•སྤྲང་ཀོག•གི་བཏུས་རྩོམ་ཁག་གཉིས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »•སྤྲང་ཀོག•གི་བཏུས་རྩོམ་ཁག་གཉིས་པ།
•སྤྲང་ཀོག•གི་བཏུས་རྩོམ་ཁག་གཉིས་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/10ལྟ་ཀློག (2957)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

      སྟོན་པ་སངས་རྒྱས།

             རྨོག་སངས་རྒྱས་རྒྱ་མཚོ།  མཚོ་ཤར།
                       -༡ -
སྒྱུ་མའི་ཉི་གྲིབ་སྤྲིན་པའི་གསེང་དུ་འཐིམས།།
ཆོས་ཉིད་རོལ་མོ་དཀྲོལ་བའི་རུས་པ་ཡིས།།
ཀྱལ་ཀའི་དོ་ཧ་མིན་པའི་གསུང་སྒྲ་ཞིག།
ཐོག་རྫིས་མ་བྱས་རང་ནས་དགའ་བ་ལགས།།
              -༢ -
སེམས་ཀྱི་འཕར་སྒྲ་དུས་ཚོད་ཀློང་དུ་འཆོལ།།
རྣམ་ཤེས་དཀྲོག་པའི་སྙན་ངག་ལྕམ་སྣེར་བཏེགས།།
སྔོན་ཆད་རས་ཆོག་ཀློང་གི་སྐྱེས་བུ་ཞིག།
མཁའ་དབུགས་གསར་བའི་ནང་དུ་ཡེར་ནས་སྣང་།
               -༣ -
སེམས་སྣད་བྱས་པའི་ཚོར་བའི་གང་ལ་བཟེད།།
སོད་རྟིང་ཐུག་པའི་ང་ཉིད་འདྲ་བ་དག།
གཡུ་ཡི་མེ་ལོང་ངོས་སུ་གཟིགས་པ་ན།།
སྟོང་ཉིད་ཟློས་གར་བྱས་པ་གང་ནས་གཡོགས།།
                -༤ -
ཆུ་ཕྲན་སྟེང་ལ་མུ་ཏིག་དམར་ཆུང་ཕབ།།
སྲེད་པའི་འཁོར་བར་དོ་མ་བསྡོ་བའི་ཁྱེད།།
ན་བུན་འཁྱུགས་པའི་དབྱིངས་དང་ས་གཞིའི་ཁྱོན།།
དམ་པ་ཏོག་དཀར་ཞེས་དེ་སྒོམ་དགོས་འདོད།།
                -༥ -
ཞལ་རིས་འཛུམ་ཀོང་ཟླ་བའི་དཀྱིལ་འཁོར་ཉིད།།
སྲིད་ཞི་ཀུན་གྱི་མཁས་རྒུའི་སྙིང་ནོར་དེ།།
བདག་མེད་ཕྲ་མོ་རང་ཏུ་བསྲེགས་ཟིན་པས།།
ལེགས་ཚོགས་ཀུན་གྱི་འབྱུང་གནས་ཁྱེད་ལ་འདུད།
               -༦ -
བསྲི་ཡིས་བསླུས་པའི་རྣོ་ཐུང་ང་ཉིད་དེ།།
ཕོ་བྲང་ནག་པོ་ཞིག་གི་ནང་དུ་ལྷུང་།།
རས་སུ་མ་བོར་ཀོ་ལོང་མ་བསྡམ་པའི།།
སླར་ཡང་སྐུད་པ་དཀར་པོས་ང་ཉིད་སྐྱོབས།།
               -༧ -
བརླང་ཚིག་སྡོམ་པོས་གང་ཞིག་གནོད་པ་སྟེར།།
འདུ་འཛི་དཀྱིལ་ལ་འཐེན་ཀྱང་དཀའ་ཐུབ་བྲལ།།
སོན་བཏུམས་རྩི་ཤིང་མང་པའི་དྲི་བསུང་འཐིལ།།
སྔར་བཞིན་དྭངས་གཙང་ངོགས་སུ་ལྡེམ་བཞིན་མཆིས།།
                        -༨ -
སྤྱོ་བས་བསྡིགས་པ་མ་བྱས་མ་བརྟོལ་ཅིང་།།
རང་ནས་མཐོ་འཚམ་བ་དེ་མ་བྱས་ཤིང་།།
ཁྱེད་ཀྱིས་གཡར་དམ་བཙན་པོའི་འཐག་པ་དེར།།
ཡུ་ཡང་མི་བྲ་ཞེས་ནས་འཇུ་བར་འདོད།།
              -༩ -
ལྷགས་རླུང་ཆེ་བའི་མུན་པའི་གྲོང་ཐང་དེར།།
ཡིད་གཅུགས་རོལ་བའི་སྣང་བ་ཀུན་མཐུན་ཞིང་།།
ཁ་ཆིས་བྱས་པའི་བཞུད་སྟངས་མཁྱེན་གྱུར་བའི།།
ཡིད་ཀྱི་འཁྲི་ཤིང་སྟེང་གི་ཁྱེད་ཉིད་མཆོད།།
                      -༡༠ -
ལེགས་བྱས་སྒྱུ་མའི་འཕྲུལ་དེ་སྣང་གྱུར་ཅིང་།།
