བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུག
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/21ལྟ་ཀློག (11333)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །


 ༄༅། །རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། །རྒྱལ་ཀུན་པད་དཀར་ལྟར་བསྔགས་ཉི་མའི་གཉེན། །རྒྱལ་བའི་མཛད་པ་ཀུན་སྒྲུབ་བྱམས་འཇམ་དབྱངས། །རྒྱལ་བས་ལུང་བསྟན་ཤིང་རྟ་ཆེ་གཉིས་སོགས། །རྒྱལ་བ་སྲས་དང་བཅས་ལ་གུས་ཕྱག་འཚལ། །བཀའ་གདམས་ཤིང་རྟའི་སྲོལ་འབྱེད་མར་མེ་མཛད། །དེ་སྲས་གདམས་པའི་མཛོད་འཛིན་རྒྱལ་བ་འབྲོམ། །དགོན་པ་བ་དང་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་མཁས་མང་མ་ལུས་ཕྱག་གི་ཡུལ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང༌། །རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་གངས་ལྗོངས་འདིར། །རྒྱལ་བསྟན་ཉི་མ་ཇི་བཞིན་གསལ་མཛད་པ། །འཇམ་མགོན་བླ་མའི་ཞབས་ལ་སྙིང་ནས་འདུད། །གང་གི་ལེགས་བཤད་གསེར་སྦྱངས་འཁོར་ལོ་ཡིས། །ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་སྒྱུར་བའི། །མཁས་དབང་འཇམ་དབྱངས་དགྱེས་བཞད་རྡོ་རྗེ་སོགས། །བཀའ་དྲིན་འཁོར་མེད་བཤེས་གཉེན་རྣམས་ལ་འདུད། །བརྒྱད་ཁྲི་བཞི་སྟོང་ཇི་སྙེད་རྒྱལ་བའི་བཀའ། །བྱང་ཆུབ་བགྲོད་པའི་ཉམས་ལེན་གདམས་པ་རུ། །གཅིག་ཏུ་དྲིལ་བའི་སྔོན་མེད་གསུང་གི་དོན། །ཅུང་ཟད་འཆད་ལ་བདག་ཡིད་ཀུན་ནས་སྤྲོ། །

      འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་བྱང་ཆུབ་ལམ་གྱི་རིམ་པའི་དོན་ལ་བཞི། མཛད་པ་བོའི་ཆེ་བ། ཆོས་ཀྱི་ཆེ་བ། ཆེ་བ་གཉིས་ལྡན་གྱིས་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །

     དང་བོ་ནི། ལམ་རིམ་འདིའི་རྩ་བའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་བོ་མཉམ་མེད་ཇོ་བོ་རྗེ། ལམ་རིམ་འདིའི་མན་ངག་མཛད་པ་བོ་ཡིན་ལ། དེའི་ཆེ་བ་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཚུལ་སོགས་ནི་ཉིད་ཀྱི་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །

     གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བ་ཆེ་བ་དང་བོ། དེ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ཙམ་དུ་གོ་བར་མ་ཟད་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་རིམ་པར་གོ་བ་ཆེ་བ་གཉིས་པ། དེས་ན་སངས་རྒྱས་ཀྱིས་གདུལ་བྱའི་མཆོག་དམན་གྱི་དབང་གིས་གང་ཟག་གི་བདག་ཡོད་པར་སྟོན་པ་སོགས་སྣ་ཚོགས་ཤིག་གསུངས་པའི་དགོངས་དོན་ཡང་བདེ་བླག་ཏུ་རྟོགས་ནུས་པ་ནི་ཆེ་བ་གསུམ་པ། དེ་ལ་བརྟེན་ནས་རྒྱལ་བའི་བཀའ་ལ་བཟང་ངན་དང་རིགས་མི་རིགས་སོགས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་སྒྲིབ་པ་རང་འགགས་སུ་འགྲོ་བ་ནི་ཆེ་བ་བཞི་བ་ཡིན་ནོ། །འདི་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་རྒྱུན་ལྟར་ཡིན་ལ། ཡོངས་འཛིན་རིན་པོ་ཆེའི་གསུང་རྒྱུན་འདི་དང་ཅུང་མི་འདྲ། གསུམ་པ་ལ་གསུམ། ཉན་པའི་ཚུལ། བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །དང་བོ་ལ་གསུམ། ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་པ། ཉན་ཚུལ་དངོས་སོ། །དང་བོ་ནི། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་ཐོས་པས་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་གསུམ་བསྐྱེད་ནས་ཚུལ་ཁྲིམས་ཀྱི་བསླབ་པས། སྡིག་པ་ལས་ལྡོག་པ། ཏིང་ངེ་འཛིན་གྱི་བསླབ་པས། དོན་མ་ཡིན་པ་སྤོང་བ། ཤེས་རབ་ཀྱི་བསླབ་པས། མྱང་འདས་ཐོབ་པར་བྱེད་པས་ཤིན་ཏུ་ཕན་ཡོན་ཆེའོ། །གཉིས་པ་ནི། སའི་སྙིང་བོའི་མདོ་ལྟར། ཆོས་དང་ཆོས་སྨྲ་བ་ལ་སངས་རྒྱས་དང་འདྲ་བར་བལྟས་ལ་སེང་གེའི་ཁྲི་ལ་སོགས་པས་བཀུར་སྟི་དང་རྙེད་པས་མཆོད་དེ་མ་གུས་པ་སྤང་ཞིང་གུས་པར་བྱ་བ་དང༌། སྐྱེས་རབས་ལས་ཀྱང༌། རབ་ཏུ་དམའ་བའི་སྟན་ལ་འདུག །ཅེས་པ་ནས་རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་སོགས་ལྟར་ཉན་དགོས། གསུམ་པ་ལ་གཉིས་ལས། དང་བོ་ནི། སྣོད་ཁ་སྦུབ་པ། སྣོད་མི་གཙང་བ། སྣོད་ཞབས་རྡོལ་བ་ལྟ་བུ་སོགས་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག ཅེས་པ་ལྟར། ཉན་ཚུལ་ཕྱིན་ཅི་ལོག་ཏུ་མ་སོང་བར་ཉན་དགོས། གཉིས་པ་ནི། རང་ལ་ནད་པ་ལྟ་བུའི་འདུ་ཤེས། ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས། ནན་ཏན་ཉམས་སུ་བླངས་པ་ལ་ནད་འཚོ་བའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་བའི་འདུ་ཤེས་ཏེ་འདུ་ཤེས་དྲུག་བསྟེན་ནས་ཚུལ་བཞིན་དུ་ཉན་དགོས་སོ། །

      གཉིས་པ་ལ། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་དང་བཞི་ལས། དང་བོ་ནི། མཛོད་ལས། ཆོས་བཞིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་པ་ལྟར། ཟང་ཟིང་ལ་མི་བལྟ་བར་བརྩེ་བའི་སེམས་ཀྱིས་ཆོས་བཤད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་བ་བྱེ་བར་རྗོད་མཛད་ཅིང༌། །ཕ་མཐར་ཕྱིན་པར་གྱུར་མ་ལགས། །ཞེས་དང༌། དེ་ལ་ཕན་ཡོན་ཚན་པ་ཉི་ཤུ་གཉིས་འབྱུང་བར་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས་སོ། །གཉིས་པ་ནི། ཆོས་དང༌། སྟོན་པའི་ཡོན་ཏན་དང་བཀའ་དྲིན་དྲན་ཏེ་གུས་པ་བསྐྱེད་པའོ། །གསུམ་པ་ལ་གཉིས། བསམ་པ་དང༌། སྦྱོར་བའོ། །དང་བོ་ནི། མདོ་ལས་གསུངས་པའི་འདུ་ཤེས་ལྔ་བཞག་སྟེ། རང་ལ་སྨན་པ། ཆོས་ལ་སྨན། ཆོས་ཉན་པ་ལ་ནད་པ་ལྟ་བུའི་འདུ་ཤེས་སོགས་འདུ་ཤེས་ལྔ་བསྐྱེད་པ་དང༌། འཁོར་ལ་བྱམས་པ་བསྒོམ། ཕྲག་དོག་དང༌། ལེ་ལོ། སྐྱོ་བ། གཞན་སྐྱོན་གླེང་བ། བདག་ཉིད་སྒྲོག་པ། ཆོས་ལ་དཔེ་མཁྱུད་བྱེད་པ། ཟང་ཟིང་ལ་བལྟ་བ་སོགས་སྤངས་ཏེ། རང་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་དུ་བསྟན་པ་མ་གཏོགས་རྙེད་བཀུར་དོན་དུ་གཉེར་ནས་ཆོས་བཤད་པ་མི་རུང་སྟེ། དགེ་བཤེས་པོ་ཏོ་བས། སྤྱན་སྔ་བ་ལ་ལི་མོའི་བུ་ཇི་ཙམ་པའི་ཆོས་བཤད་ཅིག་བྱས་ཏེ་ལགས་སོ་གཅིག་ཀྱང་བདག་གིར་བྱེད་མ་མྱོང་ཞེས་གསུངས་པའི་ཕྱིར་དང༌། རྗེ་ལྷོ་བྲག་མར་བས། ཞབས་ཏོག་ཅན་ཀྱི་རྡོག་སྟོན་དང༌།།ནོར་ཅི་ཡང་མེད་པའི་མཐུ་ཆེན་ལ། །གདམས་ངག་ལ་དམ་ལྷོད་མ་བྱས་པས། །དམ་ཆོས་ཚུལ་བཞིན་སྒྲུབས་པར་གྱིས། །ཞེས་གསུངས་པས་སོ། །གཉིས་པ་ནི། ཁྲུས་བྱས་ཤིང་གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་ཁྲི་དང་སྟན་ལ་འཁོད་ནས། བདུད་ཚར་གཅོད་པའི་སྔགས་འདོན་ལ། བཞིན་གྱི་མདངས་གསལ་བས་དོན་ངེས་པའི་ཡན་ལག་དཔེ་དང་གཏན་ཚིགས་དང་ལུང་དང་ལྡན་པར་བཤད་དགོས་པར་གསུངས། བཞི་བ་ནི། འདུལ་བའི་མདོ་ལས། མ་གསོལ་བར་མི་བྱའོ། །ཞེས་པ་ལྟར་གསོལ་བ་མ་བཏབ་པར་མི་འཆད་ཅིང༌། གསོལ་བ་འདེབས་པ་ལ་ཡང་སྣོད་བརྟག་པ་དང་སྣོད་དུ་ཤེས་ན་མ་གསོལ་ཀྱང་བཤད་རུང་བ་ནི་མདོ་ལས་གསུངས་ལ། སྤྱོད་ལམ་གཞན་དོ་ཀེར་ཅན་དང༌། ཞྭ་ལྷམ་གྱོན་པ། འགྲེང་བ་སོགས་ལ་བཤད་མི་རུང་བར་འདུལ་བ་ལས་གསུངས། གསུམ་པ་ནི། དེ་ལྟར་བཤད་པ་དང་ཉན་པའི་དགེ་རྩ་རྣམས་བཟང་བོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཆོས་བཤད་ཅིང་ཉན་ན་ཐུན་རེ་ལ་ཡང་ཇི་སྐད་བཤད་པའི་ཕན་ཡོན་རྣམས་གདོན་མི་ཟ་བར་འབྱུང་བར་གསུངས་སོ། །

     བཞི་བ་གདམས་པ་དངོས་ཀྱིས་སློབ་མ་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་བོ་ལ་གཉིས། ཅུང་ཟད་སྤྲོས་ཏེ་བཤད་པ་དང༌། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་བོ་ནི། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་ཡིན་པས་ཐོག་མར་བསྟེན་ཚུལ་གལ་ཆེའོ། །དེ་ལ་དྲུག བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །དང་བོ་ནི། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་ཚུལ་ཁྲིམས་ཀྱི་བསླབ་པས་ཐུགས་དུལ་བ། ཏིང་ངེ་འཛིན་གྱི་བསླབ་པས་ཐུགས་ཞི་བ། །ཤེས་རབ་ཀྱི་བསླབ་པས་ཐུགས་ཉེ་བར་ཞི་བ། སློབ་མ་ལས་ཡོན་ཏན་ལྷག་པ། ཆོས་འཆད་པ་ལ་སྤྲོ་བའི་བརྩོན་འགྲུས་དང་བཅས་པ། མང་དུ་ཐོས་པའི་ཡོན་ཏན་ལུང་གིས་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་པ་སྟེ་མངོན་སུམ་དུ་རྟོགས་པའམ་དོན་སྤྱིས་ངེས་པ་རྙེད་པ་དང༌། ལུང་རིགས་ཀྱིས་རྟོགས་པས་ཀྱང་འགྲུབ། གདུལ་བྱ་བཀྲི་བའི་རིམ་པ་ལ་མཁས་པས་སྨྲ་མཁས་ལྡན་པ། བརྩེ་བའི་བདག་ཉིད་དམ་སྙིང་རྗེ་ཆེ་བ། ཡང་ཡང་འཆད་པའི་ངལ་བ་ལ་མི་འཛེམས་པས་སྐྱོ་བ་སྤངས་པ་དང་བཅུ་ལྡན་དགོས་སོ། །དེང་སང་དེ་འདྲ་རྙེད་དཀའ་བས་དེའི་བརྒྱད་ཆ་ལྡན་པ་ལ་མ་མཐའ་བྱ་གསུངས། གཉིས་པ་ནི། བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་བོ་ཡོན་ཏན་རྣམས་གཞན་དུ། །མི་འགྱུར་ཉན་པ་བོ་ལའང་མིན། །ཞེས་ཕྱོགས་ལྷུང་མེད་པའི་བློ་གཟུ་བོར་གནས་པ། ལེགས་བཤད་དང་ཉེས་བཤད་ཤེས་པའི་བློ་གྲོས་དང་ལྡན་པ། ཆོས་དོན་དུ་གཉེར་བའི་དོན་གཉེར་དང་ཆོས་གསུམ་ལྡན་སློབ་མའི་མཚན་ཉིད་དུ་གསུངས། གསུམ་པ་ནི། སྣོད་དང་ལྡན་པའི་སློབ་མས་བླ་མ་མཚན་ཉིད་དང་ལྡན་མི་ལྡན་བརྟགས་ལ། མཚན་ཉིད་དང་ལྡན་པ་ལ་ཆོས་ཀྱི་བཀའ་དྲིན་ནོད་པར་བྱའོ། །དེ་ཡང་ཧོར་རྒྱལ་བོས་ས་སྐྱ་པཎ་ཆེན་བརྟག་པ་ལྟ་བུ་མི་རུང་གསུངས། ཆོས་ཀྱི་བཀའ་དྲིན་མནོས་པའི་བླ་མ་དེ་བསྟེན་པའི་ཚུལ་ལ། བསམ་པས་བསྟེན་ཚུལ་དང༌། སྦྱོར་བས་བསྟེན་ཚུལ་ལོ། །དང་བོ་ལ་གཉིས་ལས། དང་བོ་དཀོན་མཆོག་ཏ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །ཅེས་པ་ལྟར། རྩ་བ་དད་པ་སྦྱངས་པ་དང༌། གཉིས་པ་ནི། སྡོང་བོ་བཀོད་པ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཞེས་པ་ནས། དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་སོགས་ལྟར་བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱའོ། །གཉིས་པ་ནི། བླ་མ་ལྔ་བཅུ་བ་ལས། འདིར་མང་སྨོས་པས་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ།།མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །ཅེས་སོགས་ལྟར་ཟང་ཟིང་འབུལ་བ་དང་ལུས་ངག་གིས་བསྙེན་བཀུར་བ་ཁྲུས་སྐུ་མཉེ་དྲིལ་ཕྱིས་དང་བསྙུང་གཡོག་སོགས་སོ། །བཞི་བ་ནི། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང༌། རྒྱལ་བ་རྣམས་དགྱེས་པ་དང༌། ཕྱི་མར་ངན་འགྲོར་མྱོང་བའི་ལས་རྣམས་ཚེ་འདིར་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་མམ། རྨི་ལམ་དུ་མྱོང་བས་ཀྱང་ལས་དེ་འདྲོངས་ནས་ཟད་པར་འགྱུར་པར་མདོ་ལས་གསུངས། ལྔ་བ་ནི། བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་ན་ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་དང༌། ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་བར་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས་གསུངས་པ་དང༌། ཁྱད་པར་དུ་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དྲུག་པ་ནི། སྙིང་ནས་ཆོས་ཤིག་བྱེད་ན་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་ཞིག་ལ་བརྟེན་དགོས་ལ། དེའི་ཚེ་ཡང་མཆད་ཁ་བའི་ཞལ་ནས། བླ་མ་བསྟེན་བདོ་ཙ་ན་སྤངས་དོགས་ཡོད་གསུངས་པ་ལྟར། སྟེན་ཚུལ་མ་ཤེས་ན་ཁེ་མེད་པར་གྱོང་འབྱུང་བས་བླ་མ་བསྟེན་པའི་ཚུལ་འདི་རྣམས་ལ་རིང་དུ་འདྲེས་པར་བྱ་ཞིང༌། བླ་མའི་བཀའ་བཞིན་བསྒྲུབ་པ་ལ་འབད་པར་བྱའོ།།

