རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་གསུམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་གསུམ་པ།
རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་གསུམ་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/11/13ལྟ་ཀློག (3448)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ གྱེས་བྲལ།
རི་བོ་འདི་ལ་རྒྱབ་གཟུགས་བསྟན་ཏེ།།
ཞེན་ཆགས་གྲོགས་ཀྱི་དབྱངས་རྟ་བོར་ནས།།
རྣམ་ཤེས་བོར་བའི་ཕུང་བོ་འདི་གས།།
གཞན་ཡུལ་འགྲིམ་པའི་སྣང་བ་བསྒྲིགས་པས།།
སྣང་བའི་བརྩེ་འདང་ཡུལ་ལ་ཤོར་ནས།།
སེམས་ཀྱི་སྒོ་གླེགས་ཕྱེས་པའི་མཚམས་སུ།།
སྡུག་གི་སྨྲེ་ངག་རབ་རིབ་དེ་ག།།
ཡིད་ཀྱི་གྲུ་གཟིངས་ནང་དུ་དེད་དེ།།
དྲན་འཛིན་གནས་འདིས་དཀྱིལ་འཁོར་བར་ལ།།
སེམས་ཀྱི་མིག་ཆུའི་ཐིགས་པ་ལྷུང་ཡོད།།
གྱེས་ཁའི་འུར་ཟིང་སྙིང་ཁར་བསླངས་ནས།།
བྲང་གཞུང་ཡོམ་ཡོམ་བྱེད་བཞིན་བྲལ་སོང་།།
རྐང་ལམ་དེད་དེ་ཕྱི་མིག་འཕེན་བཞིན།།
ཚོར་བ་ཟ་ཟིའི་རྣམ་འགྱུར་བཟུང་ནས།།
གནས་འདིས་ཁ་དོག་གཞན་ལ་བསྒྱུར་ཏེ།།
ལ་ཁའི་ཉི་མ་ཕྱོགས་བཞིན་བུད་སོང་།།
དབྱར་གྱི་མེ་ཏོག་རློན་ཤ་རྫོགས་སྐབས།།
ལུས་སེམས་ཧྲིལ་བོར་ཨ་ཐང་ཆད་ཀྱང་།།
བརྩེ་བའི་མིག་གིས་ཟུར་མིག་སྒོམ་བཞིན།།
སྣང་བའི་དྲོད་ཁོལ་ཡོད་བཞིན་བྲལ་སོང་།།


༈ སྣང་བ་བན་བུན།

འཛུམ་ཞལ་དཀར་པོ་འོ་སྤྲིའི་ངང་ཅན་སུ་ཡིས་མིག་ཟུང་ཀེམ་ཀེམ་གཏད།།
གཡས་འཁྱིལ་དུང་གི་སྒྲ་དབྱངས་སྙན་མོར་སུ་ཡིས་རྣ་བ་ཅོར་ཅོར་གཏད།།
ལུས་ཀྱི་འཇོ་སྒེག་ཡག་པོའི་མཐུ་བྱིན་སུ་ཡིས་སེམས་པ་ཡང་ཡང་གཏད།།
རང་གཤིས་མདའ་མོའི་དྲང་ཤ་དེ་ལ་སུ་ཡིས་སྙིང་ཆུང་ལྷོག་ལྷོག་ལྡིང་།།
              
གསེར་གྱི་མེ་ལོང་བདེན་པའི་ནང་དུ་ཁྱེད་ཉིད་ཕྱི་གསལ་ནང་གསལ་ཤར།།
དྭངས་པའི་མཚོ་ལ་ངང་མོ་བཞིན་དུ་གཞན་གྱི་ཡིད་དབང་ཁྱེད་ལ་ཤོར།།
བརྩེ་ཞེན་དཀར་པོའི་རྨུ་ཐག་རིང་རྒྱུན་ང་ཡི་མདུན་དུ་ཡོད་ཀྱང་རུང་།།
སྐྱེས་བོ་མང་པོའི་འཚང་ཀ་ཤིག་ཤིག་ང་ནི་གཞན་གྱིས་གཞན་ལ་དེད།།
            
རི་རྒྱུད་ལྷུན་པོའི་ཡང་རྩེར་འཛེག་སྟེ་ཀི་རིང་གཅིག་གིས་སེམས་ངལ་གསོས།།
རྨ་རྒྱུན་རིང་མོའི་རླབས་ཕྲེང་རེ་ལ་བརྩེ་འཕྲིན་སེམས་ཀྱི་ངང་ཚུལ་བསྐུར།།
ཕྱི་དབེན་ནང་དབེན་གྲྭ་ཤག་ཆུང་ཆུང་གཞན་གྱིས་བལྟས་ན་ཡིད་སྐྱོ་ཡང་།།
ང་ཡི་སེམས་འདུལ་སྨན་གྱི་རོ་བཅུད་འདི་ཉིད་ལས་གཞན་གང་ན་མཆིས།།
          
ཞེན་ཆགས་སེམས་ཀྱི་སྡུག་བསྔལ་གླེང་ན་ཉིན་ནས་མཚན་ལ་གླེང་མི་ཚར།།
སྐྱོ་བ་རིང་མོའི་ལན་ཕྲན་ཞུགས་དུས་ལུས་ཀྱི་ཁུར་བོའི་ན་ཟུག་ལྕི།།
གསང་བའི་རྒྱ་ཆེན་གཞན་གྱིས་ཤེས་དུས་སེམས་ཀྱི་སྣང་བ་སྨུག་པ་བཞིན།།
ནམ་མཁའི་དབྱིངས་དང་ས་གཞིའི་ཁྱོན་ལ་རབ་རིབ་དང་བཅས་འཐིབས་པར་གྱུར།།

བརྩེ་བ་ཟེར་བའི་ཐ་སྙད་བཀླགས་དུས་དྲན་པ་ཟེར་བ་སྙིང་ན་འདར།།
གྲོགས་པོ་ཟེར་བའི་འདང་བརྩེ་དྲན་ན་མིག་ཆུ་ཟེར་བ་མཁུར་མགོར་ལྷུང་།།
བཀའ་དྲིན་ཟེར་བའི་གཏིང་རིམ་ཉུལ་ན་ཕ་མ་ཟེར་བ་ཡེར་ནས་སྣང་།།
སྣང་བ་བན་བུན་དཀྲིགས་པའི་སྣང་བ་ཞིབ་ཏུ་སྣང་ན་སྡུག་བསྔལ་ཞིག།།
                2014 09 10ཉིན་བྲིས།


༈ གསང་བ།

སྟོང་ལྷང་ལྷང་གི་གནམ་སའི་འདྲེས་མཚམས་ཀྱི་བར་སྣང་དེ་ནས།
ཁ་རོག་གེར། མིག་ཆུ་ཤབ་ཤུབ་ཀྱིས།
ངའི་དྭངས་གཙང་གི་གསང་བའི་སྒོ་མོ་འབྱེད་དེ།
ཁྱེད་ཀྱི་རྣ་བའི་འགྲམ་ལ་སྨྲེང་སྐྱོ་དང་བཅས་ཏེ་བཤད་པའི་གསང་བ་དག
ད་ནི་བསེར་བུ་བཞིན།
མི་གཅིག་མ་ཡིན་པར། 
མི་བརྒྱ་མ་ཡིན་པར།
མི་ཁྲི་ཕྲག་གི་ཁ་སྒོ་ན་གླེང་གིན་གདའ།
གསང་བ། དུས་དེ་ནས་བཟུང་།
ངས་ཁྱོད་ལ་བཟུང་བའི་ལྟ་ཚུལ་ནི།
ཧ་ཅང་གཟབ་ནན་ཡིན་ཏེ།
འཇམ་ཅག་གེར།
འུ་གཉིས་ཀྱིས་འཇིག་རྟེན་ཁོ་ནར།
ཕྱི་གསལ་ནང་གསལ་གྱི་གཏམ་རྒྱུད་མ་རེག་པར།
དཀར་ནག་གི་སོ་མཚམས་མ་སྣང་བར།
ངས་ཁྱོད་ཆ་མེད་ཅིག་གི་འཇིག་རྟེན་དེ་ལ།
གཏན་ནས་འཁྲིད་མི་སྲིད།
གསང་བ།
2014 09 14ཉིན་བྲིས།