མིག་སེར་གཡོ་བའི་འཛུམ་དེ་སྟོན་བཞིན་པའི།།
སྒྱུ་མའི་གྲོང་ཁྱེར་འགྲིམ་པའི་ང་ཉིད་ལ།།
དགོད་པའི་པདྨའི་གསེང་ནས་བཅུད་ཅིག་གནོངས།།
                         -༡༡ -
སྣ་མའི་མེ་ཏོག་དྲི་བསུང་བརྫིས་པའི་ཁྱེད།།
བརྡམ་གཤོགས་བྱས་དེ་རིང་ནས་རིང་དུ་བཞུད།།
རྨུགས་པ་ཁྱོན་གྱིས་འཐིལ་བའི་ཀློང་གི་ང་།།
ལང་ཤེར་བྱས་པའི་སྣང་བ་གང་ནས་གཅོད།།
               -༡༢ -
གསེར་གྱི་ཐེམ་སྐོས་སྒྱུ་མའི་ཚོགས་སུ་བཞེངས།།
ལྗོན་པའི་འདབ་ལོའི་སྟེང་ལ་རང་གེར་བབས།།
བསིལ་ལྡན་མཁའ་ལམ་རྒྱུ་བའི་བརྟན་སྐར་ཁྱེད།།
སླུང་ཙང་བྱེད་པའི་གཞི་ནས་བཞུགས་རོགས་མཛོད།།
               -༡༣ -
ཆོས་ཀུན་སྒྲིབ་བྲལ་ལྷ་ལམ་ཡངས་པའི་བར།།
མཁའ་གླང་དྭངས་ཤེལ་རྭ་བས་བསྐོར་བ་དང་།།
བདེ་འཐུང་འཁྱུགས་པའི་རོལ་རྩེད་སྡིངས་ཀ་ན།།
ཁྱེད་སྐུ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲ།།
               -༡༤ -
དབྱར་སྐྱེས་རྔ་སྒྲ་གྲགས་པའི་ཆོ་འཕྲུལ་ངོགས།།
ལྕེ་འབབ་རྔམ་བརྗིད་བྲག་རིས་སྟེང་ལ་འཕངས།།
རྡོ་ཆར་ལྷུང་བའི་དྭངས་གཙང་གཡུ་གྲོང་དེ།།
གདུལ་བྱའི་གྲུ་ཆར་འཐུ་བའི་ཁམས་ཉིད་དོ།།
               -༡༥ -
སྣང་བྱེད་འབུམ་གྱི་གཟི་འོད་རབ་འཕྲོས་ཤིང་།།
དཀར་ཕྱོགས་དུས་ཀྱི་དྭངས་གཙང་མེ་ལོང་ངོར།།
ཟས་གཙང་སྲས་པོ་ཟེར་བའི་གང་ཟག་འདིས།།
དྲོད་འབེམས་དྲི་བྲལ་ཡངས་མོའི་ལམ་ཞིག་བསྩལ།།
                          -༡༦ -
བརྩེ་ཆེན་ཐུགས་བསྐྱེད་ཆེན་མོའི་ས་བོན་ནི།།
གཞན་ཕན་ས་གཤིན་དྭངས་གཙང་སྟེང་ལ་འཐོར།།
རྫོགས་པའི་སངས་རྒྱས་མི་ཡི་རྣམ་རོལ་པ།།
གཡོ་མེད་བརྩེ་སེམས་དྭངས་མས་ཁྱེད་ཉིད་དད།།
              -༡༧ -
ལོག་རྟོག་མུན་པའི་དྲ་བ་རབ་བཅད་ཅིང་།།
སྙིང་རྗེ་ཟུང་གི་མེ་ཏོག་ཡོལ་བ་ཕྱེས།།
བྱེ་མ་དཀར་པོའི་རི་རྒྱུད་འདེད་པ་དེ།།
གསེར་གྱི་གྲུ་གཟིངས་བཀྲུགས་པའི་རྒྱལ་སྲས་ཤིག།
               -༡༨ -
ཟླ་བའི་རྨི་ལམ་དཀྲོགས་པའི་རོལ་ཆ་ཡི།།
རྟེན་འབྱུང་སྒྱུ་མའི་སྣང་བ་ཀུན་སེལ་ཅིང་།།
ཆོས་ཀྱི་བདུད་རྩིའི་ངལ་བ་རབ་འཐིལ་བའི།།
འོག་མིན་ཁོ་ནར་བཞུགས་པའི་རྣམ་གྲོལ་བ།།
             -༡༩ -
ཀུན་མཁྱེན་སྟོན་པའི་ས་ལམ་བགྲོད་ཅིང་ཕན།།
རྨི་ལམ་ཞིག་གི་ཡོལ་བ་ཕྱེས་ཤིང་སྣང་།།
རྟོག་པའི་བསྟན་དང་ལུང་གི་བསྟན་པ་ལ།།
སུ་ཡང་དད་དེ་ནོར་གྱི་མཆོག་ལ་བཟུང་།།
             -༢༠ -
མེ་ཟླུམ་དམར་པོའི་ནང་གི་གུར་ཁང་ན།།
ཀུན་ཕན་གཏེར་གྱི་བང་མཛོད་མང་དུ་བརྩིགས།།
སེམས་ཀྱི་ཕྱི་ནང་དྭངས་པའི་མགྲོན་པོ་ལ།།
སྦྲང་ཆར་འབབ་ནས་བསུ་བའི་རྟེན་འབྲེལ་འགྲིག།
                              ༢༠༡༤ ༧ ༢༠ བྲིས་པ་དགེ་ལེགས་འཕེལ།