      གཉིས་པ་སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས་དང༌། སྐྱོང་ཚུལ་གཉིས་ཀྱིས་བསྐྱང་དགོས་པའི་རྒྱུ་མཚན་ནོ། །དང་བོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང་ཐུན་མཚམས་སུ་ཇི་ལྟར་བྱ་བའོ།།དང་བོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་ཏུ་ཇི་ལྟར་བྱ་བའོ།།དང་བོ་ནི། སྦྱོར་བའི་ཆོས་དྲུག་སྟེ། གསེར་གླིང་བའི་རྣམ་ཐར་ཡིན་པས། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། བྱི་དོར་བྱེད་པའི་ཚེ་ན་རང་གིས་ཚོགས་བསགས་པའི་ཞིང་དུ་བསམ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པའི་ཆེད་དུ་ངག་ནས། རྡུལ་འདི་ས་རྡུལ་མ་ཡིན་ཉོན་མོངས་རྡུལ། །ཉོན་མོངས་དྲི་མའི་རྡུལ་རྣམས་དག་གྱུར་ཅིག །ཅེས་བརྗོད་ཅིང༌། རྡུལ་སྡུག་བདེན། དེ་སྐྱེད་བྱེད་ཀུན་འབྱུང་ཕྱགས་མ་ལམ་བདེན། རྡུལ་དེ་དག་པའི་ཆ་འགོག་བདེན་དུ་མོས་པ་དང༌། ཡང་ཐམས་ཅད་དང་ནི་ས་གཞི་དག །ཅེས་སོགས་བརྗོད་དེ་སྣོད་བཅུད་ཀུན་དག་པ་འབའ་ཞིག་ཏུ་གྱུར་སོང་སྙམ་པ་སོགས་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་ན་ཕན་ཡོན་ཡང་མཐའ་ཡས་པ་ཡོད་པ། གནས་བརྟན་ལམ་ཆུང་བའི་རྣམ་ཐར་དང༌། འབྲོམ་གྱིས་མཉམ་མེད་ཇོ་བོ་རྗེའི་བཞུགས་སའི་མི་གཙང་བ་ཕྱིས་པས་བྱ་རྒོད་ཀྱིས་ཉི་མ་བཅོ་བརྒྱད་བགྲོད་ས་ཚུན་ཆོད་ཀྱི་སེམས་ཅན་གྱི་སེམས་ཤེས་པའི་མངོན་ཤེས་ཐུགས་ལ་འཁྲུངས་པར་གསུངས་པ་ལྟ་བུ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཚུལ་ནི། རང་གི་མདུན་གྱི་ཐད་དྲང་གི་མཐོ་སར་སྟེགས་བུ་སོགས་ཀྱི་སྟེང་དུ་སྟོན་པ་ཐུབ་པའི་དབང་བོ། མཉམ་མེད་ཇོ་བོ་རྗེ། རྒྱལ་བ་ཙོང་ཁ་བ། དྲིན་ཆེན་རྩ་བའི་བླ་མ་སོགས་ཀྱི་སྐུ་དང༌། གཞན་ཡང་ཡི་དམ་སངས་རྒྱས་བྱང་སེམས་ཚོགས་ཀྱི་སྐུ་གང་ཡོད་ཚོགས་ཞིང་གི་རིམ་པ་ལྟར་དང༌། གསུང་གི་རྟེན་ལ་བརྒྱད་སྟོང་བ། སྡུད་པ། བྱང་ཆུབ་ལམ་རྀམ་ཆེ་ཆུང་སོགས་དང༌། ཐུགས་ཀྱི་རྟེན་ལ་མཆོད་རྟེན་སོགས་གོ་རིམ་བཞིན་དུ་བཀྲམ་མོ། །གལ་ཏེ་མེད་ན་ནས་འབྲས་སོགས་ཀྱིས་ཚོམ་བུ་བཀོད་ཀྱང་རུང༌། རྟེན་བཀྲམ་པ་མཛེས་ཆོས་སུ་མ་སོང་བ་གལ་ཆེ་སྟེ། རྒྱ་མིས་དཔར་ལྷན་པ་དང་ཁྱད་ཡོད་པ་ཧ་གོ་དགོས་གསུངས། གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། དེ་ཡང་རང་གིས་ཅི་འབྱོར་གྱི་མཆོད་རྫས་ཐམས་ཅད་གཙང་ཞིང་ཡིད་དུ་འོང་བ་མཆོད་སྣོད་ཏིང་ཕོར་སོགས་བྱི་དོར་ལེགས་པར་བྱས་ཏེ་འོད་འབར་བར་བྱེད་པ་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་སྐྱེས་བུ་དམ་པའི་ཕྱག་བཞེས་ཡིན། གཡོ་མེད་ཅེས་པ་ཡང་ཀུན་སློང་ངན་པའི་དབང་དུ་མ་སོང་བའི་དོན་ཡིན་ཏེ། སྔོན་དགེ་བཤེས་འབེན་གྱིས་ཉིན་ཞིག་མཆོད་པ་བཤམས་པ་སྦྱིན་བདག་གི་མིག་སྔར་མཛེས་ཆོས་སུ་སོང་བ་གོ་ནས་འགྱོད་དེ་མཆོད་པའི་ནང་དུ་ཐལ་བ་སྤར་བ་གང་བཏབ་པ། ཕ་དམ་པས་གསན་ནས་འབེན་གྱི་ཐལ་མཆོད་ཀྱིས་བོད་ཀྱི་མཆོད་པ་ཐམས་ཅད་ཟིལ་གྱིས་མནན་སོང་གསུངས། དེ་ནི་འགྱོད་སེམས་སྐད་ཅིག་མ་གཅིག་པོ་དེས་ཚེ་འདིའི་སྣང་ཞེན་ནས་ཐ་མལ་གྱི་སྣང་ཞེན་བར་ཕྱིན་ཅི་ལོག་གི་བློ་སྣ་ཐམས་ཅད་ཟིལ་གྱིས་མནན་ནས་སྒྲུབ་པའི་མཆོད་པར་སོང་བའི་དོན་ཡིན་གསུངས། མཆོད་པ་ལ་ཆུ་གཉིས་ཉེར་སྤྱོད། འདོད་ཡོན་སྣ་ལྔ། བཀྲ་ཤིས་རྟགས་བརྒྱད་སོགས་དང་ཡང་རང་གིས་ལག་བདར་ནས་མཆོད་པ་སོགས་བཅུ་ལམ་རིམ་ཆེན་མོར་གསུངས་པ་ལ་གྲངས་བཅུ་གཉིས་ཡོད་པས་གཉིས་དོར་དགོས་ལ། དོར་རྒྱུ་ལ་རྗེ་འཇམ་དབྱངས་བཞད་པ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ཀྱིས་གསུངས་ཚུལ་མི་འདྲ་བས་གྲངས་ཇི་ལྟར་འདྲེན་དཔྱད་རྒྱུ་ཡོད། མཆོད་པ་འབུལ་བའི་ཚེ་ན་ཡང་རང་ལ་ཡོད་ན་གང་ལེགས་དང་གང་བཟང་ས་ནས་འབུལ་བ་མ་གཏོགས་གང་ངན་ས་ནས་འབུལ་བ་མི་རུང་སྟེ། པོ་ཏོ་བའི་ཞལ་ནས། ཁྱེད་ཚོས་ཏིང་ཕོར་དྲི་མ་ཅན་རེའི་ནང་དུ་ཆུ་ཐིགས་རེ་བླུགས་ནས། ག་བུར་ཙན་དན་སྤོས་ཀྱི་ཆུ། །ཟེར་བ་ནི་ལོང་བས་མིག་ལྡན་ལ་མགོ་སྐོར་བྱེད་པ་དང་འདྲ་ཞེས་གསུངས་པ་དང༌། བཀའ་གདམས་གོང་མའི་གསུང་རྒྱུན་ལ་ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ཞེས་གསུངས། མདོར་ན་མཆོད་པའི་སྐད་དོད་པཱུ་ཛ་ཞེས་པ་ཐུགས་མཉེས་པ་ལ་འཇུག་པས། བཀའ་བཞིན་སྒྲུབ་པའི་མཆོད་པ་ལས་ལྷག་པའི་མཆོད་པ་མེད་དེ། རྗེ་བཙུན་མི་ལ་རས་པས། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ཕ་བླ་མའི་མཆོད་པ་སྒྲུབ་པས་འཇལ། །ཞེས་གསུངས་པའི་ཕྱིར། གསུམ་པ་སྟན་བདེ་བ་ལ་ལུས་དྲང་བོར་བསྲང་སྟེ་སྐྱིལ་མོ་ཀྲུང་ངམ་སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་བའི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་བྱ། དེས་ན་སྟན་ལ་ཡང་རིགས་མང་ཡང་འབོལ་གདན་རྒྱབ་མཐོ་ལ་མདུན་ཅུང་ཟད་དམའ་བའི་གདན་ལ་བརྟེན་པ་ལེགས་ཏེ། རྗེ་མི་ལས། འོག་ཏུ་སྤྲ་བའི་འབོལ་ཆུང་བདེ། །ཞེས་གསུངས། གདན་དེ་ལ་ལུས་དྲང་བོར་བསྲང༌། རྐང་བ་སྐྱིལ་ཀྲུང་སོགས་ཆོས་བདུན་ལྡན་ནམ་ཚུལ་མཐུན་གྱིས་འཁོད་པ་དགོས་པ་ཆེ་སྟེ། རྗེ་ལྷོ་བྲག་མར་བས། བོད་ཀྱི་མན་ངག་ཟབ་དགུ་བསྡོམས་ཀྱང་ཁོ་བོའི་འདུག་སྟངས་ལ་མི་དོ་ཞེས་ཁ་ཕོ་གནང་བ་སྤྱོད་ལམ་འདི་ལ་དགོངས་པ་ཡིན་གསུངས། དེ་ནས་རང་རྒྱུད་ལ་བརྟག་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་བྱ་བ་ཤིན་ཏུ་གལ་ཆེ་སྟེ། ཆོས་ཟབ་མོ་ཇི་འདྲ་བྱས་ཀྱང་སྐྱབས་འགྲོས་མ་ཟིན་ན་ཆོས་སུ་མི་འགྱུར་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྱུར་བའི་ཕྱིར། དོན་འདི་ལ་དགོངས་ནས་ལྷོ་བྲག་གྲུབ་ཆེན་གྱིས། བྱང་ཆུབ་སེམས་ཀྱིས་མ་ཟིན་ན། །བཟླས་བརྗོད་མང་ཡང་རུ་ཊར་སྐྱེ། །ཞེས་གསུངས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཤིན་ཏུ་དཀའ་ཡང་མོས་པ་ཚུན་ཆད་ཀྱིས་སྤྱོད་པ་དང༌། སྐྱབས་འགྲོ་ལ་འབད་ན་དལ་འབྱོར་གྱི་ཨང་ག་མ་འཁྲུགས་པ་ཡང་འོང་བ་སེང་གེས་ཞུས་པ་ལས། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །བཞི་བ་ཚོགས་ཞིང་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་སྟོན་པ་ཐུབ་པའི་དབང་བོ། གཡས་སུ་རྗེ་བཙུན་བྱམས་མགོན་སོགས་རྒྱ་ཆེན་སྤྱོད་བརྒྱུད། གཡོན་དུ་རྗེ་བཙུན་འཇམ་དབྱངས་སོགས་ཟབ་མོ་ལྟ་བརྒྱུད། སྟེང་དུ་རྒྱལ་བ་རྡོ་རྗེ་འཆང་སོགས་ཉམས་ལེན་བྱིན་རླབས་བརྒྱུད། མདུན་དུ་དྲིན་ཆེན་རྩ་བའི་བླ་མ་སོགས་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ། གཞན་ཡང་ཡི་དམ་རྒྱུད་སྡེ་བཞི། སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་ཡེ་ཤེས་པའི་ཚོགས་དང་བཅས་པ་མ་ཚང་བ་མེད་པ་བཞུགས་པར་མོས་ན་སྤྱན་འདྲེན་གྱི་ཚིག་མ་བརྗོད་ཀྱང་མངོན་སུམ་དུ་བཞུགས་པ་ནི། གང་གིས་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར་རོ། །ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཚོགས་ཞིང་སྐར་ཚོགས་བཀྲམ་པ་ལྟ་བུ་གསུངས་པའི་དོན་ཡང་དེ་ཡིན། ཡང་ན་སྤྱན་འདྲེན་གྱི་ཚིག་བརྗོད་པ་ཙམ་གྱིས་སྐྱབས་ཡུལ་ནམ་མཁའ་གང་བ་གར་འོང་ཆ་མེད་གྱི་ཚུལ་དུ་མངོན་སུམ་དུ་བྱོན་པར་མོས་ན་དོན་དེ་ལྟར་དུ་བྱོན་པ། མ་ག་དྷ་བཟང་མོའི་རྟོགས་བརྗོད་ལྟར་ཡིན་ནོ། །དེའི་ཚེ་བདུད་རྩི་འབེབས་སྦྱང་གི་དམིགས་སྐོར་དང༌། མཐར་ཚོགས་ཞིང་བསྡུ་ཚུལ་སོགས་རྒྱས་པར་ཤེས་འདོད་ན་རྗེ་བྲ་ཛྙཱའི་མཚན་ཅན་གྱི་བདེ་ལམ་ཟིན་བྲིས་སོགས་ལས་ཤེས་པར་བྱའོ། །ལྔ་བ་བསགས་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་བ་དགོས་པས། དང་བོ་ཕྱག་འཚལ་བའི་ཡན་ལག་ལ་སྒོ་གསུམ་བསྡོམས་པའི་ཕྱག་ནི། ཇི་སྙེད་སུ་དག་ཅེས་པའི་ཚིགས་བཅད་གཅིག་སྟེ། འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང༌། དུས་རེ་རེའི་སངས་རྒྱས་ཙམ་མ་ཡིན་པར་ཕྱོགས་བཅུ་ཀ་དང་དུས་གསུམ་གར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས། བསམ་པ་ཐག་པ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །སྒོ་གསུམ་སོ་སོའི་ཕྱག་ལ། ལུས་ཀྱི་ཕྱག་ནི། བཟང་བོ་སྤྱོད་པའི་ཞེས་སོགས་ཏེ། ཕྱོགས་བཅུའི་རྡུལ་སྙེད་ཀྱི་རྒྱལ་བ་རྣམས་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ་རང་གི་ལུས་རྒྱལ་བ་དེ་སྙེད་དང་གྲངས་མཉམ་པར་སྤྲུལ་ནས་ཕྱག་བྱ་བའོ། །ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་ཞེས་སོགསཏེ། རྡུལ་ཕྲ་རབ་རེ་རེའི་སྟེང་ན་ཡང་རྡུལ་ཕྲ་རབ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ། དེ་དག་གི་ཡོན་ཏན་རྗེས་སུ་དྲན་བའི་མོས་པ་བསྐྱེད་པའོ། །མདོར་བསྡུ་ན་ཆོས་དབྱིངས་ཀྱིས་གར་ཁྱབ་ལ་སངས་རྒྱས་ཀྱིས་ཁྱབ་པར་མོས་ན་དེ་ཡིན། ངག་གི་ཕྱག་ནི། དེ་དག་བསྔགས་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་དཔག་མེད། མགོ་རེ་རེ་ལའང་ལྕེ་དཔག་ཏུ་མེད་པ་སྤྲུལ་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ། །གཉིས་པ་མཆོད་པ་ལ་བླ་ན་ཡོད་པ་ནི། མེ་ཏོག་དམ་པ་སོགས་ཚིགས་བཅད་གཉིས་ཏེ། མེ་ཏོག་དམ་པ་ནི་ལྷ་དང་མིའི་མེ་ཏོག་རྨད་དུ་བྱུང་བ་སིལ་མ་རྣམས་སོ། །འཕྲེང་བ་ནི་མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པ་དང༌། གདུགས་མཆོག་ནི་སངས་རྒྱས་ལ་ཀླུའི་རྒྱལ་བོ་མ་དྲོས་པས་ཕུལ་བའི་གདུགས་མཆོག་གོ །ཕྱེ་མ་ཕུར་མ་ནི་སྤོས་ཞིམ་པོའི་ཕྱེ་མ་གཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པ། བཀོད་པ་ནི། ཀུན་གྱི་མཐར་སྦྱོར། བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་ཞེས་སོགས་ཚིགས་བཅད་གཅིག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐུ་ཆེན་རྣམས་ཀྱིས་བཟང་དགུ་སྤྲུལ་བ་ཡིན་ལ། དེ་ཡང་བྱང་སེམས་ཀུན་ཏུ་བཟང་བོ་ཕྱག་གཉིས་ཀྱི་བར་དུ་ནོར་བུ་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་བོ་ཐོགས་པ། སྐུ་ལས་འོད་ཟེར་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྤྲོས་པའི་སྣེར་ཀུན་བཟང་རེ་རེ་དང༌། དེ་རེ་རེའི་ཕྱག་གི་ནོར་བུ་ལས་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་བསྐྱེད་པའི་བཟང་དགུའི་ཡོ་སྤྱད་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ནམ་མཁའ་གང་བ་མངོན་སུམ་དུ་སྤྲོས་པ་རྒྱལ་བ་རྣམས་ཀྱི་སྤྱན་ལམ་དུ་མངོན་སུམ་དུ་འབྱུང་ཞིང་གཟིགས་རྒྱུ་ཡོད་པ་ནི་ཀུན་ཏུ་བཟང་བོའི་མཆོད་པ་དངོས་དང༌། ལས་དང་བོ་བས་བཟང་བོ་སྤྱོད་པ་ལ་དང་བའི་སྟོབས་བསྐྱེད་ནས་དེ་འདྲའི་མོས་པ་བྱས་ན་དེ་ཡིན། གསུམ་པ་སྡིག་པ་བཤགས་པ་ནི། འདོད་ཆགས་ཞེ་སྡང་ཞེས་སོགས་ཏེ། རྒྱུ་དུག་གསུམ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཚོགས་རང་གིས་དངོས་སུ་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་དང༌། གཞན་གྱིས་བྱས་པ་ལ་ཡི་རང་བ་ལ་སོགས་པ་ཅི་མཆིས་པ་ཐམས་ཅད་སྙིང་ཐག་པ་ནས་བཤགས་ཤིང་བསྡོམ་པའོ། །བཞི་བ་རྗེས་སུ་ཡི་རང་ནི། ཕྱོགས་བཅུའི་རྒྱལ་བ་ཞེས་སོགས་ཏེ། གང་ཟག་ལྔ་བོ་དེའི་དགེ་བའི་ཕན་ཡོན་དྲན་ནས་དགའ་བ་བསྒོམ་པའོ། །ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། གང་རྣམས་ཕྱོགས་བཅུའི་ཞེས་སོགས་ཏེ། ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་ཏུ་རྣམ་པར་སངས་རྒྱས་ནས་རིང་དུ་མ་ལོན་པ་རྣམས་ལ་རང་གི་ལུས་ཀྱང་དེ་སྙེད་དུ་སྤྲུལ་ནས་ཆོས་སྟོན་པར་སྐུལ་མ་གདབ་པའོ། །གསོལ་བ་འདེབས་པ་ནི། མྱ་ངན་འདའ་སྟོན་ཞེས་སོགས་ཏེ། ཕྱོགས་བཅུའི་ཞིང་དུ་མྱ་ངན་ལས་འདའ་ཚུལ་སྟོན་པར་བཞེད་པ་རྣམས་ལ། འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་བསྐྱེད་པའི་ཕྱིར་དུ་ཞིང་གི་རྡུལ་སྙེད་ཀྱི་བསྐལ་བར་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པའོ། །བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་ཞེས་སོགས་ཚིགས་བཅད་གཅིག་སྟེ། གོང་གི་ཡན་ལག་དྲུག་གི་དགེ་བས་མཚོན་ནས་དགེ་རྩ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འདུན་པ་དྲག་པོས་བསྔོས་པས་ནམ་ཡང་མི་འཛད་པར་བསོད་ནམས་ཀྱི་ཕུང་བོ་དཔག་ཏུ་མེད་པ་འཛིན་པར་གསུངས་སོ། །ལམ་ཁྲིད་ཕལ་ཆེར་དུ་མཎྜལ་ཡན་ལག་བདུན་པའི་ཁོངས་སུ་བསྡུས་ནས་གསུངས་ཀྱང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལམ་རིམ་མཆན་ལས། དྲུག་པ་མཎྜལ་ཕུལ་ཏེ་ཞེས་པ་ལྟར། དྲུག་པ་མཎྜལ་ཕུལ་ཏེ་འདོད་དོན་ལ་གསོལ་བ་གདབ་པ་ནི། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་རྒྱུད་ལ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅྀ་མ་ལོག་པའི་བློ་སྣ་མཐའ་དག་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་མྱུར་བ་ཉིད་དུ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དོན་ཆེན་པོ་གསུམ་གྱི་གསོལ་འདེབས་དང༌། ཁྱོད་ནི་བླ་མ་ཞེས་སོགས་ཕུར་ཚུག་གསོལ་འདེབས་ཀྱང་འདོན་པར་གསུངས་ལ། དེའི་ཚེ་རེ་བལྟོས་བྱེད་ས་བླ་མ་གཅིག་པུ་བྱས་ཏེ་བདག་ལ་ཐར་ལམ་སྟོན་པའི་བླ་མ་ཡང་ཁྱེད་ཡིན། དངོས་གྲུབ་སྩོལ་བའི་ཡི་དམ་ཡང་ཁྱོད་ཡིན། མ་ཡིས་བུ་བཞིན་སྐྱོང་བའི་མཁའ་འགྲོ་ཡང་ཁྱོད་ཡིན། འགལ་རྐྱེན་བར་ཆད་སེལ་བའི་ཆོས་སྐྱོང་ཡང་ཁྱོད་ཡིན། ཞེས་ཞེ་ཐག་པ་ནས་གསོལ་བ་འདེབས་པ་གལ་ཆེ། གཉིས་པ་དངོས་གཞི་ལ་གཉིས། སྤྱིའི་སྐྱོང་ཚུལ་དང༌། སྐབས་འདིའི་སྐྱོང་ཚུལ་ལོ། །དང་བོ་ནི། ཐོག་མར་གང་བསྐྱང་རྒྱུའི་དམིགས་པ་རྣམས་ཀྱི་གྲངས་དང་གོ་རིམ་ངེས་པར་བྱ། དེ་ནས་ཇི་ལྟར་ངེས་པར་བྱས་པ་ལས་ལྷག་ཆད་མེད་པར་དྲན་ཤེས་དང་ལྡན་པས་བསྐྱང་བར་བྱའོ། །

      གཉིས་པ་ནི། བཤེས་གཉེན་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་རྣམས་བསམ་སྟེ་བླ་མའི་སྐྱོན་རྟོགས་པའི་བློ་ཡེ་མ་ཤོར་བར་མཁྱེན་བརྩེ་ནུས་གསུམ་དང་བསླབ་པ་གསུམ་ལ་སོགས་པའི་ཡོན་ཏན་རང་གིས་གང་རྟོགས་པ་རྣམས་དང༌། རང་ལ་རྗེས་སུ་བརྩེ་བའི་བཀའ་དྲིན་རྣམས་བསམ་སྟེ་སྙིང་ཐག་པ་ནས་དད་གུས་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །གསུམ་པ་མཇུག་གི་བྱ་བ་ནི། བསགས་པའི་དགེ་བ་རྣམས་བཟང་བོ་སྤྱོད་པ་ལ་སོགས་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུ་དེས་ཐོ་རེངས། སྔ་དྲོ། ཕྱི་དྲོ། སྲོད་དེ་ཐུན་བཞི་ལ་བསྒོམ་ན་ལེགས་གསུངས། གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། སྤྱིར་ཕྱག་དང་བསྐོར་བ་ཁ་ཏོན་སོགས་དུ་མ་ཞིག་ཡོད་ཀྱང་གཙོ་བོ་ནི། ཐུན་གྱི་ངོ་བོ་ལ་འབད་ནས་བསྐྱང་རྒྱུའི་དམིགས་རྣམ་ལ་དྲན་ཤེས་བརྟེན་ནས་དེ་སྟོན་པའི་གསུང་རབ་ལ་བལྟ་བ་དང༌། ཡོན་ཏན་སྐྱེ་བའི་རྒྱུར་ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བ་ལ་སྒོ་དུ་མ་ནས་འབད་པར་བྱ་དགོས་གསུངས། གཞན་ཡང་དབང་བོའི་སྒོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། ཉལ་བའི་རྣལ་འབྱོར་སོགས་ཀྱང་གསུངས་པས། ཟས་ཀྱི་རྣལ་འབྱོར་ནི། བཤེས་སྤྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །ཞེས་སོགས་དང༌། མི་ཉལ་བ་དང་ཉལ་བའི་ཀུན་སྤྱོད་ནི། ཡང་དེ་ཉིད་ལས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་བཞིན་དེ་དག་བར་དུ་མནོལ། །ཞེས་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཉལ་བའི་ཚེ་ནའང་སྣང་བའི་འདུ་ཤེས། ལྡང་བའི་འདུ་ཤེས། དྲན་པའི་འདུ་ཤེས། ཤེས་བཞིན་གྱི་འདུ་ཤེས་ཏེ་འདུ་ཤེས་བཞི་བསྟེན་ནས་ཉལ་བར་གསུངས་སོ། །དེ་ལྟར་ན་དངོས་གཞིའི་སྐབས་ཀྱི་སྐྱོང་ཚུལ་ཐུན་མོང་མ་ཡིན་པ་མ་གཏོགས་སྦྱོར་དངོས་མཇུག་གསུམ་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་རྣམས་ནི། འདི་ནས་ལྷག་མཐོང་གི་བར་གྱི་དམིགས་རྣམ་གང་སྐྱོང་ཐམས་ཅད་ལ་འདྲའོ། །གཉིས་པ་སྐྱོང་ཚུལ་གཉིས་ཀྱིས་སྐྱོང་དགོས་པའི་རྒྱུ་མཚན་ནི། མངོན་རྟོགས་རྒྱན་ལས། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་གང་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་སྒོམ་པས་ཉམས་སུ་ལེན་པ་དང༌། སྒོམ་པས་ཉམས་སུ་བླང་བྱའི་དོན་ལ་སྔོན་དུ་ཐོས་བསམ་གྱིས་སྒྲོ་འདོག་ཆོད་དགོས་པ་སོགས་བསམ་སྒོམ་ཡ་བྲལ་དུ་མ་སོང་བར་གང་བསྒོམ་བྱའི་དོན་དེ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་དང༌། དོན་དེ་ལ་ཚུལ་བཞིན་དུ་སོ་སོར་རྟོགས་པའི་ཤེས་རབ་གཉིས་ཟུང་དུ་འབྲེལ་དགོས་པར་གསུངས་སོ། །

      གཉིས་པ་བཤེས་གཉེན་བསྟེན་ནས་བློ་ཇི་ལྟར་སྦྱངས་པའི་རིམ་པ་ལ་གསུམ། སྐྱེས་བུུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་བོ་ལ་དོན་བསྡུས་ཏེ་བཤད་པ་དང༌། རྒྱས་པར་བཤད་པ་གཉིས། དང་བོ་ནི། དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་ལན་གཅིག་ཐོབ་པའི་སྐབས་འདིར་འཇིག་རྟེན་ཕྱི་མར་ངན་སོང་དུ་མི་ལྷུང་བ་ཙམ་ཞིག་མ་མཐའ་བྱེད་དགོས། དེ་ཡང་འཇིག་རྟེན་འདིའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་པའི་བསམ་པ་ཞིག་རང་རྒྱུད་ལ་བསྐྱེད་པའི་སྒོ་ནས་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་དགོས་པ་ཡིན། དེ་འདྲའི་བསམ་པ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ན། མཉམ་མེད་ཇོ་བོ་ཆེན་པོས། རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཡང་སྨན་ཡིན། རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་ཡང་དུག་ཡིན། ཞེས་པ་དང༌། འཇམ་མགོན་བླ་མས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་གསུངས་པ་དང༌། བསྟན་པའི་སྒྲོན་མེས། ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། །ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །ཞེས་གསུངས་པ་ལྟར། དེ་ནས་བཟུང་སྟེ་དགེ་བ་གང་བྱས་ཐམས་ཅད་འཇིག་རྟེན་ཕྱི་མར་ངན་འགྲོར་འགོག་པ་དང༌། མངོན་མཐོའི་རྟེན་བཟང་ཐོབ་པའི་རྒྱུར་འགྲོ་ངེས་པ་མ་གཏོགས། འཇིག་རྟེན་འདིའི་ཞེན་ཆགས་དང་སྦྲགས་པའི་རྣམ་པར་དཀར་བའི་ཉམས་ལེན་རེ་བྱེད་ཁུལ་བྱས་ཀྱང་འཇིག་རྟེན་ཕྱི་མར་ཕན་ངེས་ཀྱི་ཆོས་སུ་འགྱུར་དཀའ་མོ་ཡིན། དེ་ལྟར་ཡིན་པ་ནི། རྒྱལ་སྲས་ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་བྱེད་བྱས་ཀྱང། །སེམས་གཞན་གཡེང་བས་བྱས་པ་རྣམས། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་པ་ལྟར་ཡིན་ནོ། །དེས་ན་དལ་འབྱོར་ལན་གཅིག་ཐོབ་པའི་སྐབས་འདིར་ཚེ་འདི་སྣང་གི་ཞེན་པའི་དབང་དུ་མི་གཏོང་བར་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་པ་གལ་ཆེ་སྟེ། འཇམ་མགོན་བླ་མས། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཞེས་པ་ནས། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །ཞེས་པའི་བར་དང༌། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །ཅེས་པ་ནས། རྒྱུན་དུ་སྟོབས་བཞི་ཚང་བ་བསྟེན་པར་གཅེས། །ཞེས་གསུངས་པ་ལྟར་རོ། །

       གཉིས་པ་རྒྱས་པར་བཤད་པ་ལ་བཞི། དལ་འབྱོར་རྙེད་དཀའ་བསམ་པ། མི་རྟག་པ་རྗེས་སུ་དྲན་པ། ངན་འགྲོའི་ཉེས་དམིགས་བསམས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། ཁྱད་པར་དུ་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་ཡིད་ཆེས་པའི་སྒོ་ནས་ལས་འབྲས་བསམ་ཚུལ་ལོ། །དང་བོ་དལ་འབྱོར་རྙེད་དཀའ་བསམ་པ་ལ། དལ་འབྱོར་ངོས་བཟུང་བ་དང༌། དལ་འབྱོར་དོན་ཆེ་བར་བསམ་པ་དང༌། དལ་འབྱོར་རྙེད་དཀའ་བ་དངོས་བསམ་པ་དང་གསུམ། དང་བོ་དལ་འབྱོར་དངོས་བཟུང་བ་ལ། དལ་བ་ངོས་བཟུང་བ་དང༌། འབྱོར་བ་ངོས་བཟུང་བ་གཉིས། དང་བོ་དལ་བ་ངོས་བཟུང་བ་ལ། དམྱལ་བར་མ་སྐྱེས་པའི་ཆ་ནས་དལ་བ་གཅིག དུད་འགྲོར་མ་སྐྱེས་པའི་ཆ་ནས་དལ་བ་གཅིག ཡི་དྭགས་སུ་མ་སྐྱེས་པའི་ཆ་ནས་དལ་བ་གཅིག ལྷ་ཚེ་རིང་བོར་མ་སྐྱེས་པའི་ཆ་ནས་དལ་བ་གཅིག རྒྱལ་བའི་བཀའ་མེད་པར་མ་སྐྱེས་པའི་ཆ་ནས་དལ་བ་གཅིག ཡུལ་མཐའ་འཁོབ་ཏུ་མ་སྐྱེས་པའི་ཆ་ནས་དལ་བ་གཅིག དབང་བོ་མ་ཚང་བ་སོགས་གླེན་ཞིང་ལྐུགས་པའི་ལུས་མ་བླང་བའི་ཆ་ནས་དལ་བ་གཅིག