སྤྱི་ལོ་ ༢༠༡༤ བོད་ཟླ་ ༨ ཚེས་
༡༣ ཉིན་ལབ་དགོན་དུ་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས།
ལབ་དགོན་པའི་མཁན་པོ་དང་དགེ་བཤེས་རྣམ་པ། ལས་སྣེ་རྣམ་པ། དགེ་འདུན་པ་རྣམ་པ།
མ་ཟད་སྡེ་བ་སོ་སོའི་འགོ་ཁྲིད་རྣམ་པ།
མང་མ་རྣམ་པ་ཚང་མ་དེ་རིང་འདི་ན་ཕེབས་ཏེ་འཛོམས་ཡོད་པ་རེད།
ལབ་དགོན་མཁན་རིན་པོ་ཆེ་གཙོས་དགོན་གཞུང་གིས་ཡང་ཡང་བསྐུལ་བའི་ཐུགས་འདོད་དང་བསྟུན།
བདག་གིས་ཞུ་འདོད་པའི་བརྗོད་བྱ་མཐའ་དག་དོན་ཚན་བཞིའི་ནང་དུ་བསྡུས་ནས་ཞུ་དགོས་བསམ་ཡང་།
བརྗོད་བྱེད་ཀྱི་ཚིག་ལ་སྙན་དངགས་ཀྱི་རྒྱུན་དང་།
བརྗོད་བྱའི་དོན་ལའང་གྲ་སྒྲིག་གང་ཡང་མེད་པས།
དེའི་སྟབས་ཀྱིས་ཁྱེད་རྣམ་པ་ཚོ་ཐུགས་ཡིད་ཚིམ་པ་ཞིག་ཞུ་ཡས་མེད་པ་དེ་ལ་ཐོག་མར་ནས་དགོངས་དག་ཞུ།
ཕྲན་རང་ཉིད་ལབ་དགོན་དུ་ཕྱིན་ནས་མི་ལོ་ལྔ་ཡས་མས་ཤིག་རེད།
དེ་ནས་དུས་ད་ལྟའི་བར་ལབ་དགོན་དུ་ནང་ཤེས་ཡོན་གྱི་ཕྱོགས་ཡིན་ན་འདྲ།
ཕྱིའི་སྤྱོད་ལམ་གྱི་ཆ་ནས་ཡིན་ན་འདྲ་ཡར་རྒྱས་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་ཡིན་པས་ཧ་ཅང་དགའ་པོ་བྱུང་།
ལྷག་པར་དུ་ལབ་སྡེ་དགོན་གཉིས་ཀྱི་མཐུན་སྒྲིལ་ནི།
ཡུལ་ཕྱོགས་གཞན་ལ་མེད་པས་ནོར་བུ་རིན་པོ་ཆེ་བྱེ་བྲག་པ་ཞིག་རེད་བསམ་གྱིན་འདུག
ད་རུང་མུ་མཐུད་དུ་ཡིད་ཆེས་ཡོད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བརྗོད་གཞི་དང་བོ་ནི།
དེ་ཡང་།
དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱི་འདུལ་བ་བསྟོད་པ་ལས། ཇི་ལྟར་ས་ནི་སྐྱེ་རྒུ་རྣམས་ཀྱི་གཞི། །དེ་ལས་འབྲས་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའམ་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཞེས་གསུངས་པར་ལྟར།
རང་ཅག་རྣམས་ཀྱིས་ཀྱང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་བཟུང་ནས་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་པ་ཡིན་ན་བསོད་ནམས་རླབས་ཆེན་པོ་འབྱུང་ཡས་ཡོད་དེ།
དཔེར་ན།
རྩེ་ཤིང་ལོ་ཐོག་རྣམས་གང་ལ་བརྟེན་པའི་ས་གཞི་ལ་གཅེས་སྤྲས་ཡག་པོ་བྱེད་པ་ཡིན་ན།
འབྲས་བུ་ལོ་ཏོག་ཡག་པོ་ཞིག་བྱུང་ཡས་ཡོད་པ་བཞིན་རེད་འདུག