༈ རི་ཁྲོད་པ།

རི་ཁྲོད་པ།
འཇིག་རྟེན་དང་གཉེན་ཉེ་ཡི་བར་ཐག་བཅད་ཅིང་།
སྐྱོ་སྡུག་དང་འདོད་བློ་ཡི་གཏམ་རྒྱུད་མེད་པར།
ལས་སྐལ་གྱི་རི་གྲོང་ཞིག་ནས།
སྟོང་ཉིད་ཀྱི་ལྟ་བ་སྒོམ་ཡོད།
རི་ཁྲོད་པ།
འཁྲེང་སེམས་དང་ངོ་བསྟོད་ལ་མི་དགའ་བར།
ལྷག་བསམ་དང་མཛེས་སྡུག་གི་སེམས་ཚོར་གྱིས།
རྩྭ་ཟིལ་གྱི་ཐིགས་པའི་རྩེ་ན།
ལྷིང་འཇགས་ཀྱི་མ་ཎི་བཟློ།
རི་ཁྲོད་པ།
དྲིལ་བུ་དང་རྡོ་རྗེ་ཡི་ཕྱག་རྒྱ་བསྣབས་ཏེ།
དབེན་འཇེབས་ཀྱི་སྣང་བ་ཟ་ཟི།
རང་དབང་དང་ཞི་བདེ་ལ་བསྒྱུར་ཏེ།
ངེས་འབྱུང་གི་བྱང་སེམས་སྐྱེས་ཡོད།
2014 07 04ཉིན་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ནས།


༈ ཕ་མ་ལགས། ངའི་སྒྲོན་མེ།

ང་ས་གཞི་འདིར་བསླེབས་མ་ཐག
ངའི་འཇིག་རྟེན་གྱི་སྒྲོན་མེ་རྐང་གཉིས།
ང་ཁོ་ནའི་སྟེང་དུ་འཕྲོས།
སེམས་ཀྱི་ཟབ་སར་ལྷུང་ཞིང་།
རེ་བའི་མདུན་མར་བཅུག་པའི།
བྱམས་དང་བརྩེ་བའི་ལག་ཟུང་གིས་ཉུལ་ཞིང་།
ངའི་གདོང་ལ་རས་དཀར་པོ་གྱོན་མཁན།
ཁྱེད་ཁོ་ན་ལས་མ་མཆིས།
དེའི་ཕྱིར།
ངའི་ཕ་མ་ཉིད། ངའི་སྒྲོན་མེ་ཡིན།

ང་ཁྱེད་དང་གྱེས་སྐབས་དེར།
མིག་ཆུ་དང་འདྲེས་མའི་ངུ་ངག་གིས།
སེམས་གཏམ་མང་པོ་ཞིག་གླེང་།
དེ་ནི་མི་ཚེ་འདིའི་དྲང་བདེན་ཡིན་ལ།
བྱམས་སེམས་ཀྱི་ཡང་རྩེའང་ཡིན།
བསམ་གྱིན་བསམ་གྱིན།
ངས་སྒྲོན་མེ་ཡི་འོད་མདངས་དྲན་བཞིན།
ང་སྨོན་པ་དང་ཡིད་ཆེས་ཀྱི་དག་ཞིང་དེར་འཁྲིད།
འདི་ལྟར།
ངས་དྲན་བཞིན་པ་ཁྱོད་ཁོ་ན་ཡིན་ལ།
ངས་གླེང་བཞིན་པ་ཡང་ཁྱོད་ཁོ་ན་ཡིན།
ངའི་ས་ཆེན་གྱི་སྒྲོན་མེ་རྐང་གཉིས།
སྐུ་ཚེ་རབ་ཏུ་བརྟན།
   2014. 09. 27.རྒྱང་རིང་དྷཱི་ཚ་ནས།