ལོག་ལྟ་ཅན་གྱི་ལུས་མ་བླང་བའི་ཆ་ནས་དལ་བ་གཅིག་སྟེ། དེ་འདྲའི་དལ་བ་བརྒྱད་པོ་དེ་རང་གི་ལུས་རྟེན་འདི་ལ་ཚང་བས་ན་དལ་བའི་རྟེན་ཟེར། དེ་ལྟ་བུའི་དལ་བ་དེ་ཡང་ཁས་བཤད་ཤེས་པ་ཙམ་གྱིས་མི་ཡོང་བར་སྙིང་ཐག་པ་ནས་ངོས་ཟིན་དགོས། སྙིང་ནས་ངོས་ཟིན་པ་ལ་དལ་བ་བརྒྱད་ཀྱི་ལྡོག་ཕྱོགས་མི་ཁོམ་པ་བརྒྱད་པོ་སོ་སོའི་ཉེས་དམིགས་བསམ་དགོས་པ་ཡིན་པས། བསམ་ཚུལ་ཡང་མི་ཁོམ་པ་བརྒྱད་ཀྱི་ངང་ཚུལ་ལ། རང་གིས་ཕར་ལྟད་མོ་བལྟས་ནས་བསམ་བློ་བཏང་བ་ལྟ་བུ་མ་ཡིན་པར། རང་ཉིད་མི་ཁོམ་པ་དེ་དག་གི་ངང་ཚུལ་ཅན་ཞིག་ཡིན་ན་ཅི་འདྲ་ཡིན་སྙམ་དུ་ཁ་ནང་བལྟས་ཀྱི་སྒོ་ནས་བསྒོམ་དགོས། དཔེར་ན་དབང་ཤེད་ཅན་གྱི་རྒྱལ་བོ་སྡིག་ཅན་གྱིས་མི་ཐམས་ཅད་དབང་དུ་འདུ་བའི་དོན་ལ་མི་མང་བོའི་སྐེ་བླང་བའི་ཚེ་དེ་རིག་ཚད་མཐོང་ཚད་ཀུན་གྱི་སྐེ་བླང་བ་མ་ཡིན་ཅིང༌། མི་ཕལ་ཆེར་ལ་ཉིན་ཁ་ཤས་ཀྱི་རིང་ལ་ཅི་བྱ་གཏོལ་མེད་པར། སྙིང་ཁུང་རུས་པའི་གཏིང་ནས་འཇིགས་སྐྲག་ཐོན་ཡོང་བ་འཇིག་རྟེན་ན་མངོན་སུམ་གྱིས་གྲུབ་འདུག་པ་དེ་འདྲ་ཡིན། དེས་ན་མི་ཁོམ་པ་བརྒྱད་ཀྱིས་མཚོན། སྐྱེས་བུ་འབྲིང་གི་སྐབས་སུ་རིགས་དྲུག་སོ་སོའི་ཉེས་དམིགས་སེམས་པ་དང༌། སྐྱེས་བུ་ཆེན་པོའི་སྐབས་སུ་ཕྱོགས་མེད་ཀྱི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསྒོམ་པ་སོགས། དེ་ལྟ་བུའི་སྐབས་ཐམས་ཅད་དུ་གཞན་དཔེ་རང་སྟེང་དུ་ཕབ་ནས་བསམ་ཤེས་དགོས། དེ་འདྲའི་བསམ་པ་རྣམ་དག་ཅིག་གིས་སྒོ་ནས་ཆོས་སེམས་ངོ་ཨེ་འཕྲོད་མི་བལྟ་ན། ཁ་ཙམ་གྱིས་ཟབ་མོའི་ཆོས་ཅི་འདྲ་བཤད་ཅིང་ཆོས་ལ་སྙིང་ནས་མ་གུས་པའི་དབང་གིས་རང་མཐོང་གི་ང་རྒྱལ་ལངས་ཡོང་བ་ཆོས་ཉིད་ཡིན། དེ་འདྲའི་རང་མཐོང་བྱུང་ཚེ་ཆོས་ཚུལ་བཞིན་གསུང་མཁན་གྱིས་ལམ་རིམ་ལྟ་བུའི་ཆོས་གསུང་བའི་ཚེ་ནའང༌། འདི་ནི་སྔར་གོ་མ་མྱོང་བའི་ཆོས་ཤིག་མ་ཡིན་སྙམ་པ་དང༌། འདི་ལ་ཟབ་རྒྱུ་ཡང་མེད་སྙམ་པ་དང༌། འདི་འདྲའི་ལྷག་ཅིག་ངས་ཀྱང་ཤེས་སྙམ་པ་སོགས། དེ་འདྲའི་ལོག་རྟོག་སྣ་ཚོགས་ཤིག་བྱུང་ནས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་མི་སྐྱེ་བ་ཡིན། རང་གིས་རང་དེ་འདྲ་བྱས་ནས་ངན་ལང་ལ་བཏང་ཕྱིན་ཆད། འཇིག་རྟེན་ན་ཆ་ཡོད་ངན་པ་སྡིག་འདྲེ་ཟེར་བ་ལྟར། ཆོས་དྲེད་ལ་སོང་སྟེ་བླང་དོར་གྱི་ལེགས་ཉེས་ཤེས་བཞིན་དུ་བཅོམ་ལྡན་འདས་ཀྱི་བཅས་པ་རྣམས་ཆད་དུ་གསོད་པ་དང༌། ཉེས་སྤྱོད་སྡིག་ལྟུང་དང་བཅས་པ་ལ་དོགས་འཛེམ་གཏན་ནས་མི་བྱེད་མཁན་ཞིག་བྱུང་ཉེན་ཡོད། དེ་འདྲ་བྱུང་ཕྱིན་ཆད་དེའི་མིང་ལ་དྲེད་པོ་ཆོས་རྒྱུས་མཁན་ཟེར་བ་ཡིན། དེ་ལ་ཆོས་པའི་དྲི་ཙམ་ཡང་མི་བྲོ། ཉོན་མོངས་ཀྱི་གཉེན་པོར་མི་འགྲོ་བར་ཉོན་མོངས་ཀྱི་གྲོགས་སུ་འགྲོ་རྒྱུའི་ཆོས་དེ་འདྲ་དང་བོ་ཉིད་ནས་མ་བསླབ་པ་དགའ་སྟེ། བསྟན་བའི་སྒྲོན་མེས། ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། །ཞེས་པ་དང༌། ཆོས་ཀྱིས་ངན་སོང་སྒྲུབ་པར་མ་བྱེད་ཨང༌། །ཞེས་གསུངས་པ་ལྟར་རོ། །མདོར་ན་ཆེ་ཤེས་ཆུང་ཤེས་ཐམས་ཅད་རང་རྒྱུད་ལ་ཨེ་འཕྲོད་བལྟ་རྒྱུ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ། རང་རྒྱུད་ལ་ཨེ་འཕྲོད་བལྟ་ཚུལ་ཡང༌། རྗེ་མི་ལས། ཆོས་པས་རང་ཚུགས་མི་ཟིན་ན། །གྱོང་ལ་དེ་ཡི་ཆེ་བ་མེད། །ཅེས་གསུངས་པ་ལྟར། ཁ་མིག་ཡར་ལྟོས་བྱེད་ཕྱིན་ཆད་དུས་རྒྱུན་དུ་དྲན་ཤེས་བསྟེན་རྒྱུ་དང༌། དབང་བོའི་སྒོ་བསྡོམ་པ་སོགས་ཀྱིས་སྒོ་ནས་རང་གིས་རང་ཚུགས་མི་ཉམས་པ་འདི་ཤིན་ཏུ་གལ་ཆེ། གཉིས་པ་འབྱོར་བ་ངོས་བཟུང་བ་ལ། རང་འབྱོར་ངོས་བཟུང་བ་དང༌། གཞན་འབྱོར་ངོས་བཟུང་བ་གཉིས་ཡོད་པ་ལས། དང་པོ་ནི། ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་བོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་ལྟར་ལྔ་ཡོད་པས། དང་བོ་མི་ཉིད་ཅེས་པ་ནི། མི་ཁོམ་པ་བརྒྱད་དང་བྲལ་བའི་མི་ལུས་ཐོབ་པ་ཙམ་གྱི་དོན་མ་ཡིན་པར། མི་ལུས་བླངས་པའི་སྟེང་དུ། ཡུལ་དབུས་སུ་སྐྱེས་པ། དབང་བོ་ཚང་བ། ལས་མཐའ་མ་ལོག་པ། གནས་ལ་དད་པ་སྟེ་ཁྱད་ཆོས་ལྷག་མ་བཞི་བོ་ཚང་དགོས་པ་ཡིན། དབུས་སྐྱེས་ཞེས་པ་ནི་ས་ཚུགས་ཀྱིས་བཞག་ན། འཛམ་གླིང་གི་དབུས་སུ་སྐྱེས་པའི་དོན་ཡིན་ཅིང༌། འཁོར་རྣམ་བཞི་ཡོད་པ་ཆོས་ཚུགས་ཀྱིས་བཞག་པའི་ཡུལ་དབུས་ཡིན་པས་རང་ཅག་ལྟ་བུ་དེར་སྐྱེས་པས་ན་དབུས་སྐྱེས་ཞེས་པའི་དོན་ཡང་ཚང༌། དབང་བོ་ཚང་ཞེས་པ་ནི། དབང་བོའི་སྒོ་ལྔ་ཚང་བའི་དོན་ཡིན་པས་ཤེས་སླ། ལས་མཐའ་མ་ལོག་ཅེས་པ་ལ། སྤྱིར་མཐའ་འཇོག་ཚུལ་ལ་བཟང་མཐའ་ངན་མཐའ་སོགས་སྣ་ཚོགས་ཚོགས་ཤིག་ཡོད་ཅིང༌། ལས་མཐའ་མ་ལོག་ཅེས་པའི་ཚིག་ཟུར་གྱི་མཐའ་དེ། འཁོར་བ་ཟད་པའི་མཐའ་དང༌། འཁོར་བར་སྐྱེས་པ་འཕེན་བྱེད་ཀྱི་མི་དགེ་བའི་ལས་ཉོན་གསར་བ་ཟད་པའི་མཐའ་སོགས་ལ་བྱེད་དགོས་པས་རང་ཅག་ལྟ་བུས་མཚམས་མེད་ལྔ་ལ་སོགས་པའི་མི་དགེ་བའི་ལས་སྟོབས་ཆེན་བསགས་ལ་མ་སྦྱང་ན། ཚེ་འདིར་འཁོར་བ་ཟད་པའི་མཐའ་དང༌། འཁོར་བར་སྐྱེས་པ་འཕེན་བྱེད་ཀྱི་མི་དགེ་བའི་ལས་ཉོན་གསར་བ་ཟད་པའི་མཐའ་སོགས་ལས་ལོག་སྟེ་སྐྱེས་པ་ཕྱི་མར་ངན་སོང་དུ་འགྲོ་ཐག་ཆོད་ཡིན་པས་ན། ལས་མཐའ་ལོག་པ་ཡིན། རང་ཅག་རྣམས་ཀྱིས་དེ་འདྲ་མ་བྱས་པས་ལས་མཐའ་མ་ལོག་ཅེས་པའི་དོན་ཡང་ཚང༌། གནས་ལ་དད་པ་ཞེས་པ་ནི། སྡེ་སྣོད་གསུམ་ལ་དད་པའི་དོན་ཡིན། གཉིས་པ་གཞན་འབྱོར་ནི། ཉན་ས་ལས། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་ལྔ་ཡོད་པས། དེ་ཡང་རང་ཅག་ལྟ་བུ་སངས་རྒྱས་འཇིག་རྟེན་འདིར་ཞལ་བཞུགས་དུས་དང་མ་འཕྲད་ཅིང༌། སངས་རྒྱས་འཇིག་རྟེན་དུ་བྱོན་བསྐལ་དང་འཕྲད་པ་ཡིན་པས་ན་སངས་རྒྱས་བྱོན་དང་ཞེས་པའི་དོན་ཡང་རྗེས་མཐུན་པ་ཚང༌། སངས་རྒྱས་བྱོན་པ་ཙམ་དུ་མ་ཟད་སངས་རྒྱས་ཀྱི་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་གསུངས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པ་རང་ལ་སྟོན་པའི་སངས་རྒྱས་དང་འདྲ་བའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞལ་བཞུགས་ནས་ཡོད་པས་ན་དམ་ཆོས་སྟོན་ཞེས་པའི་དོན་ཡང་རྗེས་མཐུན་པ་ཚང༌། དེ་ལྟར་བསྟན་འཛིན་རྣམས་ཀྱིས་ཆོས་གསུངས་པའི་གདམས་དོན་མ་ནོར་བར་ཉམས་སུ་བླངས་པ་ལ་བརྟེན་ནས་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་སྔོན་ནས་ད་བར་དུ་གནས་པ་འདི་བཞིན་ཡིན་པས་ན། བསྟན་པ་གནས་དང་ཞེས་པའི་དོན་ཡང་རྗེས་མཐུན་པ་ཚང༌། དེ་འདྲའི་དམ་པ་རྣམས་ལ་མིག་ལྟོས་བྱས་ནས་དེང་སང་གི་སྐབས་སུ་ཡང་ཆོས་སྒོར་ཞུགས་པ་མང་དུ་ཡོད་པས་ན། དེ་རྗེས་འཇུག་ཅེས་པའི་དོན་ཡང་རྗེས་མཐུན་པ་ཚང༌། འདོད་ཆུང་ཆོག་ཤེས་ལ་གནས་ནས་ཆོས་རྣམ་དག་ཅིག་བསྒྲུབ་ནུས་ན། གཞན་སྦྱིན་བདག་ལ་སོགས་པས་ཆོས་སྒྲུབ་པ་བོའི་ཕྱིར་དུ་སྙིང་བརྩེ་བ་དང་ཆོས་སྒྲུབ་པ་བོ་ལ་དད་པའི་སེམས་ཀྱིས་ཟས་གོས་གནས་མལ་སོགས་ལ་སྡུག་མི་དགོས་པ་ཡིན་པས་ན། གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པའི་དོན་ཡང་ཚང་བ་ཡིན། མདོར་ན་ཆོས་བསྒྲུབ་པའི་ལོང་ཡོད་ན་དལ་བའི་དོན་ཚང་བ་ཡིན། དེས་ན་མི་ཁོམ་པ་བརྒྱད་དང་བྲལ་ཙམ་གྱིས་མི་ཡོང་བར་ཆོས་བསྒྲུབ་པའི་ཁོམ་ལོང་ཡོད་དགོས། རྣམ་གཡེང་སོགས་ཀྱིས་དབང་དུ་སོང་ནས་ཆོས་ལ་བློ་མི་ཚུགས་ན་འདི་སྣང་གི་གཡེང་བ་མི་ཁོམ་པ་དགུ་བ་ཡིན་ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུང་རྒྱུན་ལྟར་ཡིན། དེས་ན་དེ་ལྟ་བུའི་དལ་བའི་དོན་ཚང་མ་ཚང་རང་གིས་རང་ལ་རྒྱུན་དུ་རྟོག་དཔྱོད་གཏོང་རྒྱུ་འདི་གལ་ཤིན་ཏུ་ཆེ་བ་ཡིན། དེ་ཡང་སྐྱེས་བུའི་སྐད་དོད་པུ་རུ་ཥ་འམ་པུར་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས་བླང་དོར་འབྱེད་པ་ལ་བློའི་ནུས་པ་ཡོད་པ་ཞིག་གི་མིང་ལ་སྐྱེས་བུ་ཟེར་བ་ཡིན། ཁྱད་པར་དུ་སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་པའི་ཚིག་ཟུར་གྱི་སྐྱེས་བུ་དེ་ལ་དོན་དེ་ངེས་པར་ཚང་དགོས་པ་ཡིན་ནོ། །དེས་ན་འབྱོར་པའི་དོན་ཡང༌། རང་ལ་ཚང་རྒྱུའི་འབྱོར་བ་དེ་དག་རང་གི་ཆོས་ཀྱི་མཐུན་རྐྱེན་དུ་འགྲོ་ན་འབྱོར་བའི་དོན་ཚང༌། ཆོས་ཀྱི་མཐུན་རྐྱེན་དུ་མི་འགྲོ་ན་ཁྱིམ་ཚང་ཕྱུག་པོ་སེར་སྣ་ཅན་གྱི་འབྱོར་བ་བསགས་པ་དང་ཁྱད་པར་མེད་པས་དེ་འདྲའི་རིགས་ལ་བསམ་བློ་ཞིབ་མོ་བཏང་སྟེ་མྱོང་ཐོག་ནས་ཡིན་ལུགས་ཀྱི་རྟོགས་པ་ཞིག་ཨེ་སྐྱེ་བལྟ་རྒྱུ་གནད་ཆེ་བས་ན། དལ་འབྱོར་གྱི་ངོ་བོ་ངོས་འཛིན་དེ་འདྲ་ཡིན། གཉིས་པ་དལ་འབྱོར་དོན་ཆེ་བར་བསམ་པ་ལ། གནས་སྐབས་མངོན་མཐོ་ལ་བལྟོས་ཏེ་དོན་ཆེ་ཚུལ་དང༌། མཐར་ཐུག་ངེས་ལེགས་ལ་བལྟོས་ཏེ་ཡང་དོན་ཆེ་ཚུལ་དང་གཉིས་ཡོད་པས། དང་བོ་ནི། མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་དང༌། རིན་ཆེན་འཕྲེང་བ་ལས་ཀྱང༌། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།།བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོགས་གསུངས་པ་ལྟར། དེ་ཡང་འཇིག་རྟེན་ཕྱི་མ་རྣམས་སུ་ལོངས་སྤྱོད་འབྱུང་བའི་རྒྱུར་སྦྱིན་པ་གཏོང་བ་དང༌། བདེ་འགྲོའི་ལུས་ཀྱི་ངོ་བོ་དང་ལུས་སེམས་ལ་བདེ་བ་འབྱུང་བའི་རྒྱུར་ཚུལ་ཁྲིམས་བསྲུང་བ་དང༌། གཟུགས་དང་ལང་ཚོ་དང་འཁོར་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་བཟོད་པ་བསྒོམ་པ་དང༌། རྣམ་དཀར་གྱི་བྱ་བ་གང་བརྩམ་ཐམས་ཅད་རྒྱུན་ཆགས་མོའི་སྒོ་ནས་མཇུག་མཐར་ཕྱིན་ཡོང་བའི་ཐབས་བརྩོན་འགྲུས་ཀྱི་ཉམས་ལེན་དང༌། དོན་མེད་ཀྱི་གཡེང་བ་ཞི་བ་དང༌། བླང་དོར་གྱི་གནས་ལ་དཔྱོད་པའི་ཤེས་རབ་ཆེ་བའི་རྒྱུར་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སོགས་ཀྱང་རྟེན་འདི་ལ་བདེ་བླག་ཏུ་བསྒྲུབ་ནུས་པས་ན། གནས་སྐབས་མངོན་མཐོ་ལ་བལྟོས་ཏེ་དོན་ཆེ་བ་ཡིན། མཐར་ཐུག་ངེས་ལེགས་ལ་བལྟོས་ཏེ་དོན་ཆེ་ཚུལ་ནི། མདོ་སྔགས་ཐུན་མོང་བའི་ལམ་ལ་མྱོང་བ་ཚད་ལྡན་ཡོད་ཐོག་ནས། མཚན་ཉིད་དང་ལྡན་པའི་བླ་མའི་དྲུང་ནས་དབང་བཞི་རྣམ་པར་དག་པ་ཐོབ་སྟེ། ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་རིམ་གཉིས་ཀྱི་རྣལ་འབྱོར་ཡེངས་མེད་དུ་བསྒོམ་ནུས་ན་ཚེ་གཅིག་ལུས་གཅིག་ལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དམ་པ་གོང་མ་རིམ་བྱོན་རྣམས་ཀྱི་རྣམ་ཐར་ལྟར་ཡིན་པས་ན། མཐར་ཐུག་ངེས་ལེགས་ལ་བལྟོས་ཏེ་དོན་ཆེ་བ་ཡིན་ནོ། །