    ཟླ་གཅིག་གི་ཕྱི་ནང་མཚམས།
                             •རྨོག་སངས་རྒྱས།•  
  སེམས་ཀྱི་རེ་བཞག་ལུས་ཀྱི་རྟེན་ས་དེ་རིང་རྒྱང་ནས་རྒྱང་ལ་བཞུད།།
  ཟླ་བ་འདི་ག་མཐུན་སྣང་བྱུང་ཡང་དེ་རིང་སོ་སོར་བྲལ་དགོས་བྱུང་།།
  ད་ནི་སོ་སོའི་ལུང་བར་བརྒྱུད་དེ་ཅང་ཤེས་རྟ་འདྲར་བཅིབ་ནས་སོང་།།
  བཙན་གྱིས་དེད་པའི་འུ་གཉིས་རྨི་ལམ་འདི་ལྟར་རང་ནས་སད་དགོས་སོ།།

  སྙིང་རྗེ་དབང་གིས་ཁྱེད་དང་ང་གཉིས་གོ་ལའི་གནས་ནས་ལྷན་དུ་འཛོམས།།
  སེམས་དང་སྨོན་ལམ་ཡག་པོའི་མཐུ་ལས་ཁྲ་ཆུང་མིག་ཟུང་ཁྱེད་ལ་གཏད།།
  ཉིན་དང་ཞག་གི་ཕྱི་ནང་མཚམས་ནས་ཁྱེད་ཀྱི་ཞལ་རས་ཡིད་ལ་སྒོམ།།
  རོ་དང་བྲལ་བའི་སེམས་པ་འདི་ལ་སྡུག་བསྔལ་འབུམ་གྱི་ན་ཟུག་ལྕི།།