༈ ང་ཡི་བླ་མ་ཙོང་ཁ་པ།

       སྤྲང་ཀོག མཚོ་ཤར།

ཐུབ་པའི་བསྟན་ལ་མཛེས་རྒྱན་ཨུཏྤལ་འདྲ།།
རྟེན་འབྱུང་གཏམ་གྱིས་འགྲོ་བ་འདྲེན་མཛད་ཅིང་།།
རབ་མཛེས་གངས་ཀྱི་ར་བའི་གནས་ཡུལ་དུ།།
དོན་གྱི་སྟོན་པའི་ཆོས་ཚུལ་ཇི་སྙེད་གསུངས།།

ཚེ་གཅིག་འདམ་རྫབ་རྙོག་པ་ཁྲོམ་པའི་ཆུར།།
ཞེན་པ་མ་ལྡོག་རང་སེམས་དྭངས་མོས་བརྒལ།།
ལྟ་སྤྱོད་བདེན་པས་བཏེགས་པའི་སྣང་བ་འདིས།།
མཐའ་བྲལ་གདུལ་བྱའི་འོད་ཟེར་གླིང་བཞིར་འཕྲོས།།

མཁྱེན་བརྩེ་མངོན་པར་ཡངས་པའི་དགའ་ཚལ་ལ།།
དུས་མཐའི་སྐད་ཅིག་མ་འདྲའི་ཚེ་གཅིག་ལ།།
རྫོགས་ཆེན་ལྟ་བ་རྣམ་དག་འཆད་གྱུར་བའི།།
རྒྱལ་བ་གཉིས་པའི་ཞབས་རྡུལ་གཙུག་གིས་གུས།།

ཤེས་བྱ་ཀུན་གཟིགས་མང་ཐོས་ཉམས་སུ་བླངས།།
ཟབ་དོན་དབུ་མའི་ལྟ་བ་ལེགས་སྤྲོས་ཤིང་།།
སྤྲིན་གྱི་རོལ་མོའི་གདངས་ཀྱི་དཀྱིལ་འཁོར་དུ།།
གྲགས་སྙན་ཆེན་པོའི་མཛད་པ་སྙིང་དུ་དད།།

སྟོང་ཉིད་ལྟ་དང་དེ་མཚུངས་སྔགས་ཀྱི་ལམ།།
ཕུན་ཚོགས་གཉིས་ཀྱིས་བཀོད་པའི་ལེགས་བརྒྱན་ཅིང་།།
དྲི་བཟང་འཐུལ་བའི་རིག་པའི་སྒོ་འབྱེད་པ།།
འཇམ་མགོན་བླ་མའི་དྲིན་ལས་ཡང་དག་གྲུབ།།

སྒྱུ་མའི་སྐུ་གཉིས་ཟུང་དུ་འབྲེལ་བ་ཡིས།།
རྫོགས་རིམ་གྲོལ་བའི་རྣལ་འབྱོར་དབྱིངས་ལ་བཞུགས།།
ལྗོན་པའི་འདབ་ལོ་མནབས་པའི་སྣང་བ་ལ།།
དོན་གྱི་ཕན་བདེ་རོལ་བའི་མངའ་དབང་འབྱོར།།

མདོ་དང་མངོན་པ་འདུལ་བའི་སྡེ་སྣོད་དང་།།
ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབས་པ་གསུམ།།
ངུར་སྨིག་རྣམ་གྲོལ་ཙོང་ཁ་པ་ཉིད་ཀྱིས།།
རླབས་ཆེན་སྙིང་སྟོབས་ཁོ་ནས་གཅིག་པུར་མཛད།།