       གསུམ་པ་དལ་འབྱོར་རྙེད་དཀའ་བ་བསམ་པ་ལ། དང་བོ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། ལམ་རིམ་ལས། ཁྱད་པར་དུ་དལ་འབྱོར་ཚང་བར་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་པ་ལ་སོགས་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགེ་རྩ་མང་བོ་ཞིག་དགོས་ཞེས་གསུངས་པ་ལྟར། ཁས་བླངས་པའི་བསླབ་བྱ་རྣམས་ལ་སློབ་ཚུལ་རགས་རིམ་ཙམ་ཞིག་མ་མཐའ་ཤེས་པར་བྱས་ཏེ། དུས་རྒྱུན་དུ་སྡོམ་པ་བསྲུང་འདོད་རང་ཤུགས་ཀྱིས་སྐྱེ་རྒྱུ་དཀའ་མོ་ཡིན་ཀྱང༌། ཨུ་ཚུགས་བྱས་ཏེ་བསྲུང་བ་དང༌། བག་ཆགས་ངན་གོམས་ཀྱི་དབང་གིས་ཉེས་ལྟུང་ཅུང་ཟད་རེ་བྱུང་ནའང་དེ་མ་ཐག་ཕྱིར་བཅོས་དང༌། བཤགས་སྡོམ་དྲག་པོའི་སྒོ་ནས་ལྟུང་བའི་འཕེལ་ཁ་བཅད་དེ་ཉེས་ལྟུང་དང་ཞག་ཏུ་མི་འགྲོགས་པ་སོ་ཐར་གྱི་སྡོམ་ལྡན་ལས་དང་བོ་བ་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་ཚུལ་ཡིན། ཉེས་སྤྱོད་དང་མ་འདྲེས་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གཙང་མ་ཁྱིམ་པ་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་ཚུལ་ཡིན་ནོ། །དེས་ན་དེ་འདྲའི་ཚུལ་ཁྲིམས་རྣམ་པར་དག་པ་དེ་བདེ་འགྲོའི་ལུས་ཀྱི་ངོ་བོ་སྒྲུབ་བྱེད་ཀྱི་གཞི་ཡིན་པས་ན། སྦྱིན་སོགས་དྲུག་གི་ནང་ནས་ཀྱང་མེད་དུ་མི་རུང་བའི་ཆོས་ཡིན། དེའི་སྟེང་དུ་ལོངས་སྤྱོད་དང་འཁོར་ཕུན་སུན་ཚོགས་པ་སོགས་འབྱུང་བའི་ཐབས་སྦྱིན་སོགས་ལྷག་མ་ལྔའི་གྲོགས་ལ་བརྟེན་དགོས་ཚུལ་གནས་སྐབས་མངོན་མཐོ་ལ་བལྟོས་ཏེ་དོན་ཆེ་ཚུལ་བཤད་པས་ཤེས་ནུས་པ་ཡིན། དེ་ལྟ་བུའི་དགེ་བའི་རྩ་བ་དེ་འདི་སྣང་གི་ཞེན་པས་མ་སྦགས་པར་ཕྱི་མར་དལ་འབྱོར་ཕུན་སུམ་ཚོགས་པ་ཞིག་ཐོབ་ན་ཅི་མ་རུང་སྙམ་པ་དང༌། ཐོབ་པར་གྱུར་ཅིག་སྙམ་དུ་འདུན་པ་ཤུགས་ཆེན་བསྐྱེད་པ་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཞེས་པའི་དོན་ཡིན། དེ་འདྲའི་སྨོན་ལམ་རྣམ་དག་དེ་འཆི་སེམས་རགས་པའི་སྣང་བ་མ་ནུབ་ཚུན་ལ། ཉོན་མོངས་སྟོབས་ཆེན་སོགས་ཀྱིས་འབུར་འཇོམ་མ་བྱས་ན་དངོས་ཀྱི་སྐྱེས་པ་ཕྱི་མར་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ་པའི་རྒྱུར་འགྲོ་ངེས་ཡིན་ཅིང༌། རྒྱུ་གྲངས་ཚང་དེ་འདྲ་ཉམས་སུ་ལེན་རྒྱུ་ལུང་གཞུང་གི་ཆུ་རི་རྩེར་འདྲེན་པ་ལྟ་བུ་ལས་ཀྱང་དཀའ་ཚེགས་ཤིན་ཏུ་ཆེ་བ་དང༌། རྣམ་གཡེང་སོགས་ཉོན་མོངས་ཀྱི་ཕྱོགས་ལ་ནི་འབད་རྩོལ་མི་དགོས་པ་ངམ་ངམ་ཤུགས་ཀྱིས་འཇུག་འགྲོ་བ་རང་ཅག་རྣམས་ཀྱི་ཆོས་ཉིད་ཡིན་པས། ད་ལྟའང་སེར་སྐྱ་ཁྲི་ཕྲག་མང་བོའི་ཁྲོད་ན་ཐུན་མོང་གི་སྣང་ཚོད་དུ་ཆོས་ལ་སྙིང་ནས་བློ་ཁ་ཕྱོགས་པ་གཅིག་གཉིས་རེ་ཡོད་མེད་ཀྱང་ཐེ་ཚོམ་གྱི་གནས་ཡིན་པ་ནི་ཞུུ་མ་དགོས་པ་ཡིན། དེས་ན་དགེ་བའི་ཕྱོགས་ལ་གོམས་ཆ་བརྟན་པོ་རེ་ཨེ་ཡོང་བལྟ་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་མ་གཏོགས། མི་ཚེ་གང་བོར་དགེ་སྡིག་འདྲེས་མ་ཞིག་ལ་གོམས་ན་འཆི་ཁར་གལ་ཆེ་བའི་དུས་སུ། དགེ་སྡིག་གང་མངོན་དུ་འགྱུར་མི་ཤེས་མོད། ཕལ་ཆེར་ཚེ་འདིའི་སྡིག་སྒྲིབ་ཀྱི་སྟེང་དུ་ཚེ་སྔ་མའི་སྡིག་སྒྲིབ་ཡོངས་རྫོགས་ཡོད་སྟབས་སྡིག་སེམས་ཤིག་མངོན་དུ་འགྱུར་ཉེན་ཆེ། དེ་འདྲ་ཡོང་ཕྱིན་ཆད་སྐྱེས་པ་ཕྱི་མ་རྣམས་སུ་བདེ་འགྲོའི་མིང་ཙམ་ཡང་ཐོས་དཀའ་བ་ལ་དགོངས་ནས། རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་གསུངས་པ་ཡིན། གཉིས་པ་དཔེའི་སྒོ་ནས་རྙེད་དཀའ་ཚུལ་ནི། བཤེས་སྤྲིང་ལས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པ་ལྟར། དེ་ཡང་དཔེར་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་བའི་ཁར། རླུང་དང་མཚོའི་རྦ་རླབས་ཀྱིས་ཡེངས་པའི་རྐྱེན་གྱིས་འདུག་ས་གཅིག་ཏུ་མི་གནས་པའི་གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་ཅན་ཞིག་ཡོད་པ་ལ། ཕལ་ཆེར་རྒྱ་མཚོའི་གཏིང་དུ་གནས་པའི་རུས་སྦལ་ལོང་བ་གཅིག་གིས། ལོ་བརྒྱ་བརྒྱའི་ནང་ན། རྒྱ་མཚོའི་སྟེང་དུ་མགོ་ཐོན་ཙམ་ཐོན་ཙམ་བྱས་པས་ལན་གཅིག་གི་ཚེ་གཉའ་ཤིང་གི་བུ་གའི་ནང་དུ་མགོ་འཛུལ་རྒྱུའི་འཕྲོད་འཛོམ་བྱུང་ན་ངོ་མཚར་ཆེ། མི་ཁོམ་པའི་གནས་ནས་ཤི་འཕོས་ཏེ་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ་རྒྱུུ་དཔེ་དེ་ལས་ཆེས་དཀའ་བའི་རྒྱུ་མཚན་གྱིས། གཉའ་ཤིང་བུ་ག་དང༌། རུས་སྦལ་འཕྲད་པས་ཀྱང་དུད་འགྲོ་ལས། མི་ཉིད་ཆེས་ཐོབ་དཀའ་གསུངས་དོན་ཡང་དེ་ཡིན། དཔེའི་སྒོ་ནས་རྙེད་དཀའ་ཚུལ་ཞེས་པའི་དཔེ་ལ་མང་དུ་ཡོད་ཅིང༌། དཔེ་འདིའི་སྒོ་ནས་བསམ་ན་བློ་སྐྱེད་ཆེ་གསུངས། དཔེ་འདིའི་མཚོན་དོན་ཡང༌། རྒྱ་མཚོ་འཁོར་བའི་དཔེ། རུས་སྦལ་རང་ཉིད་ཀྱི་དཔེ། ལོང་བ་མ་རིག་པའི་དབང་གིས་བླང་དོར་འབྱེད་མི་ཤེས་པའི་དཔེ། གཏིང་དུ་གནས་པ་ཕལ་ཆེར་ངན་སོང་དུ་གནས་པའི་དཔེ། སྟེང་དུ་ལན་རེར་ཐོན་པ་བདེ་འགྲོའི་དཔེ། ཐོན་ནས་གཉའ་ཤིང་གི་བུ་ག་དང་མ་འཕྲད་པ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་དང༌། བྱོན་ཅིང་ཡུལ་མཐའ་འཁོབ་སོགས་སུ་སྐྱེས་པའི་དཔེ། གསེར་གྱི་གཉའ་ཤིང་སངས་རྒྱས་ཀྱི་བསྟན་པའི་དཔེ། བུ་ག་གཅིག་པ་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་དཔེ། འདུག་ས་གཅིག་ཏུ་མི་གནས་པ་ཡུལ་གཅིག་ཏུ་སངས་རྒྱས་ཀྱི་བསྟན་པ་རྟག་པར་རྒྱུན་དུ་མི་གནས་པའི་དཔེ། ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་ནི་ཡུལ་གཅིག་ཏུ་ནུབ་ཀྱང་གཞན་དུ་དར་བའི་དཔེ། རྒྱ་མཚོ་མི་སྐམ་པ་ནི་འཁོར་བ་མཐའ་མེད་ཀྱི་དཔེ། རུས་སྦལ་མི་འཆི་བ་ནི་ལས་ཉོན་མ་ཟད་བར་དུ་སྐྱེས་པ་རྒྱུན་མི་ཆད་པའི་དཔེ། གཉའ་ཤིང་གི་བུ་གའི་ནང་དུ་རུས་སྦལ་གྱི་མགོ་འཛུལ་རྒྱུའི་འཕྲོད་འཛོམས་བྱུང་བ་རང་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་དཔེ་ཡིན་པས། དཔེ་དེ་ལྟ་བུའི་སྒོ་ནས་བསམ་བློ་ཞིབ་ཏུ་བཏང་ན། ད་གཟོད་ཕྱིན་ཆད་དལ་འབྱོར་ཚང་བའི་ལུས་རྟེན་འདི་ཕལ་ཆེར་ཐོབ་མི་སྲིད་པའི་ཚོད་དུ་ཡོད་པས་ན་དཔེའི་སྒོ་ནས་རྙེད་དཀའ་ཚུལ་གསུངས་པ་ཡིན། གསུམ་པ་འབྲས་བུའམ་ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་ནི། དེ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ལ་བལྟོས་ཏེ་ཡི་དྭགས་ཀྱི་འགྲོ་པ་ཉུང༌། ཡི་དྭགས་ལ་བལྟོས་ཏེ་དུད་འགྲོ་ཉུང༌། དུད་འགྲོའི་གནས་དངོས་གཞི་ནི། རྒྱ་མཚོ་ཆེན་པོའི་གླིང་བར་མུན་པའི་སྨག་རུམ་རྣམས་དང་རྒྱ་མཚོ་ཆེན་པོ་སོགས་ཀྱི་ནང་དུ་ཆང་གི་སྦང་མ་བཞིན་དུ་སྤུང་ནས་ཡོད་པ་ཡིན། དེ་འདྲའི་དུད་འགྲོ་ལ་བལྟོས་ཏེ་དུད་འགྲོ་ཁ་འཐོར་བ་ཉུང༌། ཁ་འཐོར་གྱི་དུད་འགྲོ་ལ་བལྟོས་ཏེ་མིའི་འགྲོ་བ་ཤིན་ཏུ་ནས་ཀྱང་ཉུང༌། དེ་ཡང་དཔེར་ན་གྲོག་ཚང་གཅིག་གི་སྟེང་དུ་མི་གཅིག་ཙམ་གྱི་གོ་ས་མེད་མོད། གྲོག་མ་རྩིས་གྲངས་ཀྱིས་མི་ཐེབས་རྒྱུ་ཞིག་ཡོད་པ་འདི་ཁ་འཐོར་གྱི་དུད་འགྲོ་ལ་བལྟོས་ཏེ་མིའི་འགྲོ་བ་ཉུང་བའི་རྟགས་ཡིན། མིའི་འགྲོ་བ་ལས་ཀྱང་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་འདི་ཤིན་ཏུ་དཀོན་པ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང༌། །ཞེས་གསུངས་པ་ལྟར། བསྐལ་བ་ལ་མུན་བསྐལ་དང་སྒྲོན་བསྐལ་གཉིས་ཡོད་པས། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་བསྐལ་བ་ལ་མུན་བསྐལ་དང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་ལ་སྒྲོན་བསྐལ་ཟེར་བ་ཡིན། མུན་བསྐལ་ནི་ཇི་ལྟར་མཚན་མོ་མུན་ནག་ཞེས་པ་ལྟར། མཚན་མོའི་མུན་ནག་བཞིན་དུ་རྒྱུན་ཤིན་ཏུ་རིང་བ་དང༌། སྒྲོན་བསྐལ་ནི་གློག་འགྱུ་སྐད་ཅིག་རབ་སྣང་ཞེས་སོགས་ལྟར། ཡུན་ཤིན་ཏུ་ཐུང་བའི་གློག་དང་ཆོས་མཚུངས་པ་ཡིན། མུན་བསྐལ་རྒྱུན་རིང་བའི་ཚུལ་དང༌། སྒྲོན་བསྐལ་རྒྱུན་ཐུང་བའི་ཚུལ་ནི། བསྐལ་བ་འདིའི་འོག་རོལ་ཏུ་མུན་བསྐལ་དྲུག་ཅུ་འདས་པ་ན། བསྙེན་པའི་འོད་ཅེས་བྱ་བའི་སྒྲོན་བསྐལ་ཞིག་ལ་སངས་རྒྱས་ཁྲི་འབྱུང་བ་དང༌། དེའི་འོག་ཏུ་མུན་བསྐལ་བརྒྱད་ཁྲི་རྒྱུན་མ་ཆད་པར་འབྱུང་བའི་རྗེས་སུ་སྐར་མའི་འོད་ཅེས་བྱ་བའི་སྒྲོན་བསྐལ་ཞིག་ལ་སངས་རྒྱས་ཁྲི་འབྱུང་བ་དང༌། དེའི་རྗེས་སུ་མུན་བསྐལ་སུམ་བརྒྱ་འདས་པ་ན་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་བསྐལ་ཞིག་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་མདོ་ལས་གསུངས་ཡོད་ཅེས་ཞྭ་མར་རིན་པོ་ཆེའི་ལམ་རིམ་གྱིས་མཚོན་པའི་ལམ་རིམ་མང་བོ་ན་གསུངས་ཡོད། མུན་བསྐལ་དང་སྒྲོན་བསྐལ་གཉིས་ཀྱི་རྒྱུན་རིང་ཐུང་མཚོན་པ་ཙམ་ཞིག་བཤད་ན་དེ་འདྲ་ཡིན། སྒྲོན་བསྐལ་གྱི་སྒྲ་འཇུག་གཞིའི་བསྐལ་ཆེན་དེ་ལ་ཡང་ཆགས་འཇིག་གནས་སྟོང་གི་བསྐལ་བ་བཞི་ཡོད། དེ་རེ་རེ་ལ་ཡང༌། བར་བསྐལ་ཉི་ཤུ་ཉི་ཤུ་སྟེ་བར་བསྐལ་བརྒྱད་ཅུ་ཡོད་པས་དེའི་ནང་ནས་བར་བསྐལ་ཉི་ཤུ་ཡན་གྱི་སྟོང་བསྐལ་ལ་ནི་འཇིག་རྟེན་གྱི་ཁམས་མ་ཆགས་པ་ཡིན་པས། སངས་རྒྱས་བྱོན་མི་བྱོན་ལ་བསམ་བློ་གཏོང་མི་དགོས། ཆགས་བསྐལ་དང་འཇིག་བསྐལ་གཉིས་ལ་ཡང་སངས་རྒྱས་བྱོན་མི་སྲིད་པ་ཡིན། གནས་བསྐལ་ལ་ཡང་ཡ་ཐོག་རིང་མོ། བར་གྱི་ཁུགས་པ་བཅོ་བརྒྱད། མ་ཐོག་རིང་མོ་དང་བཅས་པ་ཡོད་པས། དེ་ཡང་བསྐལ་བ་འདི་ལྟ་བུ་ལ་མཚོན་ནས་བཤད་ན། ཚེ་ལོ་མར་འགྲིབ་ཀྱི་སྐབས་དང༌། མ་ཐོག་རིང་མོའི་ཚེ་ལོ་བརྒྱད་ཁྲིའི་སྐབས་རྣམས་སུ་སངས་རྒྱས་བྱོན་རྒྱུ་ཡོད་པ་མ་གཏོགས། ཚེ་ལོ་བརྒྱད་ཁྲི་ཡན་ཆད་དང༌། བརྒྱ་མན་ཆད་དང༌། ཚེ་ལོ་ཡར་འཕེལ་གྱི་སྐབས་རྣམས་སུ་སངས་རྒྱས་བྱོན་མི་སྲིད་པ་ཡིན། སངས་རྒྱས་བྱོན་བསྐལ་ལ་ཡང་ཆོས་མ་དར་བའི་མཐའ་འཁོབ་ནས་སྤུང་བའི་ཚོད་ཙམ་ལ། ཆོས་དར་བའི་ཡུལ་ནས་འབྲུ་གཅིག་གི་ཚོད་ཙམ་ཡིན་ཞེས་ཀུན་མཁྱེན་ལྔ་བས་འཇམ་དཔལ་ཞལ་ལུང་གི་སྐབས་སུ་གསུངས་ཡོད། ཆོས་དར་བའི་ཡུལ་ལའང་གླེན་ཞིང་ལྐུགས་པ་དབང་བོ་མ་ཚང་པ་ཆོས་ལུགས་མི་གཅིག་པ་སོགས་སྣ་ཚོགས་ཡོད་པ་དང༌། ཆོས་ལུགས་ཙམ་གཅིག་ན་ཡང་ཆོས་ལ་དད་གུས་དང་དོན་གཉེར་མེད་པའི་སྐྱེ་བོ་དཔག་ཏུ་མེད་པ་ལ་ཆོས་ལ་སྙིང་ནས་བློ་ཁ་ཕྱོགས་པ་ཉུང་ངུ་ལས་མེད་ཚུལ་སྔར་བཤད་ཟིན་པ་ལྟར་ཡིན་ནོ། །མདོར་ན་ལམ་རིམ་ཆེན་མོ་ལས། དེ་ལྟ་བུའི་དལ་བ་དེ་ཡང༌། ལུང་གཞི་ལས། ངན་འགྲོ་ནས་ཤི་འཕོས་ཏེ་དེར་སྐྱེས་པ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་སྐྱེས་པ་ནི། སེན་མོའི་རྩེ་མོས་བླངས་བའི་རྡུལ་དང་འདྲ་ཞིང༌། བདེ་འགྲོ་གཉིས་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོ་སྐྱེས་པ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་བདེ་འགྲོ་དང༌། ངན་འགྲོ་གཉིས་ཀ་ནས་རྙེད་པར་དཀའོ། །ཞེས་གསུངས་པ་ལྟར། སྒོ་གང་ནས་བསམ་ཡང་དལ་འབྱོར་ཐོབ་པ་ཉུང་ལ་དལ་འབྱོར་མ་ཐོབ་པ་ས་ཆེན་པོའི་རྡུལ་དང་འདྲ་བར་རང་ཅག་རྣམས་ཀྱི་རྣ་ལམ་དང༌། མིག་ལམ་ལ་མངོན་སུམ་དུ་གྲུབ་ནས་ཡོད་པ་འདི་འབྲས་བུའམ་ངོ་བོའི་སྒོ་ནས་རྙེད་དཀའ་བའི་རྟགས་ཡིན། དེ་ལྟར་དལ་འབྱོར་རྙེད་དཀའ་བསམ་པའི་དགོས་པ་དལ་འབྱོར་ལ་སྙིང་བོ་ལེན་འདོད་སྐྱེ་བའི་ཕྱིར་ཡིན་པས། སྙིང་བོ་ལེན་འདོད་ཀྱི་བློ་ཅི་འདྲ་ཞིག་སྐྱེ་རྒྱུ་ཡིན་ན། དེ་ཡང་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་རང་གཞན་ཀུན་མཚུངས། བདེ་བ་འབྱུང་བའི་ཐབས་ལ་དམ་པའི་ཆོས་ཁོ་ན་མ་གཏོཊ་མེད་པས་ཆོས་རྣམ་དག་ཅིག་བསྒྲུབ་དགོས། བསྒྲུབ་དགོས་ཀྱང་ཆོས་བསྒྲུབ་པའི་ནུས་པ་མེད་ན་བྱ་ཐབས་ཟད་ནའང༌། རང་ཅག་ལྟ་བུ་ལ་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན། ནང་གི་རྐྱེན་དལ་འབྱོར་དང་ལྡན་པས་ན་ཆོས་བསྒྲུབ་མི་ནུས་པའི་རྐྱེན་ནི་གང་ཡང་མེད། དེ་ཡང་སྐྱེས་པ་ཕྱི་མ་རྣམས་སུ་དལ་འབྱོར་རྙེད་དཀའ་ཚུལ་སྔར་བཤད་པ་ལྟར་ཡིན་པས་ན་ཚེ་འདི་ཉིད་ལ་ངེས་པར་བསྒྲུབ་དགོས། བསྒྲུབ་དགོས་ཀྱང་ད་ལྟ་ཉིད་ནས་མ་བསྒྲུབ་ན་ནམ་འཆི་ལ་ངེས་པ་མེད་སྙམ་པའི་བློ་ཚིག་ཙམ་མིན་པ་ཞིག་སྐྱེས་ན།  