སྐུ་མདོག་སྔོན་པོ་ཅན་གྱི་འདྲ་སྐུ་ངོས་མ་ཟིན་པར་ལྷ་དྷུ་ཞེས་བརྗོད་པ་རྒྱུ་མཚན་དུ་བྱས་པ་ཡིན་ལ།  དེར་ཡང་བསྐྱར་བསམ་བློ་ཞིབ་ཏུ་བཏང་ན། རྗེ་བཙུན་སྒྲོལ་མ་ནི་སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བ་བོད་ལ་དར་བ་ནས་ཐོན་པའི་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་འཕགས་མ་ཞིག་ཡིན་པར་མ་ཟད།  འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་ཆབ་ལས་འཁྲུངས་པར་རྒྱུད་ལས་གསུངས་པ་ཡིན་པས།  སངས་རྒྱས་ཀྱི་བསྟན་པ་བོད་དུ་མ་དར་བའི་སྔ་རོལ་ཏུ་འཕགས་མ་སྒྲོལ་མ་ཞེས་བྱ་བའི་མཚན་ཙམ་བོད་བྱིངས་ན་མེད་ལ།  མགར་ཞེས་པའི་རུས་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་ནས་རུས་སུ་གྲུབ་འདུག་པ་ཏུན་ཧོང་ཡིག་ཚགས་སུ་སྣངབ་སྔར་དྲངས་ཟིན་པ་དེ་བཞིན་ཡིན་པས།  ལྷ་རིགས་སྒོའམ་དྷུ་ཡི་རུས་འདི་ནི་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་འ་ཞ་སོགས་གདུགས་གཅིག་གི་མངའ་ངོག་ཏུ་བཅུག་པའི་རྗེས་སུ་བྱུང་བའི་རུས་ཤིག་ཡིན་པར་སྙམ་པ་དང་།   གཞན་ཡང་།  གནས་ཡུལ་གྱི་ཐད་ནས་བཤད་ན།  རུས་མགར་ནི་ཟིང་པོ་རྗེའི་མངའ་ཁོངས་ཏེ་ཡར་ལུང་གཙང་པོའི་བྱང་རྒྱུད་དུ་ཡོད་པ་སྨོས་མེད་རེད་ལ།  སྒོའམ་དྷུ་རིགས་ནི།  “སྤྱིར་ནི་སྒང་དྲུག་དང་ཆུ་བཞི་ཟེར་བའི་ས་ཡི་ཆར།  བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ།  ཁྱད་པར་དུ་དྷུ་ཆུའི་རྒྱུད་འདིར་དྷུ་དྷུའི་རིགས་འདི་ཤིན་ཏུ་མང་ཕྱིར་རུས་མིང་ས་ཆ་རུ་ཐོགས་པའི་དྷུ་ཁོག་ཟེར་བ་ཡིན། ” ཞེས་གསུངས་པ་སོགས་ཀྱིས་རིགས་རུས་འདི་ནི་བར་ཁམས་ནས་མཆེད་པ་གསལ་པོར་བསྟན་པ་ཡིས་གནས་ཀྱི་ཆ་ནས་ཀྱང་ཕན་ཚུན་ལ་མཐུན་ཆོས་མེད་པས་ལྷ་རིགས་སྒོ་དང་མགར་གྱི་བར་དུ་ཐད་ཀར་འབྲེལ་བ་མེད་པར་སྙམ་བྱུང་།

གསུམ་པ།  ངེས་ཤེས་ཕྲན་བུ།  གོང་ནས་མགར་ནི་ལྷ་རིགས་སྒོ་ལས་མཆེད་པར་དོགས་སློང་ཁ་ཤས་བཀོད་པ་ཡིས་དབྱེ་བ་འབྱེད་པར་དཀའ་བའི་འགལ་འདུའི་ཕུང་བོ་མང་པོ་གསལ་པོར་མཐོང་བྱུང་བ་དང་།  ཡང་ལྡོང་ལས་མཆེད་པའི་རུས་ཚན་བཅོ་བརྒྱད་དང་།  རྨུ་ལས་མཆེད་པའི་རུས་ཚན་བརྒྱད།  སྟོང་ལས་མཆེད་པའི་རྗེ་ཞིབ་ཁོལ་བརྒྱད་བཅས་བཅུ་གཉིས།  སེ་ལས་མཆེད་པ་བཞི་བཅས་བསྡོམས་པའི་རུས་ཚན་ཞེ་གཉིས་སུའང་ལྷ་རིགས་སྒོ་ཡི་མིང་ཙམ་མེད་པར་གཞིགས་ན།  ལྷ་རིགས་སྒོ་ནི་གོང་རིམ་རུས་ཚན་དེ་དག་གི་ཕྱིས་སུ་བྱུང་བའི་རུས་ཚན་ཆུང་གྲས་ཤིག་ཡིན་སྲིད་པ་དང་།  དེ་དང་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གི་རུས་ཡི་མགར་གྱི་བར་དུ་དངོས་བརྒྱུད་ཀྱི་འབྲེལ་བ་མེད་པ་ར་སྤྲད་དོ།།