ཤེས་ཆུང་མ་རིག་འཐིབས་པའི་ཀློང་དབྱིངས་སུ།།
སྐྱོན་བྲལ་རྒྱལ་སྲས་སེམས་དཔའི་མཐུ་བྱིན་ནི།།
སྨག་ལ་ཟླ་བའི་འོད་ཀྱི་ཐིག་ལེ་འདྲ།།
ཕྱོགས་ཀུན་སུ་ཡིས་གཙུག་ན་རབ་ཏུ་མཐོ།།
2014 •07•25•ཉིན་བྲིས་པ་དགེ་ལེགས་འཕེལ།

༈ ལོ་ཟླ་དང་མིག་ཆུ།

མི་ཚེ་གཞན་ལ་གཡུགས་པའི་དུས་ཚོད་ཀྱི་ཐག་སྒྲ།།
མྱུར་མྱུར་ལོ་འགའི་རྗེས་ཀྱི་མིག་ཆུ་རང་ཡིན་པས།།
མི་ལོ་ཉི་ཤུར་སོན་པའི་ལོ་ཟླ་འདིའི་སྣང་བ།།
རྣམ་གཡེང་ཆིག་ལབ་རྐྱང་བས་རོལ་སྟངས་ལས་མ་འདས།།

ཕ་མའི་བརྒྱ་བཤད་ཚིག་གི་དྲིན་མཚམས་དེ་དོར་ཞིང་།།
བླ་མའི་གདམས་ངག་སྟོང་གི་སྐུ་དྲིན་དེ་མ་ཤེས།།
སྦྱིན་བདག་རིགས་སྣ་མང་པོའི་དཀོར་ཟས་ལ་དགྱེས་ནས།།
དཀོར་གྱི་བཟི་ཁའི་ངང་ཚུལ་དེ་རིང་ལས་མ་ཚོར།།

དད་ལྡན་ཁྲི་མ་འབུམ་གྱིས་ལག་གཉིས་དེ་སྦྱར་ནས།།
གྲྭ་ཚང་འདུས་སྡེའི་ཚོགས་ལ་གསོལ་འདེབས་རེ་གནང་ཡང་།།
དོན་མེད་མི་ཚེ་ཤོར་བའི་ང་འདྲ་རང་མཐོང་ན།།
དད་སེམས་རྩ་བ་བརྟེན་པའི་ཚད་གཞི་དེ་ནོར་སོང་།།

དགེ་བསྐོས་མིག་མདངས་ཁོ་ནའི་ཆོས་གྲྭ་ལ་སོང་ཞིང་།།
གཞན་གྱི་སེམས་ཤུགས་ཙམ་ལས་དཔེ་ཆ་ཞིག་བལྟས་ཀྱང་།།
ཕྱི་ཡི་གཟིགས་བརྙན་ཙམ་གྱི་སྣང་ཚད་འདི་དྲན་ན།།
དོན་གྱི་མི་ཚེའི་རིན་ཐང་ག་ཚོད་ལ་བཅོལ་སོང་།།

ཕྱི་བལྟས་སྐྱིད་ཀྱི་སྣང་བ་ཀྲིག་ཀྲིག་ཏུ་ཤར་ཡང་།།
ཞིབ་ཏུ་གནད་ཀྱི་སྲོག་ལ་ཡང་ཡང་དུ་མྱང་དུས།།
ཚོར་མེད་མི་ཚེ་དཀར་ནག་བླང་དོར་གྱིས་འབྱེད་ཚེ།།
འཇིག་རྟེན་སྲིད་པའི་ཁམས་ལ་བློ་གཏད་དེ་ནོར་སོང་།།