དལ་འབྱོར་ལ་སྙིང་བོ་ལེན་འདོད་ཀྱི་བློ་མཚན་ཉིད་ཚང་བ་ཞིག་རྒྱུད་ལ་སྐྱེས་པ་ཡིན་པས། དལ་འབྱོར་རྙེད་དཀའ་ཤེས་པ་གནད་དུ་སོང་བའི་རྟགས་ཡིན། དེ་ལས་ལྡོག་སྟེ་འཇིག་རྟེན་འདིའི་བདེ་ཐབས་ཙམ་ཞིག་མ་གཏོགས་དེ་འདྲ་སེམས་ལ་མི་འཛིན་ན་དུད་འགྲོ་དང་ཁྱད་མེད་དུ་སོང་བ་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས། སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །དལ་འབྱོར་ཚང་བའི་རྟེན་འདི་ཡིན་ན་ཡང༌། །བག་མེད་ལེ་ལོ་གཉིད་དང་བྲེ་མོའི་གཏམ། །རྙེད་བཀུར་འདོད་པའི་སྐྱོན་གྱིས་སྦགས་པ་ཡིས། །དོན་མེད་ཕྱོགས་སུ་བཀོལ་བས་དོན་ཆེན་པོ། །བདེ་བླག་བསྒྲུབ་པའི་ལུས་བཟང་ཆུད་གཟོན་པ། །མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན། །ཞེས་གསུངས་པ་ལྟར། དུད་འགྲོ་དང་ཁྱད་མེད་དུ་མ་སོང་བར་ལམ་རིམ་གྱི་ཆོས་སྐོར་གང་ཡིན་ཅིང་བཤད་པའི་ཚེ་ཚིག་ཚོགས་ཅུང་ཟད་ཆེ་ན་ཡང་འབབ་སའི་རྩ་བ་ངོས་ཟིན་པའི་སྒོ་ནས། རང་རྒྱུད་དང་ཨེ་འཕྲོད་བལྟ་རྒྱུ་འདི་རྣམ་པ་ཀུན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ལྟར་དལ་བའི་རྟེན་ལ་སྙིང་བོ་ལེན་འདོད་ཀྱི་བློ་ཕྱིན་ཅི་མ་ལོག་པར་སྐྱེས་པ་ན་སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ལ་མང་དུ་ཡོད་ཀྱང༌། འཆི་བ་མི་རྟག་པ་བསམ་པ་འདི་དང་བོར་གལ་ཆེ་ཚུལ་མྱ་ངན་ལས་འདས་པ་ཆེན་པོའི་ལུང་ལམ་རིམ་དུ་དྲངས་པ་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོགས་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནའང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ལོ། །ཞེས་གསུངས་པ་ལྟར། འཆི་བ་རྗེས་དྲན་བསྒོམ་པ་ལ་ཡང་འཆི་བ་མ་དྲན་པའི་ཉེས་དམིགས། དྲན་པའི་ཕན་ཡོན་སེམས་པ་སྔོན་འགྲོའི་ཚུལ་དུ་དགོས་ཚུལ་གསུངས་ཡོད་པས། འཆི་བ་མ་དྲན་པའི་ཉེས་དམིགས་ནི། འཁོར་བ་ཐོག་མེད་ནས་ད་བར་དུ་སྡུག་བསྔལ་ལ་ཟད་རྒྱུ་མེད་པ་འདི་མྱོང་དགོས་བྱུང་བ་ཡིན། ད་རེས་བླ་མའི་མན་ངག་ལ་བརྟེན་ནས་འཆི་བ་རྗེས་དྲན་གྱི་བློ་ཞིག་རང་རྒྱུད་ལ་གསར་དུ་བསྐྱེད་དགོས་པ་མ་གཏོགས་སྔར་སྐྱེས་ཟིན་པ་ནི་མེད། ཡོད་ན་ངོས་འཛིན་རྒྱུ་ཡོད་དགོས་པ་ལ། ངོས་བཟུང་ན་ནམ་ཕུགས་འཆི་རྒྱུ་ཞིག་ཡོད་སྙམ་པའི་ཤུགས་ལ་ད་ལྟ་མི་འཆི་སྙམ་པ་ཞིག་ཐོན་ཡོང་བའི་དབང་གིས་ལོ་བརྒྱ་ལོན་པའི་རྒན་པོ་ཚུན་ཆད་ཀྱིས་ཉི་མ་རེ་རེ་བཞིན་དེ་རིང་མི་འཆི་སྙམ་པའི་ངང་ལ་མི་ཚེ་ཟད་འགྲོ་བ་རང་ཅག་རྣམས་ཀྱི་མངོན་སུམ་གྱི་གནས་ཡིན། དེའི་མིང་ལ་རྟག་འཛིན་གྱི་བློ་ཟེར་བ་ཡིན་ནོ། །དེ་ལ་གཉེན་པོ་ཞིག་མ་བསྟེན་ན།འཇིག་རྟེན་འདིར་ཡུན་རིང་བོའི་བར་དུ་འདུག་ཁོམ་ཡོད་འདང་བརྒྱབ་ནས་བདེ་སྐྱིད་འབྱུང་བའི་ཐབས་བསྙེན་བཀུར་སྙན་གྲགས་སོགས་ལ་འདོད་པ་སྐྱེས། འདོད་དོན་ལྟར་གྲུབ་པ་དང༌། དེའི་གྲོགས་བྱེད་མཁན་རྣམས་ལ་ཞེན་ཆགས་དང༌། དེའི་གེགས་བྱེད་མཁན་རྣམས་ལ་ཞེ་སྡང་དྲག་པོ་སྐྱེ། དེ་ལྟ་བུའི་ཆགས་སྡང་གཉིས་ཀྱི་ཉེས་དམིགས་ལ་རྨོངས་པའི་མ་རིག་པ་མེད་ན་ཆགས་སྡང་གསོག་དོན་མེད་ཅིང༌། མ་རིག་པ་ནི་དང་བོ་ཉིད་ནས་ཡོད་པ་གཞིར་བཞག་ཡིན། དེ་ལྟར་དུག་གསུམ་མངོན་དུ་གྱུར་ཕྱིན་ཆད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་གསུངས་པ་ལྟར། མི་དགེ་བ་བཅུས་མཚོན་པའི་ཉོན་མོངས་སྣ་ཚོགས་ཚོཊ་ཤིག་དྲངས་ནས། ངན་འགྲོའི་སྣ་འདྲེན་བྱེད་པ་ཡིན། ངན་འགྲོར་སྐྱེས་ཕྱིན་ཆད། གསེར་གྱི་གཉའ་ཤིང་དང༌། རུས་སྦལ་གྱི་དཔེ་དང༌། ངན་འགྲོ་ནས་ཤི་འཕོས་ཏེ་དེར་སྐྱེས་པ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་སྐྱེས་པ་ནི། སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་ཚུལ་སོགས་དལ་འབྱོར་རྙེད་དཀའི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ཞིང༌། ཉེས་དམིགས་དེ་དག་ནི་འཆི་བ་མ་དྲན་པའི་ཉེས་དམིགས་ཡིན། ཉེས་དམིགས་དེ་དག་སྙིང་ནས་ཤེས་ན་འཆི་བ་དྲན་པའི་ཕན་ཡོན་ཤུགས་ལ་ཤེས་ཡོང་བས་ཟུར་དུ་བཤད་མི་དགོས། དེས་ན་རང་ཅག་རྣམས་ཀྱིས་འཁོར་བ་ཐོག་མེད་ནས་ད་བར་དུ་ཆོས་རྣམས་དག་ཅིག་བསྒྲུབ་རྒྱུ་མ་ཡོང་བ་འདི་རྟག་འཛིན་གྱི་བློའི་དབང་དུ་སོང་བའི་སྐྱོན་ཡིན། རྟག་འཛིན་འདི་བཟློག་ཐབས་ལ་འཆི་བ་རྗེས་དྲན་བསྒོམ་དགོས་པ་ཡིན་ནོ། །

དེས་ན་རྩ་བའི་ས་བཅད་གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ལ་ལམ་རིམ་ཆེན་མོ་ལྟར་བཤད་ན།རྩ་བ་གསུམ་པོ་རེ་རེ་ལ་རྒྱུ་མཚན་གསུམ་གསུམ་དང༌། ཐག་བཅད་པ་རེ་རེ་སྦྱར་ནས་བསྒོམ་དགོས། རྩ་བ་གསུམ་ནི། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་བསམ་པ་གསུམ་པོ་དེ་ཡིན། དང་བོ་ངེས་པར་འཆི་བ་དེ་རྒྱུ་མཚན་གསུམ་གྱིས་སྒོ་ནས་བསམ་དགོས་པ་ཡིན་པས། རྒྱུ་མཚན་དང་བོ་འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་ཚུལ་ནི། སྤྱིར་ན་སྐྱེ་འཇིག་ཅེས་པ་སྐྱེ་རྒྱུ་ཡོད་པའི་དབང་གིས་འཇིག་པ་ཞེས་པ་དང༌། འཇིག་རྒྱུ་ཡོད་པའི་དབང་གིས་སྐྱེ་ཞེས་པའི་ཐ་སྙད་སྦྱར་བ་མ་གཏོགས། དེ་གཉིས་གའི་གཅིག་མེད་ན་སྐྱེ་འཇིག་གི་མིང་བརྡ་སྦྱོར་ས་མེད། དེས་ན་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་སྐྱེ་འཆི་སྤངས་པའི་སངས་རྒྱས་རྣམས་ཀྱང་མྱ་ངན་ལས་འདའ་ཚུལ་སྟོན་ན། ལས་ཉོན་གྱི་དབང་གིས་སྐྱེས་པ་བླངས་པའི་རང་ཅག་ལྟ་བུའི་སྟེང་དུ་འཆི་རྒྱུ་ཞིག་ཡོད་པ་བཤད་མི་དགོས་ཏེ། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་བ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རོ། །མདོར་ན་གཟུགས་སུ་གྲུབ་པ་དང༌། མ་གྲུབ་པའི་ཁམས་གསུམ་འཁོར་བའི་ལུས་ཅི་འདྲ་ཞིག་གི་སྐྱེ་བ་བླངས་ཀྱང༌། འདུལ་བ་ལུང་ལས། སྐྱེས་པའི་མཐའ་མར་འཆི་བ་སྟེ། །འདུས་པའི་མཐའ་མར་འབྲལ་བ་ཡིན། །ཞེས་གསུངས་པ་ལྟར། སྐྱེས་མཐར་འཆི་བ་ལས་མ་འདས་པ་ཡིན། འོ་ན་འཆི་བས་མི་ཚུགས་པའི་ས་ཕྱོགས་ཤིག་ལ་འགྲོ་ས་ཡོད་དམ་སྙམ་ན་མེད་དེ། དཔེར་ན་སྔོན་འཕགས་སྐྱེས་བུའི་དམག་གིས། ཤཱཀྱའི་གྲོང་ཁྱེར་བཅོམ་པའི་དུས་སུ། བཅོམ་ལྡན་འདས་ཀྱིས་ལས་འབྲས་མི་བསླུ་བར་བསྟན་པའི་ཕྱིར། ཤཱཀྱའི་བྱིས་པ་རྣམས། ཉི་ཟླའི་གཞལ་མེད་ཁང་དང༌། རི་རབ་ཀྱི་ཁུང་གསིང་དང༌། རྒྱ་མཚོའི་ནང་དང༌། བར་སྣང་དང༌། ཁོང་རང་གི་ལྷུང་བཟེད་ཀྱི་ནང་རྣམས་སུ་སྦས་ནས་བཞག་པ་ལ་ཕྱིས་སུ་གཟིགས་པའི་ཚེ་ཐམས་ཅད་ཤི་ཟིན་པ་ན། བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས་པ་ལྟར་ཡིན། འོ་ན་འདས་མ་འོངས་ད་ལྟ་བའི་སེམས་ཅན་རྣམས་ལ་འཆི་མི་འཆིའི་ཁྱད་པར་ཡོད་དམ་ཞེ་ན། དེ་ཡང་མེད་དེ། དེང་སང་ཚེ་ལོ་དྲུག་ཅུ་ཁ་རལ་གྱི་དུས་ཡིན་པས་དེ་རིང་ཕན་ཆད་ལོ་བརྒྱ་ཚུན་ཆད་ལ། འཛམ་བུ་གླིང་བའི་མི་རྒན་གཞོན་བར་མ་ཐམས་ཅད་འཆི་བར་ངེས། དེ་བཞིན་དུ་འདས་མ་འོང་གི་སེམས་ཅན་རྣམས་ལ་ཡང་ཚེ་རིང་ཐུང་གི་ཁྱད་པར་རེ་ཡོད་པ་མ་གཏོགས། འཆི་བ་ཡོད་ཚུལ་ད་ལྟའི་དཔེ་དང་འདྲ་བ་ཡིན་ཏེ། མི་རྟག་པའི་ཚོམ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱི་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བྱས་ཏེ། །ཆོས་ལ་གནས་ཀྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར་ཡིན། འོ་ན་དེ་ལྟ་བུའི་འཆི་བ་དེ་ལ་བཟློག་ཐབས་ཡོད་དམ་ཞེ་ན། རང་གིས་ལམ་བསྒོམ་ཐུབ་ན་འཆི་མེད་ཀྱི་གནས་ཤིག་ཐོབ་རྒྱུ་ཡོད་པ་ཡིན། གཞན་ཡང་དུས་མིན་གྱི་འཆི་རྐྱེན་ལྟ་བུ་ལ་ནི་དེ་བཟློག་རྒྱུའི་ལས་བསགས་ཡོད་ན། རྫས་སྔགས་སྨན་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ནས་བཟློག་ཐབས་ཤིག་གསུངས་ཡོད་པ་མ་གཏོགས། ཚེ་དང་ལས་ཟད་ནས་འཆི་བ་ལ་ནི། ཐབས་གང་གིས་ཀྱང་བཟློག་ཏུ་མེད་དེ། ཡོད་ན་བསྐལ་བ་དང་བོའི་མི་རྣམས་ཀྱང་ད་དུང་ཡང་མ་ཤི་བར་ཡོད་དགོས་པ་ལ། དེ་འདྲ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་བ་ནི། དུས་ཀྱི་འཆི་བ་ལ་བཟློག་ཏུ་མེད་པའི་རྟགས་ཡིན། རྒྱུ་མཚན་གཉིས་པ་ཚེ་ལ་སྣོན་པ་མེད་ཅིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་པ་བསམ་ཚུལ་ནི། སྤྱོད་འཇུག་ལས། ཉིན་མཚན་སྡོད་པར་ཡོད་མེད་པ། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར། དེ་ཡང་སྐྱེས་པ་སྔ་མའི་ལས་ཀྱི་སྐྱེས་པ་འདིའི་ཚེ་རིང་ཐུང་ཇི་ལྟར་འཕངས་ཡོད་ན། དེ་ལུགས་ལྟར་གནས་རྒྱུ་ཡིན། དེའི་སྟེང་དུ་སྣོན་པ་སྐད་ཅིག་ཙམ་ཡང་རྒྱག་རྒྱུ་མེད། མདོ་རྒྱུད་བསྟན་བཅོས་རྣམས་སུ་ཚེ་རིང་བའི་ཐབས་མང་དུ་གསུངས་ཡོད་པ་རྣམས་ནི་སྔར་བཤད་པ་ལྟར་རྣལ་འབྱོར་བའི་འཆི་མེད་རིག་འཛིན་སྒྲུབ་ཐབས་དང༌། དུས་མིན་འཆི་རྐྱེན་བཟློག་ཐབས་སུ་གསུངས་པ་མ་གཏོགས། ཚེ་རིང་རྒྱུའི་ལས་བསགས་མེད་བཞིན་དུ་ཚེ་ལ་སྣོན་པ་རྒྱག་ཐབས་ཤིག་ཡོད་ན་ལས་མ་བྱས་པ་དང་འཕྲད་པའི་སྐྱོན་ཡོད་པ་ཡིན། འགྲིབ་བྱེད་བར་མ་ཆད་དུ་ཡོད་ཚུལ་ནི། སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་རེ་སོང་བས་ཉིན་མོ་འཛད། དེའི་སྟེང་དུ་མཚན་མོ་རེ་སོང་བས་ཞག་འཛད། ཞག་སུམ་བཅུ་རེ་སོང་བས་ཟླ་བ་འཛད། ཟླ་བ་བཅུ་གཉིས་རེ་སོང་བས་ལོ་འཛད། དེ་འདྲའི་ལོ་སོང་བས་ཚེ་འཛད། མདོར་ན་མངལ་དུ་ཉིང་མཚམས་སྦྱར་བ་ནས་བཟུང་སྟེ། འཆི་བ་ལ་ཇེ་ཉེར་མི་འགྲོ་བའི་སྐབས་ཅུང་ཟད་ཙམ་ཡང་མེད་དེ། རྒྱལ་བ་བསྐལ་བཟང་རྒྱ་མཚོས། སྐྱེས་ནས་སྐད་ཅིག་ཙམ་ཞིག་སྡོད་དབང་ཡང་མེད་པར། །འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་རྒྱུགས་པས། །གསོན་པོ་ཟེར་ཞིང་འཆི་བའི་ལམ་ཆེན་ལ་ཆས་འདུག །ཉེས་ཅན་གསོད་སར་ཁྲིད་པའི་སྣང་ཚུལ་འདི་སྐྱོ་བ། །ཞེས་གསུངས་པ་ལྟར་ཡིན། རྒྱུ་མཚན་གསུམ་པ་གསོན་པའི་ཚེ་ན་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་ཚུལ་ནི། རིང་མཐའ་ལོ་བརྒྱ་ཐུབ་རྒྱུའི་དབང་དུ་བཏང་ཡང་དང་བོ་ཕྱི་རོལ་ཏུ་སྐྱེས་ནས་བཟུང་སྟེ་ལོ་བཅུའི་བར་དུ་བྱིས་པ་ཆུང་ཆུང་གི་སེམས་སུ་སོང་ནས་ཆོས་བསྒྲུབ་དགོས་པ་མི་དྲན། ཚེ་མཇུག་གི་ལོ་ཉི་ཤུར་རྒས་པའི་སྡུག་བསྔལ་གྱི་དབང་གིས་ཆོས་བསྒྲུབ་མི་ནུས། དེའི་ཤུལ་ཏུ་ལོ་བདུན་ཅུ་ཡོད་པའི་དེའི་ཕྱེད་པོར་གཉིད་ཀྱི་དབང་དུ་སོང་ནས་ཆོས་བསྒྲུབ་ལོང་མེད། དེའི་ཤུལ་ཏུ་ལོ་སུམ་ཅུ་སོ་ལྔ་ཡོད་ཅིང་དེའི་ཕྱེད་པོ་བཟའ་བཏུང་གི་དབང་དུ་འགྲོ། དེའི་ཤུལ་ཏུ་ལོ་བཅུ་བདུན་དང་ཟླ་བ་དྲུག་ཡོད་པའི་དེའི་ཕྱེད་པོ་ཡང་རྣམ་གཡེང་དང༌། སྡུག་བསྔལ་དང་ན་ཚ་སོགས་ཀྱི་དབང་དུ་སོང་ནས་ཆོས་བསྒྲུབ་པའི་ལོང་མེད། དེས་ན་ཆོས་བསྒྲུབ་ཁོམ་ལོ་བརྒྱད་དང་ཟླ་བ་དགུ་མ་གཏོགས་མེད་པས། དེ་ནས་དུས་ཀྱིས་འཆི་བ་ལ་གཏུགས་བཞག་ཡོད་པ་དེ་འདྲ་རེད། འཆི་བ་སླེབ་ཚེ་ཕན་ངེས་པ་དམ་པའི་ཆོས་ཁོ་ན་མ་གཏོགས་མེད་པས་ད་ལྟ་ཉིད་ནས་ཆོས་རྣམ་དག་ཅིག་བསྒྲུབ་པར་བྱའོ་སྙམ་དུ་ཞེ་དམ་དྲག་པོ་ཡང་དང་ཡང་དུ་བྱ་བ་འདི་ནི་རྩ་བ་དང་བོའི་སྒོ་ནས་མི་རྟག་པ་བསྒོམ་ཚུལ་ཡིན། གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི། དེ་རིང་ཕན་ཆད་ལོ་བརྒྱ་ཚུན་ཆད་ལ་འཆི་བར་ཐག་ཆོད་ཅིང༌། དེ་རིང་ལྟ་བུ་ལ་འཆི་མི་འཆིའི་ཐག་མི་ཆོད་མོད། འོན་ཀྱང་འཆི་བའི་ཕྱོགས་བཟུང་ན་འཇིག་རྟེན་ཕྱི་མའི་དོན་མང་བོ་ཞིག་འགྲུབ་པས་མ་ཤི་ན་ཡང་དགོས་པ་ཆེ། ཤི་ན་ནི་དེ་ངེས་ཅན་དུ་དགོས་པ་ཡིན། དེས་ན་ཞག་རེ་རེ་ནས་དེ་རིང་འཆི་སྙམ་པའི་བློ་ཞིག་བསྐྱེད་དགོས། དེ་སྐྱེད་པའི་ཐབས་རྒྱུ་མཚན་གསུམ་གྱི