  ཞེ་འདོད་སྐད་ཆ་ཁྱེད་ལ་མ་སྨྲས་སྨྲ་བའི་སྙིང་སྟོབས་ང་ལ་མེད།།
  འཕྲིན་གྱི་སྐུད་པའི་བར་གསེང་རེ་ནས་ང་ཡིས་སྐད་ཆ་ཤོར་ཀྱང་རུང་།།
  དེ་ནི་དངོས་མཇལ་མིན་པའི་ཤུགས་མཇལ་དེ་ག་དགའ་བོ་དེ་ཙམ་མེད།།
  དེ་ནི་རྨི་ལམ་འདྲ་བའི་སྐད་ཅིག་ཆ་ལས་འགྱུར་ལྡོག་ཆེ་ཤས་སོ།།

  ཆུ་རིས་ཙམ་འདྲའི་དྭངས་ཤིང་གསལ་ལ་ཡིད་དུ་འོང་བའི་ཟླ་བ་འདྲ།།
  སྨིན་ལེགས་རང་བྱོན་ཟབ་ཅིང་སྟུག་པས་སུ་ཡིས་ཚོགས་ལ་མྱ་ངན་སྟེར།།
  འདྲེན་བྱེད་ལྷག་མ་ཁྱེད་ཀྱི་རྣོ་ཁའི་འོད་ཀྱི་མདངས་ལས་ང་ཉིད་དྲངས།།
  གྲིབ་མའི་གཡོ་འགུལ་ང་ཡི་སྟེང་ལ་ཁྱབ་ཅིང་ཁྱབ་ལ་ཟིན་ཀྱང་སྐོར།།

2014 09 1ཆབ་ཆ་ནས་ཤར་མར་སྦྱར།

 དུས་བཞིའི་རླུང་རྟ་བསྐྱོད་པ།
             {དབྱར་ཁ} 
སྦྲང་ཆར་སིལ་མ་ཟིམ་ཟིམ་འབབ་ནས།།
རི་དང་བྲག་གིས་སྨུག་པ་གྱོན་ཞིང་།།
རྩྭ་དང་མེ་ཏོག་དྲི་བསུང་འཐིལ་ཏེ།།
དྲི་ལ་སྣུམ་ནས་དབྱར་ལྗོངས་མཁྱེན་པ།།
               
ཆུ་བོ་ཤག་ཤག་ཆོས་དབྱངས་ལྷང་ལྷང་།།
འདབ་ཆགས་དག་གི་སྣང་བ་སྐྱིད་པ།།
དྲོད་འཇམ་ལུས་རྟེན་བདེ་ཞིང་སྐྱིད་པ།།
དབྱར་ལྗོངས་ཟེར་ནས་མིག་ཆུ་འདོན་པ།།
                
སྤྲིན་དཀར་ལོང་ལོང་མཁའ་ནས་རྒྱུ་སྟེ།།
ནམ་མཁའི་ནོར་བུའི་འོད་ཐིག་བརྒྱབ་པ།།
སྣང་བ་འབུམ་གྱི་ཟེགས་མ་རེ་རེས།།
བདེ་བའི་བདེ་བ་ངང་གིས་བསྩལ་བ།།
                
རླན་སྐྱེས་དག་གིས་ལྟུང་བྱེད་གཡོ་བ།།
ཚང་ཚིང་བྱེའུས་ཀུ་ཅོ་སྒྲོག་པ།།
སྐྱེས་རྣམས་ལ་སོགས་ལྗངས་ཤིང་ཡག་པ།།
དབྱར་གྱི་སྙིང་པོ་དགའ་ཞིང་མོས་པ།།
                
རྒྱུ་སྐར་ལམ་ནི་དྭངས་ཤིང་གཙང་དེ།།
ཚ་ཟེར་དཀར་པོའི་དབྱིབས་ནི་མཛེས་པ།།
གློ་བུར་དབྱར་སྐྱེས་རྔ་སྒྲ་གྲགས་ནས།།
ལྕེ་འབབ་ལ་སོགས་ཏོག་ཙམ་འཕངས་པ།།
                
ཆུ་མཁྲེགས་གཤེད་མའི་ལང་ཚོ་ཕབ་སྟེ།།
རྩྭ་ལྡུམ་དག་གི་མགོ་ལྕོག་བཅད་པ།།
སྤྲིན་གྱི་མེ་ཏོག་ཡང་ཡང་གཏོར་ནས།།
ས་སྒང་བསེད་པའི་མེ་ལོང་གཙང་ངོ་།།
                