བཤད་ཚེ་རང་སྲོག་དམར་པོ་གཞན་དོན་དུ་གསོན་ཟེར།།
སྒྲུབ་ཚེ་ཕྱོགས་ལྷུང་དུག་གིས་ཟིན་པ་དང་འདྲ་ལ།།
མི་ཚོགས་ཁྲི་སྐོར་འདུས་པའི་སྐད་ཆ་དག་དྲན་ན།།
སེམས་ཀྱི་མཐུན་སྒྲིལ་གླེང་བ་གང་ཞིག་ལ་འཕུར་སོང་།།


དུས་རབས་འཕོ་འགྱུར་ཟེར་ནས་སྐད་འཕྲིན་ཞིག་ཐོན་ཞིང་།།
མི་རེར་སྒེར་གྱི་མིང་བྱང་ཁྲ་ཁྲ་ཞིག་དར་ཏེ།།
ཆོས་ཀྱི་བྱ་བ་འདི་གའི་རྩེད་འཇོ་ཡིས་བསླུས་ནས།།
ལོ་ཟླའི་མིག་ཆུ་བཞུར་བའི་འགྱོད་སེམས་འདི་སྐྱོ་བ།།

འཁོར་བའི་ངེས་འབྱུང་ཟེར་བའི་བགྲོད་ལམ་དེ་མ་རྙེད།།
ལུས་ན་ཟུངས་ཁྲག་ཟེར་བའི་ངོ་བོ་ཙམ་མ་ཟིན།།
མི་ཡུལ་ཐེངས་གཅིག་འགྲིམ་པའི་འཇིག་རྟེན་གྱི་སྣང་བ།།
འཁྱམས་པོའི་རྣམ་ཤེས་བཞིན་དུ་འདོད་ཧམ་ལས་ཤོར་སོང་།།
2014~09~02ཉིན་གྱི་དགོང་མོར་བྲིས།


༈ ཁ་བའི་རྨི་ལམ།        
མཚན་ལྗོངས་འདི་གར་ཁ་བ་བབས།།
ཁ་བས་ལོ་མ་དམ་པོར་གཡོགས།།
དགུན་གྱི་རྣ་ལུང་སིལ་སིལ་དུ།།

སྟོན་གྱི་བདག་མོའི་འགྲམ་ལ་བསླེབས།།

ཁ་བའི་རྨི་ལམ་འདྲ་བ་འདིར།།

སེམས་ཀྱི་ཕྱི་ནང་འཁྱག་གིས་བསྡམས།།
རེ་བའི་མེ་ལྕེ་འབར་བ་ལས།།
ལུས་ཀྱི་གྲང་རེག་ཚྭ་རེག་གཉིས།།
ཕན་ཚུན་གནོད་བྱ་གནོད་བྱེད་གྱུར།།
ང་ཡི་རི་སྒང་དཀར་པོ་འདིར།།
རྐང་རྗེས་དཔར་བའི་མངའ་ཉམས་ལ།།
མཚོན་བྲིས་རི་མོའི་སྣང་བ་འཆར།།
རླུང་བུ་གཡུགས་པའི་ཁ་བ་འདར།།
ལུས་སེམས་གཉིས་ཀ་ལྷག་ཏུ་འདར།།
ཁ་བའི་ཀློང་གི་བརྩེ་བ་ཉིད།།
འདི་དང་བསྟུན་ནས་དེ་བས་འདར།།
རེ་འདུན་སེམས་ཀྱི་སྨོན་ས་དང་།།
གཟུགས་བྲལ་སེམས་ཀྱི་སྙིང་བོ་དང་།།
ནམ་མཁའི་དབྱིངས་ཀྱི་རྨི་ལམ་ལ།།
ཁ་བའི་མེ་ཏོག་གཏོར་འདོད་སྐྱེས།།
མཆན།
གུས་པས་སྙན་ངག་འདི་ཉིས་སྟོང་བཅུ་བཞི་ལོའི་ཁ་བ་འབབ་ཐེངས་དང་པོར་མཚན་ལྗོངས་ཤིག་ལ་ཆེད་དུ་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41548049
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1