སྤྱིར་བཏང་དགོན་པ་མང་བོ་ཞིག་གི་ནང་ན་སྡེ་སྣོད་གསུམ་ལ་སློབ་གཉེར་བྱ་རྒྱུ་ཡོད་པ་ཤིན་ཏུ་དཀོན།
དེ་བས་ཀྱང་རང་རྒྱུད་ཀྱི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་བོ་ཆེ་འདི་ཚུལ་བཞིན་དུ་སྲུང་བར་གཞི་བཞག་ནས་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་པ་ཤིན་ཏུ་དཀོན།
ལབ་དགོན་པ་ལ་མཚོན་ན། བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས།
དེང་སང་ཚུལ་ཁྲིམས་སྲུང་སྟངས་དང་སློབ་གཉེར་བྱེད་སྟངས་སོགས། མདོར་ན།
ལྟ་སྤྱོད་གཉིས་ཀའི་ཐད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེའི་ཁྲོད་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་ཡོད།
ལབ་དགོན་དུ་དཔེ་ཆ་མི་ཤེས་མཁན་རབ་བྱུང་བ་རྣམས་ཀྱིས་ཀྱང་དགེ་བའི་བཤེས་གཉེན་རེའི་མདུན་ནས་བློ་སྐྱེད་རེ་ཨེ་ལེན་དང་།
ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་བཟུང་ནས་དེའི་སྟེང་ལ་ཤེས་བྱ་ཡོན་ཏན་སྣ་རེ་སྐྱེད་པའི་ཐབས་སློབ་སྦྱོང་ཚུལ་བཞིན་དུ་བྱེད་བཞིན་པ་དེ་ལ་རྗེས་སུ་ཡིད་རངས་བྱེད་རྒྱུ་ཡིན།
གཞུང་ཆེན་མོར་སློབ་སྦྱོང་ཚུལ་བཞིན་དུ་བྱེད་མཁན་ཞིག་ཡིན་ཕྱིན་ཆད་བདེན་བཞིའི་བླང་དོར་ལ་གོ་བ་ཡག་པོ་ཆགས་ཐུབ་ཀྱི་རེད།
བདེན་བཞི་བསྟན་པར་ལྟར་མི་སླུ་བར་ངེད་ཅག་གི་དངོས་སྟོབས་རིག་པས་གྲུབ་ཀྱང་།
ལས་འབྲས་ཕྲ་མོ་ལྟ་བུའི་ཤིན་ལྐོག་གི་རིགས་རྗེས་དཔག་ཚད་མ་ལ་བརྟེན་དགོས་པ་ཡིན་ཏེ།
སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས།
གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པ་དང་། རྒྱལ་ཀུན་མཁྱེན་པའི་རང་གཟུགས་མཉམ་མེད་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས།
ལམ་འདི་ཉིད་ཀྱིས་གསུང་གཞན་ཡང་། །ཚད་མར་གྱུར་པར་ངེས་པ་སྐྱེ།
།ཞེས་རྟེན་འབྱུང་གསུང་བའི་ལམ་འདི་ཉིད་ཀྱིས་སངས་རྒྱས་ཀྱི་གསུང་གཞན་ཡང་མི་སླུ་བ་ཡིན་པར་ངེས་པ་སྐྱེ་གསུང་འདུག
དངོས་གནས་དྲང་གནས་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་གིས།
སངས་རྒྱས་ཀྱི་གསུང་གི་བརྗོད་བྱའི་དོན་ལ་མི་སླུ་བ་ཡིན་པར་རྟོགས་ན།
སྟོན་པ་པོ་སངས་རྒྱས་བཅོམ་ལྡན་འདས་མི་སླུ་བ་ཡིན་པར་རིགས་པའི་ལམ་ནས་འགྲུབ་རྒྱུ་རེད།