དེ་ནསདོན་དམ་པར་མགར་གྱི་མཆེད་ཁུངས་གང་ཡིན་ཞེ་ན།  རྨུ་ལས་མཆེད་པར་བརྗོད་དགོས་ལ།   དེ་ལྟར་ན་ལུང་རིགས་ཀྱི་གནོད་བྱེད་མེད་པར་མ་ཟད།   འཇིག་རྟེན་འཕེལ་འགྱུར་གྱི་ཆོས་ཉིད་དང་གཞུང་ལུགས་ཀྱི་རིགས་ལམ་ལ་མཐུན་ཏེ།   རྨུ་ནི་བོད་ཀྱི་རྩ་བའི་རུས་ཚན་བཞིའི་ཡ་གྱལ་ཡིན་པས་བྱུང་རིམ་ཐད་ནས་ཀྱང་ཤིན་ཏུ་སྔ་བར་གོར་མ་ཆག་པ་དང་།  མགར་ནི་ནམ་བྱུང་གི་དུས་རབས་གསལ་པོ་ཤེས་དཀའ་ཡང་།  ད་དཡོད་ཀྱི་ཁུངས་ཡིག་ཚང་རྣམས་གཞིར་བཟུང་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་གྲུབ་ཟིན་པ་གསལ་པོར་ཤེས་ཐུབ་པས།   མགར་ནི་བོད་ཀྱི་ལོ་རྒྱུས་སུ་ཤིན་ཏུ་སྔ་མོའི་དུས་ནས་བྱུང་བ་ཡིན་པར་ར་སྤྲད་ཕྱིར་དུས་རབས་ཀྱི་ཆ་ནས་མཐུན་ཆོས་རྙེད་པ་དང་།  བོད་མིའི་འབྱུང་ཁུངས་ཡར་ལུང་ཡིན་པར་ལོ་རྒྱུས་དེབ་ཐེར་རྣམས་ཁ་མཐུན་པས་རྩ་བའི་རུས་ཆེན་བཞི་ཡི་མཆེད་ཁུངས་ནི་ཡར་ལུང་ཡིན་པ་དང་།   སྐབས་དེར་མགར་གྱི་རུས་རྒྱུད་འཚོ་སའི་གནས་གཞི་གཙོ་བོ་ནི་ཡར་ལུང་གཙང་པོའི་བྱང་རྒྱུད་ཡུལ་ངས་པོ་ཡིན་ཕྱིར་གནས་ཡུལ་གྱི་ཆ་ནས་ཀྱང་མཐུན་ཆོས་རྙེད་པ་བཅས་ཀྱིས་མགར་རུས་རྨུ་ལས་མཆེད་པ་ནི་ཡང་དག་པའི་གཏམ་དུ་གྲུབ་ལ།   ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱིས་ཀྱང་། “བོད་ཀྱི་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་ནི།  རྨུའི་རིགས་ལ་ཀོ་ལེབ་ཕྲ་བརྒྱད་ཅེས་པའི་ནང་ཚན་མགར་དང་དཀར་དང་སྨོན་དང་གསུམ་ཞེས་པའི་མགར་ལས་འཁྲུངས་པར་སེམས།”③ཞེས་གསུངས་པ་ནི་ལོ་རྒྱུས་དེབ་ཐེབ་ལ་གཟིགས་རྒྱ་ཡངས་པའི་ཁྱད་ཆོས་སོ།།

 སྨྲས་པ།

    རུས་རྒྱུད་ལྷ་རུ་འཇོག་པའི་ལས་སླ་ཡང་།།

   རང་རྒྱུད་བདེན་པས་བཅིངས་རྒྱུ་ཤིན་ཏུ་དཀའ།།

    ལྷ་བབ་རུས་ལ་ཆགས་པའི་ངལ་བ་ལས།།

    གླེན་པ་བདེན་དོན་ཅན་ལ་བསྟོད་པར་རིགས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཤད་པའོ།།

① གྱི་ལུང་བཀྲ་ཤིས་རྒྱ་མཚོ་སོགས།   བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༩༢ .༣  ༣—༤

②གྱི་ལུང་བཀྲ་ཤིས་རྒྱ་མཚོ་སོགས།   བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༩༢ .༣  ༡༥

③ཀིརྟི་ཆིན་པོ་ཆེ་བློ་བཟང་བསྟན་འཛིན།  གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་།[M]འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་།  ༢༠༠༣    ༡༦༨

                                                                                                        <<དཔའ་བོའི་བཞུད་ལས>>ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྟ་མགྲིན། སྤེལ་དུས:2015/6/16
བོད་ལ་མགར་སྟོང་བཙན་ཡུལ་བཟུང་ལྟ་བའི་མཛད་འཕྲིན་ཅན་མང་པོ་སྐྱེས་པར་ཤོག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42048330
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1