མཚན་མོའི་ཀུ་མུད་གཉེན་གྱི་དྭངས་ཤ།།
ཡིད་འོང་མཛེས་ཤིང་ཞེ་ལ་སིམས་པ།།
སྒེའུ་ཁུང་འགྲམ་གྱི་སྣང་བ་བུན་བུན།།
ཁྱེད་ཀྱིས་ལང་ཚོས་རབ་ཏུ་སེལ་བ།།
                
མཁའ་དབྱིངས་དེ་ནས་སྐར་མདའ་ཡོམ་ཡོམ།།
རྒྱ་ཕུབས་སྟེང་གི་དྲིལ་ཆུང་སིལ་སིལ།།
རྨི་ལམ་ནང་གི་རོལ་དབྱངས་དཀར་པོ།།
དཀྲོལ་གྱིན་དཀྲིལ་གྱིན་རྣ་བར་སྙན་པ།།
             
བརྩེ་སེམས་དྭངས་མའི་རླུང་རྟ་སྤུར་དེ།།
ལམ་བུ་དཀར་པོའི་ཡོལ་བ་ཕྱེས་ཤིང་།།
མདུན་དང་རྒྱབ་ཀྱི་དཔུང་བ་སྤྲེལ་ནས།།
མི་ཚེ་འདི་ནི་ཏོག་ཙམ་བཀླགས་པ།།
              ༢༠༡༤ ༧ ༢༦ ཉིན་བྲིས་པ་དགེ་ལེགས་འཕེལ།

    [སྟོན་ཁ]
                    རྨོག་སངས་རྒྱས།
མཐོང་སྣང་ལྗང་ཁུའི་ཡོལ་ཕྱེས་ནས།།
སྟོན་གྱི་བདག་མོའི་དབུ་སྐྲ་བསེད་ཞིང་།།
ལོ་མ་སེར་པོའི་ཁྲི་ཡི་སྟེང་ལ།།
ལུས་སྨོན་བཅོལ་ནས་མི་ཚེ་བསུས་པ།།

མཁའ་དབུགས་ཅུང་ཟད་བསིལ་ཅིང་འཇམ་པ།།
ས་གཞིའི་ཁ་དོག་བསྒྱུར་ནས་མཛེས་པ།།
སེར་ཞིང་ཡིད་དུ་འོང་བའི་སེར་མདོག།།
སྣང་བ་གསར་བའི་ཐེམ་སྐས་མིན་འགྲོ།།

ཁྲུང་ཁྲུང་བརྒྱ་ཕྲག་སྟོང་ཕྲག་དག་ནི།
ལྷ་ལམ་ཡངས་མོའི་དྭངས་གཙང་ངོས་སུ།།
གཅིག་ནི་འཐུད་དེ་གཉིས་ལ་འདྲེས་ནས།།
ཀུ་སེལ་ངོས་སུ་རི་མོ་བྱོན་པ།།

ཨེ་མ་ཉམས་ལྡན་སྒེག་པའི་དུས་འདིར།།
ཁ་ཆར་འདྲེས་མའི་འཇིག་རྟེན་ཡིན་ཞིང་།།
འདོད་ཡོན་ཚོགས་ཀྱི་མཆོད་ཕྲེང་བསྒྲིགས་ནས།།
མི་ཚེའི་རིང་མོར་ལམ་ཞིག་བསྐོས་འདོད།།

དུང་གི་སྒྲ་དབྱངས་ལྷང་ལྷང་སྙན་ནས།།
བདེ་བའི་ཚོར་བ་སིམ་སིམ་སྤྲད་དེ།།
ཐོག་རེག་བྲལ་བའི་ཨ་སྔོན་དབྱིངས་ཀྱི།།
བཅོ་ལྔའི་དུང་ཟླ་དཀར་པོ་དྲན་བྱུང་།།

བརྩེ་བ་དང་ནི་དྲན་གདུང་ལ་སོགས།།
སྟོན་ཟླའི་ཁྲོད་ཀྱི་ངུ་འབོད་ཡིམ་ཞིང་།།
དྭངས་གཙང་སེམས་ཀྱི་མེ་ལོང་ངོས་སུ།།
བརྩེ་བའི་ཆོ་འཕྲུལ་གར་ལ་བསྒྱུར་འདོད།།