ངེད་ཅག་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ལ་ཡིད་ཆེས་བྱ་དགོས་མ་གཏོགས།
དེང་སང་སྐད་ཆ་རིགས་འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པས་ངེད་ཅག་གིས་རང་ཚུགས་འཚོ་དགོས།
མདོར་ན།
རབ་བྱུང་བ་ཞིག་ཡིན་ཕྱིན་ཆད་མ་འོངས་པར་མུ་མཐུད་དུ་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་།
ལུང་སྡེ་སྣོད་གསུམ་ལ་འཆད་ཉན་ཚུལ་བཞིན་དུ་བྱ་རྒྱུ་ནི།
ཕྲན་གྱིས་འབོད་སྐུལ་གཙོ་བོ་ཡིན།
གཉིས་པ་ནི།
དེང་སང་ལབ་དགོན་དུ་གྲྭ་རྒྱན་གང་མང་ཞིག་གིས་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁྱེད་རྣམ་པ་ཚོ་ཡིན་ནའང་ལོ་དང་ཟླ་བ་ཆ་རེ་ཙམ་མིན་པར་ཡུན་རིང་བཞུགས་ཏེ་སློབ་སྦྱོང་བྱེད་པ་ཡིན་ན།
རིས་སུ་མ་ཆད་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་ལའང་ཕན་ཐོགས་ཏན་ཏན་ཡོད་རེད།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད། གསུང་པ་བཞིན།
རང་རང་གི་ཤེས་ཡོན་དང་། འཇོན་ཐང་། ནུས་པ་གསུམ་གྱིས་བོད་རང་གི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཡོང་གི་རེད།
སྤྱིར་བཏང་གྲྭ་རྒྱུན་ཞེས་པ་ནི།
སློབ་གཉེར་བྱེད་པ་ལ་ཆ་རྐྱེན་ཚང་བའི་ཁོག་ཡུག་ཅིག་ལ་གྲྭ་ས་དང་།
ཡུལ་ཕྱོགས་གཞན་ནས་ཕེབས་ཤིང་།
ཡུལ་དེར་མཁས་པ་རྣམས་ཡིད་སྨོན་སྐྱེས་སའི་སློབ་གཉེར་བ་དག་ལ་གྲྭ་རྒྱུན་ཟེར་བ་རེད།
ངེད་ཅག་ཚང་མའི་བྱ་བ་གཙོ་བོ་ནི་སློབ་གཉེར་དང་། ཚུལ་ཁྲིམས་སྲུང་ཡས་དེ་ཡིན་ཡང་།
དེང་སང་ཐག་རིང་ནས་ཕེབས་པའི་གྲྭ་རྒྱུན་མང་བོ་ཞིག་ལོ་དང་ཟླ་བ་ཆ་རེ་མ་གཏོགས་བཞུགས་ཀྱིན་མི་འདུག
ལོ་དང་ཟླ་བ་ཆ་རེའི་ནང་སློབ་སྦྱོང་བྱས་ནའང་ཤེས་ཡོན་ཡར་རྒྱས་འགྲོ་ཐུབ་ཁག་པོ་རེད།
རྣམ་པ་ཚོ་རྒྱུན་རིང་ཞིག་བཞུགས་ཏེ་སློབ་སྦྱོང་བྱེད་ན། མཇུག་འབྲས་ཡག་པོ་ཡོད་ཀྱི་རེད།
སངས་རྒྱས་ཀྱི་བསྟན་པ་དང་། རང་ཡུལ་གྱི་དགོན་པ་དག་ལ་ཕན་ཐོགས་ཏན་ཏན་ཡོང་གི་རེད།
མདོར་ན།
གྲྭ་རྒྱུན་རྣམས་རྒྱུན་རིང་ཞིག་བཞུགས་ཏེ་སློབ་སྦྱོང་ཚུལ་བཞིན་དུ་བྱེད་པ་དང་།
གཞུང་གྲྭ་ཡིན་ནའང་མ་འོངས་དགོན་པའི་བདག་པོ་དང་འཇམ་མགོན་བླ་མའི་བསྟན་པ་དར་རྒྱས་ཁྱེད་རྣམས་ལ་རག་ལས་པས་སློབ་སྦྱོང་ཚུལ་བཞིན་དུ་བྱེད་པར་འབོད་སྐུལ་ཞུ་རྒྱུ་ཡིན།
གསུམ་པ་ནི།
ལབ་སྡེ་དགོན་གཉིས་ཀྱི་མཐུན་སྒྲིལ་ནི།
ཡུལ་ཕྱོགས་གཞན་ལ་མེད་པས་བོད་རང་ལ་དགོས་གལ་ཆེ་བའི་ནོར་བུ་རིན་པོ་ཆེ་བྱེ་བྲག་པ་ཞིག་རེད་བསམ་ནས་ནམ་རྒྱུན་སེམས་ལ་དྲན་བཞིན་ཡོད།
དེ་ཡང་གཙོ་བོ་བླ་བ་བསོད་ནམས་རྩེ་མོ་དང་། ལབ་སྐྱབས་མགོན་རིན་པོ་ཆེ།
མཁའ་ལྡིང་རིན་པོ་ཆེ་སོགས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ལས་དུས་ད་ལྟར་བླ་སློབ་ཀུན་བསམ་པ་གཅིག་མཐུན་གྱིས་བསྟན་འགྲོ་ལ་ཞབས་འདེགས་ཞུ་བཞིན་ཡོད།
ད་རུང་མུ་མཐུད་དུ། དེ་དེ་བཞིན་དུ་གནས་ཀྱི་ཡོད་ཆེས་ཡོད་ལ་རེ་བ་དང་སྨོན་ལམ་ཡོད།
བཞི་པ་ནི།
ཕྲན་རང་ཉིད་སྟོང་སྐོར་དགོན་དུ་འགྲོ་ལ་ཉེ་བའི་སྐབས་ཡིན་པས།
རང་ཡུལ་དུ་མཚན་ཉིད་དང་། རིག་གནས།
ལྷག་པར་དུ་ཆོས་འདུལ་བའི་བཅས་ཁྲིམས་སོགས་མི་ཉམས་གོང་འཕེལ།
ཉམས་པ་སླ་གསོལ་བྱེད་ཕྱོགས་ལ་དགེ་འདུན་དམངས་ཀྱི་མདུན་དུ་སྨོན་ལམ་ཐེངས་ཤིག་འདེབས་ཀྱི་གོ་སྐབས་ལྡན་པ་དེ་ནི།
རང་གི་ངོས་ནས་བསོད་ནམས་ཆེན་པོ་ཞིག་རེད་བསམ་གྱིན་ཡོད། མདོར་ན།
ངེད་ཅག་གིས་སྟོང་སྐོར་དགོན་དུ་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་།
ཡང་དགོས་འཇམ་མགོན་བླ་མའི་བསྟན་པ་འདི་ལ་ཞབས་འདེགས་རེ་ཞུ་ཨེ་ཐུབ་བལྟ་རྒྱུ་ཡིན་པས།
དགེ་འདུན་སྡེ་རྣམས་ཡར་ངོས་ཟླ་བཞིན་འཕེལ། །ཀུན་ཀྱང་མང་ཐོས་ཚུལ་བཞིན་སྒྲུབ་ལ་བརྩོན། ། ཞེས་གསུངས་པ་བཞིན།
ཁྱེད་དགེ་འདུན་དམངས་ཀྱིས་ཐུགས་སྨོན་གནང་བར་མཛོད། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཟིན་བྲིས་འདི་ནི་ཉིན་འགའ་ཤས་ཀྱི་སྔོན་ལ་འགོད་འཆར་ཡོད་ཀྱང་འགོད་པ་པོ་བློ་སྦྱིན་རང་ལ་བྱ་བ་གཞན་ཞིག་གིས་ཁོམ་ལོང་མ་བྱུང་།
གཟའ་འཁོར་དུ་མའི་རིང་ཁོང་གི་སློབ་མ་སྐྱ་སེར་གང་མང་ཞིག་གིས་དགའ་བཞིན་སྤྲོ་བཞིན་དམ་པ་ཁོང་གི་གསུང་བཤད་ལ་སློབ་སྦྱོང་བྱས་པ་གོ་ཐོས་བྱུང་བས།
དེ་རིང་སྤྱི་ལོ་ ༢༠༡༤ ༡༠ ༢༤
ཉིན་རང་གི་སེམས་ལ་འཆར་བ་ཇི་བཞིན་ཟིན་བྲིས་ཕབ་ཀྱང་ཚིག་སྔར་ཕྱི་ཅུང་ཟད་མ་འགྲིག་པ་དང་ཆད་ལྷག་རེ་ཡོད་ན་དགོངས་དག་ཞུ།
སྤུན་ཟླ་ཀུན་ལ་ཚེ་རིང་ནད་མེད་བྱ་བ་ལམ་འགྲོ་ཡོང་བ་དང་།
བློ་གསལ་གཞོན་སྐྱེས་རྣམས་ལ་ཕན་ཐོགས་པར་སྨོན་ལམ་དང་བཅས་བཀའ་སློབ་ཀྱི་དོན་མཐའ་དག་བསྡུས་ནས་བྲིས་པ་ཡིན།
འཕྲིན་འགོད་པ་བློ་སྦྱིན།