གསེར་གྱི་ཐིག་ལེ་དབང་ཞིག་བསྒྱུར་ཏེ།།
གཡུ་འབྲུག་སྐད་སྒྲར་མྱ་ངན་བྱིན་ཞིང་།།
རྒུད་པའི་དབྱར་གྱི་མིག་ཆུས་ཐིགས་པ།།
ཨ་སྔོན་དབྱིངས་ནས་ས་གཞིར་སིམ་སོང་།།

གསོམ་དཀར་བཞོ་ཟེའུ་ནང་གི་འོ་མ།།
དཀར་ཞིང་སོབ་སོབ་ལུས་ལ་མངར་ཡང་།།
དབྱར་གྱི་བདག་མོའི་ལག་ཟུང་སྤྲེལ་ཏེ།།
འོ་མའི་དྲི་བསུང་བསྣམས་ནས་ཡལ་བྱུང་།།

ཕུགས་བསམ་ཞེས་དེར་མི་ཚེའི་བསྐྱོད་ཅིང་།།
ཕྱི་མིག་འཕངས་པའི་སྟོན་ཟླའི་ཉམས་སྣང་།།
ཡོད་ཚད་སེར་ལང་ལོང་གིས་དེད་དེ།།
དུས་ཚིགས་འདི་ག་ཕེབས་སྐྱེལ་གནང་སོང་།།

འཆི་བའི་བརྡ་ནི་བྲང་ཁར་འབྱར་ཞིང་།།
རྒུད་པའི་ལུས་ལ་རྣོ་སྐུད་འཐེན་ཡང་།།
མགྲིན་པ་འགུལ་བའི་སྣང་བ་ཡོད་ན།།
དུས་འདིའི་རླུང་རྟ་ཡར་སྤུར་འདོད།།
                 ༢༠༡༤ ༠༧ ༢༦ ཉིན་བྲིས་པ་དགེ་ལེགས་འཕེལ།

ཟླ་བ ཟླ་བ།

        རྨོག་སངས་རྒྱས།
 [1]

ལྷིང་འཇགས་དང་རྨི་ལམ་གྱི་ཁམས་ན་འཚོ་བའི།
སྙིང་རྗེ་ནི་རྡེའུ་འབུམ་བཞིན་བརྩིགས་པའི།
བརྩེ་བ་དང་སྨག་རུམ་གྱི་གསེང་དུ་ལྷུང་བའི།
གྲིབ་མ་དང་གཡོ་འགུལ་ཆེན་པོ་མེད་པའི་ཁྱོད།
ད་ནི་ངའི་སྒེའུ་ཁུང་གི་ནང་རོལ་དུ་ཡོང་སྟེ།
རོལ་དབྱངས་ཀྱི་ལེའུ་ཞིག་བརྩམས།
ངས་ཁྱེད་ལ་དམིགས་བསལ་གྱི་བཀའ་དྲིན་ཞུ།
ཟླ་བ་ལགས། ཟླ་བ།

[2]

གྲང་རླུང་ནི་འུར་འུར་ལྡིང་བཞིན་པ་ཐོས་སོ།
མེ་ཏོག་དང་རྩྭི་ཤིང་གི་མགོ་ལྕོག་ཡང་ལྡེམ་མོ།
སིལ་སིལ་གྲག་པའི་དྲིལ་བུའི་སྒྲ་ཞིག
ངའི་རྣ་བའི་དབང་བོ་དང་ཐག་ཇེ་ཉེ།
ད་དུང་ཇེ་ཉེ་ནས་ཇེ་ཉེ།
དེ་ནི་སུ་ཞིག་གི་འོད་ལ་བརྟེན་དེ་ཡོད་བ་ལགས།
མཚན་མོ་ཡིན་པས་ཟླ་བ་ཡིན་ནམ།
རེད་དེ། ཟླ་བ་རེད།
ངས་མཆོད་ཆང་དང་པོ་དེ་ཡང་ཁྱེད་ལ་འབུལ།
ཟླ་བ་ལགས།  ཟླ་བ།

[3]

ཆར་བ་སམ་སིམ་གྱིས་ཤེལ་སྒོ་ངོས་སུ་བབས།
གློག་ཞགས་འཁྱུགས་ཤིང་སྤྲིན་ནག་འཐིབས།
སྐར་མ་ནི་གཡོགས་ཤིང་སྨུག་པ་ནི་ས་གཞིར་འདྲེས།
ཆུ་ཕྲན་དང་ཆུ་རྡུལ་ཏག་ནི་ངའི་གམ་ལ་རིབ།
གློ་བུར་ཏུ་སྤྲིན་ནག་གི་ཡོལ་བ་ཕྱེས།
ཚང་མལ་ལ་འཁྱུགས་བཞིན་པའི་དྲོད་ཅིག་དང་འདྲ་སྟེ།
ངའི་འཚོ་བའི་མེ་ལོང་དྭངས་པོར་བྱས།
དེ་ནི་མཁའ་དབྱིངས་ཀྱི་བཀའ་སྟེ།
ང་ལ་གནང་བའི་འོད་དཀར་ཞིག་རེད།
ཟླ་བ་ལགས།  ཟླ་བ།

ཁྱོད།

        རྨོག་སངས་རྒྱས། རང་མོས།

ངའི་ས་གཞིའི་ཁྱོན་དང་།
ངའི་ཚོར་བའི་གསེབ་འདིར།
ཁྱོད་ཁོ་ནས་དབང་བསྒྱུར།
ང་ལ་“རང་དབང”ཞེས་པའི་ཐ་སྙད་འདི།
དངོས་གནས་མི་འདུག
འཇིག་རྟེན་གྱི་གོམ་སྒྲའི་གསན་བྱ།
མི་ཡུལ་གྱི་བདེ་སྐྱིད་ཁྲ་ཁྲ།
དབེན་གནས་ཀྱི་ལྷིང་འཇགས་བན་བུན།
ཁྱོད་ཀྱིས་ཁྱེར་ཞིང་ཁྱོད་ཀྱིས་དཀྲོགས།
     “ཁྱོད”
དུས་གཏན་དུ་དོར་ཐབས་བྲལ།

སྐལ་བ་བརྒྱ་ཕྲག་ལ་བསགས་པའི་ཕུང་བོར།
ཁྱེད་ཀྱི་ཕྱི་ནང་གི་ཆོ་འཕྲུལ་ལྡིང་ཞིང་།
ཉོན་མོངས་ཆ་མེད་འདྲ་བའི་ཁྱོད།
བར་ཐག་རིང་བོ་ཞིག་གིས་མ་ཟིན་པར།
དུས་ཚོད་དང་མི་བསྟུན་པར།
ངའི་འཚོ་བའི་མེ་ལོང་ངེས་མ་ཟིན་པར།
སེན་མོང་གིས་བྲང་ཁར་བརྡར་བ་འདྲའི།
ངས་སེམས་ལ་ཙག་སྒྲ་དང་ཙག་སྒྲས་བཀང་།
སྡུག་བསྔལ་ཉལ་ཉུལ་གྱིས་འཁྲིད་དེ་འོང་།
རྨི་ལམ་ཁྲ་ཁྲ་ཞིག་གི་རྒྱབ་ལྗོངས་སུ།
      “ཁྱོད”
དུས་གཏན་དུ་དོར་ཐབས་བྲལ།
2014. 8. 8   ཆབ་ཆ།

མིང་ལ་སངས་རྒྱས་རྒྱ་མཚོ་ཟེར།  ཕ་ཡུལ་མཚོ་སྔོན་པོ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་ཤེས་ཞང་རྨོག་རུ་སྡེ་བའི་ཡིན། ཆུང་དུས་ནས་ཕ་མ་ཟུང་གི་བཀའ་དྲིན་ལས་སློབ་ཆུང་ནི་ཆབ་ཆ་ནས་མཐར་ཕྱིན།  རང་ལོ་བཅུ་བཞིའི་སྟེང་རབ་ཏུ་བྱུང་ནས་མདོ་སྨད་དྷཱི་ཚ་ དགོན་དུ་ཆས། ད་ཆ་དྷཱི་ཚ་དགོན་ཆེན་ན་སློབ་གཉེར་བྱེད་བཞིན་མཆིས་སོ། །


རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་དང་བོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41563852
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1