་སྒོ་ནས་རྒྱས་པར་བསམ་དགོས་པ་ཡིན་པས། རྒྱུ་མཚན་དང་བོ་འཛམ་བུ་གླིང་བའི་ཚེ་ལ་ངེས་པ་མེད་ཚུལ་ནི། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་བོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར། སྒྲ་མི་སྙན་པའི་ཚེ་ཚད་ངེས་པ་མ་གཏོགས། དེ་མིན་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཚེ་ཚད་རེ་བཤད་པ་ཐུབ་པའི་ངེས་པ་མེད་ཅིང༌། ཚེ་འཕེལ་འགྲིབ་སོགས་ཀྱི་རྣམ་བཞག་ཆེར་མེད། འཛམ་བུུ་གླིང་བ་རྣམས་ཀྱིས་དང་བོ་ཚེ་ལོ་དཔག་མེད་ནས་མཐར་ལོ་བཅུ་ལ་རིང་མཐའ་དང་ཚེ་འཕེལ་འགྲིབ་ཀྱི་བར་ཁུགས་བཅོ་བརྒྱད་རེ་ཡོད་པར་གསུངས་ཡོད་པས། ཚེའི་སྤྱི་ཚད་ཀྱང་རིང་ཐུང་སྣ་ཚོགས་སུ་འགྱུར་བས་ངེས་པ་མེད་པ་དང༌། རིང་ཐུང་དེ་དག་གང་གི་སྐབས་སུ་ཡང་དུས་མིན་གྱིས་འཆི་བ་རྒན་གཞོན་བར་མ་ཐམས་ཅད་ཀྱི་སྟེང་དུ་ཡོད་ཚུལ་ཞིབ་ཏུ་བསམ་པ་འདི་ནི་རྩ་བ་གཉིས་པའི་རྒྱུ་མཚན་དང་བོ་བསྒོམ་ཚུལ་ཡིན། རྒྱུ་མཚན་གཉིས་པ་འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་ཚུལ་ནི། དེ་ཡང་གདུག་པ་ཅན་གྱི་མི་དང་མི་མ་ཡིན་དང༌། སྟག་གཟིག་དོམ་དྲེད་སོགས་ནས་བཟུང་སྟེ། སྡོམ་སྡིག་སྦྲུལ་ཤིག་ལ་སོགས་པ་ཡན་ཆད་ཀྱི་སེམས་ལྡན་རྣམས་དང༌། ས་ཆུ་མེ་རླུང་སོགས་སེམས་མེད་ཀྱི་རིགས་རྣམས་ཀྱིས་ཀྱང་འཆི་རྐྱེན་བྱེད་པ་དང༌། རང་གི་ལུས་ཀྱི་འབྱུང་བཞི་ཆ་མ་སྙོམས་པའི་དབང་གིས་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་བསྐྱེད་པ་དང༌། གཞན་ཡང་དུས་སྙིགས་མར་སོང་བའི་དབང་གིས་བཟའ་བཏུང་གི་བཅུད་དང༌། སྨན་གྱི་ནུས་པ་དང༌། ཚེ་རིང་བའི་བཟླས་བརྗོད་སོགས་ཀྱང་ནུས་མཐུ་ཇེ་ཆུང་དུ་སོང་ནས། གསོན་རྐྱེན་དུ་འགྱུར་དཀའ། མདོར་ན་གསོན་པོ་མིན་ན་འཆི་རྒྱུ་མེད་ཅིང་གསོན་པའི་དབང་གིས་འཆི་བ་བྱུང་བ་ཡིན་པས་གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་མ་གྱུར་བ་མེད་ཅེས་ལམ་རིམ་ཆེན་མོའི་དགོངས་པ་ཡིན། རྒྱུ་མཚན་གསུམ་པ་ལུས་ཤིན་ཏུ་ཉམ་ཆུང་བས་ན་ནམ་འཆི་ངེས་མེད་བསམ་པ་ནི། རྗེ་བཙུན་རིན་པོ་ཆེས། འདུས་བྱས་རྟག་རྟག་འདྲ་ཡང་མྱུར་དུ་འཇིག །ཅེས་གསུངས་པ་ལྟར། དཔེར་ན་ཆུ་ནང་གི་ཆུ་བུར་དེ་ཤེལ་གོང་བཞིན་དུ་ཕལ་བལྟས་ཚོད་ལ་རྟག་རྟག་འདྲ་བ་ཞིག་ཡོད་ཅིང༌། ཕུ་བཏབ་པ་ཙམ་གྱིས་འཇིག་འགྲོ་བ་བཞིན་དུ། རང་གི་ལུས་འདི་ཡང་ཤ་ཁྲག་པགས་པས་གཡོགས་པ་ཙམ་ཞིག་མ་གཏོགས་མེད་པས། འཆི་རྐྱེན་དང་མ་འཕྲད་ཚེ་བབ་ཆགས་མོ་འདྲ་བ་ཞིག་ཡོད་ཀྱང་འཆི་བ་སླེབ་ཚེ་རྐྱེན་ཆེན་པོ་མི་དགོས་པར་ཚེར་མ་ཟུག་པ་ལྟ་བུས་ཀྱང་འཇོམས་སླ་བས་ན་ནམ་འཆི་ལ་ངེས་པ་མེད། དེས་ན་ཕན་ངེས་པ་དམ་པའི་ཆོས་ཁོ་ན་མ་གཏོགས་མེད་པས་ད་ལྟ་ཉིད་ནས་ཆོས་རྣམ་དག་ཅིག་བསྒྲུབ་པར་བྱའོ་སྙམ་དུ་ཞེ་དམ་དྲག་པོ་ཡང་དང་ཡང་དུ་བྱ་བ་འདི་ནི་རྩ་བ་གཉིས་པའི་སྒོ་ནས་མི་རྟག་པ་བསྒོམ་ཚུལ་ཡིན། གསུམ་པ་འཆི་པའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་བསམ་པའི་རྒྱུ་མཚན་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།  སེར་སྣས་བསགས་པའི་ཟས་ནོར་ཤུལ་ཏུ་ལུས། །བརྩེ་ཞིང་གདུང་བའི་གཉེན་དང་གཏན་བྲལ་བྱས། །ཉམ་ངའི་གནས་སུ་གཅིག་པུར་འགྲོ་བའི་ཚེ། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་བརྩེ་གདུང་ཆེ་བའི་གཉེན་བཤེས་ཇི་ཙམ་ཡོད་ཀྱང༌། དེའི་ནང་ནས་གཅིག་ཙམ་ཡང་འཁྲིད་ས་མེད། འཛམ་བུ་གླིང་འདི་གང་བའི་རྒྱུ་ནོར་ལོངས་སྤྱོད་ཇི་ཙམ་ཡོད་ཀྱང༌། དེའི་ནང་ནས་རྡུལ་ཕྲན་ཙམ་ཞིག་ཀྱང་འཁྱེར་དུ་མེད། དེར་མ་ཟད་རང་དང་ལྷན་ཅིག་སྐྱེས་པའི་ལུས་འདི་ཡང་ཤུལ་ཏུ་བཞག་ནས་འགྲོ་དགོས་ན་གཞན་རྣམས་ལྟ་ཅི་སྨོས། དེས་ན་འཇིག་རྟེན་འདིའི་ཕུན་ཚོགས་ཐམས་ཅད་ཀྱིས་ཀྱང་བདག་འདོར། བདག་གིས་ཀྱང་མི་འདོད་བཞིན་དུ་དེ་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བའི་འཆི་བ་དེ། དེ་རིང་ལྟ་བུ་ལ་ཡང་མི་འོང་བའི་ངེས་པ་ཅི་ཡོད། དེས་ན་ཕན་ངེས་པ་དམ་པའི་ཆོས་ཁོ་ན་མ་གཏོགས་མེད་པས་ད་ལྟ་ཉིད་ནས་ཆོས་རྣམ་དག་ཅིག་བསྒྲུབ་པར་བྱའོ་སྙམ་དུ་ཞེ་དམ་དྲག་པོ་ཡང་དང་ཡང་དུ་བྱ་བ་འདི་ནི་རྩ་བ་གསུམ་པའི་སྒོ་ནས་མི་རྟག་པ་བསྒོམ་ཚུལ་ཡིན། མདོར་ན་རྟག་འཛིན་གྱི་བློ་ལ་དེ་ལྟ་བུའི་གཉེན་པོ་ཞིག་མ་བསྟེན་ན། སྔར་ཡང་བཤད་པ་ལྟར། འདི་སྣང་གི་གཡེང་བའི་དབང་དུ་སོང་ནས་འཇིག་རྟེན་ཕྱི་མའི་བདེ་སྡུག་ཡིད་ལ་དྲན་དོགས་མེད། མི་རྟག་པ་ལ་མྱོང་བ་ཚད་ལྡན་སྐྱེས་ན། ཕྱི་མའི་སྐྱིད་སྡུག་དྲན་པའི་བློ་ཞིག་རང་ཤུགས་ཀྱིས་ཐོན་འོང་བ་ཡིན་ནོ། །

དེས་ན་རྩ་བའི་ས་བཅད་གསུམ་པ་ལ། ངན་འགྲོའི་ཉེས་དམིགས་བསམ་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། སྐྱབས་འགྲོའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་པ་དང་གསུམ། དང་བོ་ལ་ཡང་དམྱལ་བ། དུད་འགྲོ། ཡི་དྭཊ་གསུམ་དང༌། དམྱལ་བ་ལ་ཡང༌། ཚ་དམྱལ། ཉེ་འཁོར། གྲང་དམྱལ། ཉི་ཚེ་བའི་དམྱལ་བ་དང་བཞི་ཡོད་པས། ཚ་དམྱལ་ལ་ཡང༌།  ཡང་སོས། ཐིག་ནག  བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེ་བ། ཚ་བ། རབ་ཚ། མནར་མེད་དང་བརྒྱད་ཡོད་པས། དེ་དག་གི་གནས་ནི། འཛམ་གླིང་འདིའི་འོག་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་སོང་མཚམས་ན་ཡང་སོས་དང༌། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་ཚ་དམྱལ་ལྷག་མ་བདུན་ཡོད། དེ་འདྲའི་གནས་བརྒྱད་པོ་གང་ཡིན་ཀྱང་ས་གཞི་ཐམས་ཅད་ལྕགས་བསྲེག མཐའ་བསྐོར་ཐམས་ཅད་ཕྱོགས་བཞི་ལ་སྒོ་རེ་རེ་ཡོད་པའི་ལྕགས་སྲེག་གི་ར་བ། གནམ་ས་ཐམས་ཅད་མེ་དམར་གམ་མེ་བས་གང་བ་དང༌། མེའི་ཚ་ཁྱད་ཀྱང༌། རྩྭ་ཤིང་ཕལ་བའི་མེ། ཤིང་ཚེར་མ་ཅན་གྱི་མེ། ཙན་དན་གྱི་མེ། རྒྱ་སྐག་གི་མེ། སོལ་མར་གྱི་མེ། དུས་མཐའི་མེ། ཡང་སོས་ཀྱི་མེ་སྟེ། མེ་བདུན་པོ་དེ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བདུན་འགྱུར་གྱིས་ཚ། དམྱལ་བའི་མེ་ལ་བལྟོས་ན་རང་ཅག་གི་མེ་ཁ་བ་ཙམ་དུ་བསིལ་བ་ཡིན་ཞེས་གསུངས་ཡོད། དམྱལ་བའི་སྡུག་བསྔལ་བསྒོམ་ཚུལ་ཡང༌། རང་ཉིད་དེར་སྐྱེས་ཟིན་དང༌། གཟོད་སྐྱེ་ངེས་གང་རུང་གི་སྒོ་ནས་བསམ་ན་ཁ་ཕྱི་བལྟས་སུ་མ་སོང་བ་ཡིན་མ་གཏོགས། ལྟད་མོ་བལྟས་པ་འདྲ་བས་མི་ཡོང་ཞེས་སྔར་ཡང་ནན་ཏན་ཆེན་པོའི་སྒོ་ནས་བཤད་ཡོད་པ་དེ་འདྲ་ཡིན། དམྱལ་བའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཚ་གྲང་དང་བཙོ་སྲེག་གི་སྟེང་དུ་ནད་སྣ་ཚོགས་ཡོད་པ་དང༌། མི་དགེ་བའི་ལས་ཀྱི་ནུས་པ་མ་ཟད་བར་དུ་འཆི་རྒྱུ་མེད་པར་མ་ཟད་ཡང་སོས་མན་ཆད་ལ་འོ་བརྒྱལ་རྒྱུ་ཙམ་ཡང་མེད་པ་དང༌། ཁྱད་པར་མནར་མེད་ཀྱི་སྡུག་བསྔལ་ནི། བཤེས་སྤྲིང་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་འགྱིད་པ་ཇི་ལྟ་བུ། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་གསུངས་པ་ལྟར། ནད་རིགས་བཞི་བརྒྱ་རྩ་བཞིས་མཚོན་པའི་ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུང་བ་ལྟ་བུར་ཡོད་པའི་སྡུག་བསྔལ་དེ་དག་ནི་མྱོང་བ་རྣམས་ཀྱིས་མྱོང་ཐོག་ནས་འཇོག་རྒྱུ་མ་གཏོགས་རང་ཅག་ལྟ་བུས་སྒྲ་རྟོག་གིས་ཇི་མ་ཇི་བཞིན་ཞིག་འཇོག་མི་ནུས་པ་ཡིན། དམྱལ་བ་བ་རྣམས་རྫུས་སྐྱེས་ཡིན་པས། ལྕགས་བསྲེག་གི་ས་གཞིའི་སྟེང་དུ་ཁྲག་ཐིགས་པ་ཞིག་དང༌། ཤ་དུམ་བུ་ཞིག་ལྷུང་བ་ཡན་ཆད་ཚོར་བ་སྡུག་བསྔལ་གྱིས་མ་བཏང་བར་ཡོད། ཚ་དམྱལ་བརྒྱད་ཀྱི་དང་བོ་ཡང་སོས་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་མཚོན་ཆ་སྣ་ཚོགས་ཀྱིས་བཏབ་སྟེ་ལུས་དུམ་བུ་བརྒྱ་སྟོང་དུ་སོང་ནས་འོ་བརྒྱལ་བ་ལ་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་དང་མཉམ་དུ་སོས་ཏེ་ཡང་སྔར་ལྟར་འཐབ་མོ་བྱེད་པ་དང༌། ཐིག་ནག་ནི། དེར་སྐྱེས་པ་རྣམས་ཀྱི་ལུས་ལ་ཐིག་ནག་པོ་སྣ་ཚོགས་བཏབ་སྟེ། ཐིག་གི་སྟེང་ནས་གཞོག་པ་དང་གཤགས་པ་དང་གཏུབ་པ་སོགས་བྱེད། བསྡུས་འཇོམས་ནི། མགོ་བརྙན་སྣ་ཚོགས་ཅན་གྱི་ལྕཊ་ཀྱི་རི་འཇིཊ་སུ་རུང་བའི་བར་དང༌། པོ་ཏི་མང་བོ་བརྩེཊ་པ་འདྲ་བའི་རི་ཆེན་པོ་དང༌། ལྕགས་ཀྱི་ཕ་བོང་ཆེན་པོའི་འོག་དང༌། མཚོན་ཆའི་འཁོར་ལོ་དང༌། གཏུན་གྱི་ནང་དང༌། འཁྲུལ་འཁོར་སོགས་ཀྱི་བར་དུ་མི་དགེ་བའི་ལས་སྣ་ཚོགས་སོ་སོར་བསགས་ཚུལ་འདྲ་བའི་སེམས་ཅན་ཕྱོགས་འདུས་བྱས་བ་རྣམས་བསྡུས་ཏེ་འཇོམས་པར་བྱེད་པ་དང༌། ངུ་འབོད་ནི་ལྕགས་ཀྱི་ཁང་བའི་ནང་དུ་སྲེག་པ་དང༌། ངུ་འབོད་ཆེན་པོ་ནི་ལྕགས་ཀྱི་ཁང་བ་ཉིས་རིམ་གྱི་ནང་དུ་བསྲེགས་པའི་ལྕགས་ཁང་ནང་མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་སྙམ་དུ་སེམས་ཀྱི་སྡུག་བསྔལ་ཉིས་འགྱུར་ཡོད་ཅེས་གསུངས། ཚ་བ་ནི་ཁྲོ་ཞུན་གྱིས་གང་བའི་ཟངས་པོ་ཆེའི་ནང་དུ་བཙོ་བ་དང་ལྕགས་བསྲེགས་ཀྱི་གསལ་ཤིང་རྩེ་གཅིག་པས་ལུས་དྲང་བོར་ཕུག་སྟེ་ཀེང་རུས་གས་པའི་ཐིག་སྒྲ་དང་བཅས་ཏེ། ཁ་སྣ་ཀུན་ནས་དུད་པ་དམར་ནག་དང་འདྲ་བའི་མེ་ལྕེ་ལྷབ་ལྷུབ་གཡོ་བ་དང༌། རབ་ཚ་ནི་སྔར་ལས་ཀྱང་ཚ་ཁྱད་ཆེ་བའི་ཁྲོ་ཞུན་གྱིས་གང་བའི་ཟངས་པོ་ཆེའི་ནང་དུ་བཙོ་བ་དང༌། ལྕགས་བསྲེགས་སྣམ་བུ་འདྲ་བས་ལུས་དཀྲི་བ་དང༌། ལྕགས་བསྲེགས་ཀྱི་གསལ་ཤིང་རྩེ་གསུམ་པས་ལུས་ཕུག་སྟེ་བསྲེགས་པ་དང༌། མནར་མེད་ནི་ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང༌། ཁོག་པའི་ནང་ནས་རང་བྱུང་བའི་མེ་སྟེ་མེ་བཅུ་གཅིག་གིས་བར་མཚམས་མེད་པར་བསྲེགས་པའི་སྡུག་བསྔལ་སོགས་སོ། །དེ་འདྲའི་སྡུག་བསྔལ་ལ་བསམ་བློ་ཞིབ་ཏུ་བཏང་ན་དམྱལ་བ་བ་རྣམས་ཡིད་ཙམ་རེས་མི་འཆི་བའི་ཐབས་མེད་པ་འདྲ་ཡང༌། མི་ལ་བཞད་པའི་རྡོ་རྗེས། མ་གི་དམྱལ་བའི་འཇིག་རྟེན་ན། །མཚོན་ད་ལྟ་བརྒྱབ་པ་ད་ལྟ་སོས། །ཞེས་གསུངས་པ་ལྟར། མི་དགེ་བའི་ལས་ཀྱི་ནུས་པ་མ་ཟད་བར་དུ་འཆི་རྒྱུ་ཕར་ཞོག ཡང་སོས་མན་ཆད་ལ་འོ་བརྒྱལ་རྒྱུ་ཙམ་ཡང་མེད་ཚུལ་སྔར་བཤད་པ་ལྟར་ཡིན། དམྱལ་བ་བ་རྣམས་ཀྱི་ཚེ་ཚད་ནི། མི་ལོ་ལྔ་བཅུ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག མི་ལོ་བརྒྱ་སུམ་ཅུ་རྩ་གསུམ་གྱི་ཞག་གཅིག མི་ལོ་ཉིས་བརྒྱ་འཐབ་བྲལ་གྱི་ཞག་གཅིག མི་ལོ་བཞི་བརྒྱ་དགའ་ལྡན་གྱི་ཞག་གཅིག མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག མི་ལོ་སྟོང་དང་དྲུག་བརྒྱ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག་གི་ཚད་ཡིན། འདོད་ལྷ་རྣམས་ཀྱི་ཚེ་ཚད་ནི། རྒྱལ་ཆེན་རིཊ་བཞིའི་ལོ་ལྔ་བརྒྱ༌། སུམ་ཅུ་རྩ་གསུམ་གྱི་ལོ་སྟོང༌། འཐབ་བྲལ་གྱི་ལོ་ཉིས་སྟོང༌། དགའ་ལྡན་གྱི་ལོ་བཞི་སྟོང༌། འཕྲུལ་དགའི་ལོ་བརྒྱད་སྟོང༌། གཞན་འཕྲུལ་དབང་བྱེད་ཀྱི་ལོ་ཁྲི་དྲུག་སྟོང་ཐུབ། དམྱལ་བ་བ་རྣམས་ཀྱི་ཞག་ཚད་ནི། རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ཡོངས་རྫོགས་ནི་དམྱལ་བ་ཡང་སོས་པའི་ཉིན་ཞག་གཅིག་གི་ཡུན་དང་མཉམ༌། སུམ་ཅུ་རྩ་གསུམ་གྱི་ཚེ་ཚད་ཡོངས་རྫོགས་ཐིག་ནག་གི་ཉིན་ཞག་གཅིག་གི་ཡུན་དང་མཉམ། འཐབ་བྲལ་གྱི་ཚེ་ཚད་ཡོངས་རྫོགས་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གི་ཡུན་དང་མཉམ། དགའ་ལྡན་གྱི་ཚེ་ཚད་ཡོངས་རྫོགས་ངུ་འབོད་ཀྱི་ཉིན་ཞག་གཅིག་གི་ཡུན་དང་མཉམ། འཕྲུལ་དགའི་ཚེ་ཚད་ཡོངས་རྫོགས་ངུ་འབོད་ཆེ་བའི་ཉིན་ཞག་གཅིག་གི་ཡུན་དང་མཉམ། གཞན་འཕྲུལ་དབང་བྱེད་ཀྱི་ཚེ་ཚད་ཡོངས་རྫོགས་ཚ་བ་རྣམས་ཀྱི་ཉིན་ཞག་གཅིག་གི་ཡུན་དང་མཉམ། དེ་འདྲའི་ཞག་གིས་བརྩི་གཞི་བྱས་པས། ཡང་སོས་པའི་ལོ་ལྔ་བརྒྱ། ཐིག་ནག་གི་ལོ་སྟོང༌། བསྡུས་འཇོམས་ཀྱི་ལོ་ཉིས་སྟོང༌། ངུ་འབོད་ཀྱི་ལོ་བཞི་སྟོང༌། ངུ་འབོད་ཆེ་བའི་ལོ་བརྒྱད་སྟོང༌། ཚ་བ་རྣམས་ཀྱི་ལོ་ཁྲི་དྲུག་སྟོང་ཐུབ་པ་དང༌། རབ་ཚ་དང་མནར་མེད་གཉིས་ནི། མཛོད་ལས། རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་བའོ། །ཞེས་གསུངས་པ་ལྟར། དང་བོས་བར་བསྐལ་ཕྱེད་དང༌། གཉིས་པས་བར་བསྐལ་གཅིག་ཐུབ་ཅེས་མཛོད་དང་ལམ་རིམ་ཆེན་མོ་སོགས་ན་གསུངས་ཡོད། གཉིས་པ་ཉེ་འཁོར་བའི་དམྱལ་བ་ནི། ཚ་དམྱལ་བརྒྱད་པོ་རེ་རེ་ལ་ལྕགས་རིས་བསྐོར་བའི་ཕྱོགས་བཞིར་སྒོ་རེ་རེ་ཡོད་པའི་སྒོ་རྣམས་ཀྱི་ཕྱི་རོལ་ཏུ་མེ་མུར་གྱི་འོབ་དང༌། རོ་མྱག་གི་འདམ། མཚོན་ཆའི་དམྱལ་བ། ཆུ་ཀླུང་རབ་མེད་དེ་ཉེ་འཁོར་བའི་དམྱལ་བ་བཞི་བཞི་སྟེ། ཁྱོན་བསྡོམས་པའི་དམྱལ་བ་བཅུ་དྲུག་རེ་ཡོད། དེར་སྐྱེས་པ་རྣམས་ཀྱིས་མེ་མུར་ལ་བརྒལ་བའི་ཚེ་དེར་རྐང་བ་བཞག་ཙམ་གྱིས་ཤ་ཁྲག་ཀུན་འཇིག་ལ། བླངས་པའི་ཚེ་དེ་མ་ཐག་སོས་པའི་སྡུག་བསྔལ་བར་མ་ཆད་པ་དང༌། དེ་ལས་ཐར་ན་ཡང་རོ་མྱག་གི་འདམ་ནང་དུ་ལྷུང་ནས་འབུུ་མཆུ་རྣོན་སོགས་ཀྱིས་ལུས་ཐལ་བྱུང་དུ་ཕུག་པ་དང༌། དེ་ལས་ཐར་ཀྱང་དཔེར་ན་ས་ལ་རྩྭ་སྐྱེས་པ་བཞིན་དུ་ཐང་ཐམས་ཅད་སྤུ་གྲི་རྣོན་པོས་བར་མཚམས་མེད་པར་གང་བ་ལ་ལོ་འདབ་ཐམས་ཅད་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་ནགས་ཚལ་རལ་གྲིའི་ལོ་མ་ཅན་དང༌། ལྕགས་ཀྱི་ཚེར་མ་རྣོན་པོ་ཅན་གྱི་ཤལ་མ་ལའི་སྡོང་བོ་སོགས། དེ་འདྲའི་མཚོན་ཆའི་གནས་སུ་སླེབ་པ་ན། ལུས་འབིགས་པ་དང༌། གཤགས་པ་དང༌། གཏུབ་པ་སོགས་བྱེད། དེ་ལས་འདས་ཀྱང་ཆུ་ཀླུང་རབ་མེད་ཅེས་བྱ་བའི་ཆུ་ཁོལ་མ་ཤིན་ཏུ་ཚ་བའི་ནང་དུ་ལྷུང་སྟེ་བཙོ་སྲེག་མང་བོ་མྱོང་བའི་མཐར་ཡང༌། གཤིན་རྗེའི་མི་རྣམས་ཀྱིས་དེད་པའམ་ཡང་ན་རང་གི་ལས་ཀྱི་དབང་གིས་ཆུ་ཀླུང་རབ་མེད་ནས་མེ་མུར་གྱི་འོབ་ཀྱི་བར་དང༌། མེ་མུར་གྱི་འོབ་ནས། ཆུ་ཀླུང་རབ་མེད་ཀྱི་བར་ཕར་འགྲོ་ཚུར་འགྲོའི་སྡུག་བསྔལ་ལས་ཀྱི་ནུས་པ་མ་ཟད་བར་དུ་མྱོང་དགོས་པ་ཡིན། ཚེ་ཚད་ལ་ནི་ངེས་པ་མེད།  གསུམ་པ་གྲང་དམྱལ་ནི། ཚ་དམྱལ་བརྒྱད་ཀྱི་བྱང་ཕྱོཊ་ནས་དཔག་ཚད་ཁྲི་ཕྲག་གཅིག་གི་ཕ་རོལ་དང་འཛམ་གླིང་འདིའི་འོག་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་སོང་མཚམས་ན་ཆུ་བུར་ཅན་དང༌། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གྲང་དམྱལ་ལྷག་མ་བདུན་ཡོད། དེ་འདྲའི་གནས་བརྒྱད་པོ་གང་ཡིན་ཅིང་ས་གཞི་ཐམས་ཅད་འཁྱག་རོམ་དང་ཁ་བ། མཐའ་འཁོར་ཐམས་ཅད་གངས་རི། གྲང་ངར་ཆེ་བའི་རླུང་དང་བུ་ཡུག་རྒྱུན་མི་ཆད་པར་མུན་པ་མུན་ནག་གིས་གང་བའི་ཁྲོད་དུ་སྐྱེས་པའི་དང་བོ་ཆུ་བུར་ཅན་ནི། ལུས་ཐམས་ཅད་ཆུ་བུར་གྱིས་གང་བ་དང༌། ཆུ་བུར་རྡོལ་བ་ནི། ཆུ་བུར་དེ་དག་རྡོལ་ནས་རྣག་ཁྲག་འཛགས་པ་དང༌། རྣག་ཁྲག་འཛགས་པ་ཚུན་ཆད་ཚོར་བ་སྡུག་བསྔལ་གྱིས་མ་བཏང་བར་ཡོད་ཚུལ་ཚ་དམྱལ་བརྒྱད་ཀྱི་སྐབས་སུ་བཤད་པ་དང་འདྲ། སོ་འཐམ་འཐམ་པ་ཞེས་པ་ནི། འདར་བའི་སྟོབས་ཀྱིས་སོ་འཐམ་པའི་དོན་ཡིན། ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་གཉིས་ནི། སྨྲེ་སྔགས་ཆེར་གསལ་མི་གསལ་གྱི་ཁྱད་མ་གཏོགས་མེད། ཨུཏྤལ་ལྟར་གས་པ་ནི། ལུས་ཀྱི་ཕྱི་ནང་ཀུན་འཁྱག་པའི་རང་བཞིན་དང༌། ཁ་དོག་ནི་ཨུཏྤལ་སྔོན་པོའི་ལྒང་བུ་བཞིན་དུ་གྱུར་ཏེ་དུམ་བུ་ལྔ་དྲུག་ཏུ་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་གས་པ་ཆེན་པོ་གཉིས་ནི། ཤ་དམར་རྗེན་དུ་སོང་བ་ལ་སྔ་མའི་ལུས་སེར་ཁ་བཅུ་གྲངས་དང༌། ཕྱི་མའི་ལུས་བརྒྱ་སྟོང་སོགས་སུ་གས་པ་ལ་བྱེད། ཚེ་ཚད་ནི། མ་གཱ་དྷའི་བྲེ་བོ་ཆེ་བརྒྱད་ཅུས་བཀང་བའི་ཏིལ་གྱི་བང་པ་ནས་ལོ་བརྒྱ་བརྒྱ་སོང་མཚམས་སུ་ཏིལ་འབྲུ་རེ་རེ་དོར་བས་ཏིལ་ཡོངས་རྫོགས་ཟད་པ་ཆུ་བུར་ཅན་གྱི་ཚེ་ཚད་དང༌། འོག་མ་རྣམས་གོང་མ་རྣམས་ཀྱི་ཉི་ཤུ་ཉི་ཤུས་འགྱུར་ཡིན་ཞེས་ལམ་རིམ་ཆེན་མོ་ན་གསུངས་ཡོད། བཞི་བ་ཉི་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་དང་རྒྱ་མཚོ་དང༌། བར་སྣང་དང༌། ཐང་དང༌། རི་གསེབ་དང༌། མི་ཡུལ་སོགས་སྣ་ཚོགས་ན་ཡོད་པས་གནས་དང་ཚེ་ཚད་ལ་ནི་ངེས་པ་མེད། གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ། དུད་འགྲོའི་གནས་དངོས་གཞི་ནི། རྒྱ་མཚོ་ཆེན་པོའི་ནང་དུ་ཆང་གི་སྦང་མ་བཞིན་དང༌། རྒྱ་མཚོ་ཆེན་པོའི་གླིང་བར་མུན་པའི་སྨག་རུམ་རྣམས་སུ་བང་བའི་ནང་དུ་ནས་བླུག་པ་ལྟར་ཡོད། དུད་འགྲོའི་སྡུག་བསྔལ་ནི། གླེན་ཞིང་ལྐུགས་པ་དང༌། གཅིག་ལ་གཅིག་ཟ་བ་སོགས་རང་ཅག་རྣམས་ཀྱིས་དུས་རྒྱུན་མངོན་སུམ་དུ་མཐོང་བཞིན་པ་ཡིན་པས། བསྒོམ་ཐུབ་ན་རགས་རིམ་ཙམ་ཞིག་ཤེས་སླ། ཚེ་ཚད་ལ་ངེས་པ་མེད་ཅིང་རིང་ན་བསྐལ་བ་རེར་ཐུབ། གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཡི་དྭགས་ཀྱི་གནས་ནི། འཛམ་གླིང་འདིའི་འོག་ནས་དཔག་ཚད་ལྔ་བརྒྱའི་མཚམས་ན་ཡི་དྭགས་ཀྱི་གྲོང་ཁྱེར་ཡོད། ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་དང༌། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན་དང་གསུམ་ཡོད་པས། དང་བོས་ནི་ཟས་སྐོམ་སོགས་རྙེད་ཀྱང་ལས་ངན་གྱི་དབང་གིས། གཏན་མེད་དུ་འགྲོ་བའམ་རྣག་ཁྲག་སོགས་མི་གཙང་བ་དང༌། ཁྲོ་ཞུན་དང་ཟངས་ཞུན་ཁོལ་མ་ལྟ་བུར་འགྲོ་བ་དང༌། ཡང་ན་མཚོན་ཆ་ཐོགས་པ་སོགས་གེགས་བྱེད་སྣ་ཚོགས་དང༌། གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བས་བཀག་སྟེ་བཟའ་བཏུང་གི་དབང་མེད་པ་དང༌། ནང་གི་སྒྲིབ་པ་ཅན་ནི། ལུས་རི་བོ་ཙམ་ལ་རྐང་ལག་དང་མགྲིན་པ་འཇག་ཐུར་དང༌། ཁ་ཁབ་མིག་དང་འདྲ་ལ། ཟས་སྐོམ་སོགས་ཁའི་དུག་གིས་སྐམ་འགྲོ་བའམ་མ་སྐམ་ཡང་ཁ་ནང་དུ་མི་ཐར་བ་དང༌། ཁ་ནང་དུ་སོང་ཡང་མགྲིན་པ་ནས་འགག་པ་དང༌། མགྲིན་པར་སོང་ཡང་ལྟོ་བའི་ནང་དུ་སླེབ་ཙམ་གྱིས་མེ་ལ་ལོག་ནས་ཁོག་པ་བསྲེགས་པ་དང༌། མེ་ལ་མ་ལོག་ཀྱང་ལྟོ་བ་ཆེ་བས་དུས་ནམ་ཡང་རྒྱགས་རྒྱུ་མེད་པ་ཡིན། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན་ལ་ད་ལྟའི་སྡུག་བསྔལ་གཉིས་ཀ་ཚང་བར་ཡོད། གཞན་ཡང་ཡི་དྭགས་ཕལ་ཆེར་ལ་གློག་འཕྲེང་དང་བཅས་པའི་ལྕགས་བསྲེགས་ཀྱི་སེར་བ་འབེབ་པ་དང༌། ལ་ལའི་ཚ་བའི་སྡུག་བསྔལ་མ་བཟོད་པར་བུ་ཡུག་འཚུབ་པའི་ཁྲོད་དུ་བསྡད་ཀྱང་ཚ་བ་ཇེ་ཆེའི་རྒྱུ་དང༌། འགའ་ཞིག་གིས་གྲང་བའི་སྡུག་བསྔལ་མ་བཟོད་པར་མེ་ནང་དུ་བསྡད་ཀྱང་ཇེ་གྲང་དུ་འགྲོ་བའི་རྒྱུར་སོང་བ་སོགས། མདོར་ན་བཀྲེས་སྐོམ་གྱིས་མཚོན་པའི་སྡུག་བསྔལ་ཅི་འདྲ་ཉམས་སུ་མྱོང་ཡང་ལས་ཀྱི་ནུས་པ་མ་ཟད་བར་དུ་མྱོང་དགོས་པ་ཡིན། ཚེ་ཚད་ནི་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས། དེ་ལྟར་དལ་འབྱོར་རྙེད་དཀའ་མི་རྟག་པ་ངན་འགྲོའི་ཉེས་དམིགས་རྣམས་ཅི་ཙམ་བསམ་ཡང༌། འདི་སྣང་གི་གཡེང་བ་མི་ཆོད་ན་ཆོས་ཆོས་སུ་མ་སོང་བའི་རྟགས་ཡིན། ཁ་ནང་བལྟའི་སྒོ་ནས་ཨུ་ཚུགས་བྱས་ཏེ་བསྒོམ་ན་རྗེ་བླ་མས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡང་ཡང་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཅེས་གསུངས་པ་ལྟར། ནམ་འཆི་ལ་ངེས་པ་མེད་པ་དང༌། ཤི་བའི་རྗེས་སུ་དལ་འབྱོར་ཕར་ཞོག་བདེ་འགྲོ་ཙམ་ཡང་ཐོབ་དཀའ་བས་འགྲོ་ས་ངན་འགྲོའི་གནས་མ་གཏོགས་མེད་སྙམ་དུ་སེམས་བརྩེད་ཡམ་མེ་བ་ཞིག་རང་ཤུགས་ཀྱི་ཐོན་འོང༌། དེ་བྱུང་ན་འཇིག་རྟེན་འདི་སྣང་གི་ཞེན་པ་ཡང་རང་ཤུགས་ཀྱིས་སེམས་ནས་འབོར་འགྲོ་བ་ཡིན། ངན་སོང་གི་སྡུག་བསྔལ་ལ་སྐྲག་པའི་སྟོབས་ཀྱིས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་སྙམ་དུ་སྐྱབས་འགྲོའི་རྒྱུ་རྣམ་དག་ཅིག་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེ་ཡོང་བ་ཡིན་ནོ། །

དེས་ན་གཉིས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ། སྐྱབས་ཡུལ་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གསུམ་ཡིན། དེ་ཡང་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་སོགས་པ་སྐྱབས་གནས་སུ་མི་འོས་ལ། སངས་རྒྱས་རྣམས་སྐྱབས་གནས་ཡིན་པའི་རྒྱུ་མཚན་ནི། བསྟན་པའི་སྒྲོན་མེས། གཞན་མགོ་འདོན་བའི་སྔོན་ལ་རང་མགོ་ཐོན། །ཞེས་གསུངས་པ་ལྟར། གཞན་དོན་ཕུན་སུམ་ཚོགས་པ་འོང་བ་ལ་རང་འཇིགས་པ་ཐམས་ཅད་ལས་གྲོལ་དགོས། དེའི་སྟེང་དུ་གཞན་སེམས་ཤེས་པའི་མངོན་ཤེས་མེད་ན་གདུལ་བྱའི་ཁམས་དང་བསྟུན་པའི་ཆོས་གསུངས་མི་ཤེས་པས་གདུལ་བྱའི་དོན་ཆེན་པོ་རྣམས་བསྒྲུབ་མི་ནུས། དེས་ན་གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས་དགོས། དེའི་སྟེང་དུ་ཡང་དཔེར་ན་ཤར་གྱི་རི་རྩེར་ཉི་མ་སླེབ་པ་དང༌། འབད་རྩོལ་མི་དགོས་པར་འཛམ་གླིང་གི་ཁྱོན་ཐམས་ཅད་སྣང་བས་ཁྱབ་འགྲོ་བ་བཞིན་དུ། འདས་མ་འོང་ལྟ་བུ་དུས་ཀྱི་བསྐལ་བ་དང༌། སྟོང་གསུམ་ནམ་མཁའ་ཁྱབ་པའི་ཤར་ནུབ་ཀྱི་འཇིག་རྟེན་ལྟ་བུ་ཡུལ་གྱིས་བསྐལ་བ་ལའང་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་དུས་གཅིག་ལ་འཇུག་པ་དང༌། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སངས་རྒྱས་མ་གཏོགས་གཞན་ལ་མེད་པའི་ཁྱད་ཆོས་ཡིན། རང་ལ་སྐྱིད་སྡུག་ཅི་འདྲ་བྱུང་ཡང་དཀོན་མཆོག་གསུམ་མཁྱེན་སྙམ་དུ་སྐྱབས་འགྲོ་ཚིག་ཙམ་མིན་པ་སྐྱེས་པ་ལ་སྔར་ཡང་བཤད་པ་ལྟར། སྐྱབས་འགྲོའི་རྒྱུ་རྣམ་དག་ཡོད་པའི་སྟེང་དུ་མཆོག་གསུམ་གྱི་ཡོན་ཏན་རྣམས་སོ་སོར་དྲན་དགོས་པ་ཡིན། དེས་ན་བསྟན་པ་འདྀའི་བདག་པོ་ཐུབ་པའི་དབང་བོའི་སྐུས་འདུལ་དགོས་ཀྱི་གདུལ་བྱའི་སྣང་ངོ་དང་སྦྱར་ནས་བཤད་ན། དེ་ཡང་མདོ་སྡེ་རྣམས་སུ་མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། མེ་ལྕེ་མར་གྱིས་བཀྲམ་པ་ལྟ་བུ། ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་རྣམ་སྨིན་གྱི་ཕུང་བོ་ལྟ་བུ་མ་ཡིན་པར། མར་མེ་མཛེས་པའི་མེ་ལྕེ་བཞིན་དུུ་དྭངས་ཤིང་གསལ་ལ་གསེར་གྱི་ཁ་དོག་ལྟ་བུ། ཉི་མ་འབུམ་ལས་ལྷག་པའི་གསེར་འོད་འཕྲོ་བ། དཀར་ལ་འོད་འཚེར་བའི་ཚེམས་བཞི་བཅུ་ཚང་བ། བོང་བ་ལྟར་ནག་པའི་དབུ་སྐྲ་ཉག་མ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ། ཕྱག་ཞབས་ཀྱི་མཐིལ་རྣམས་སུ་འཁོར་ལོ་དང་དཔལ་བེའུ་ལ་སོགས་པའི་རི་མོ་ཡོད་པ། མདོར་ན་མཐོང་ན་མི་མཐུན་པ་མེད་པ། དེ་ལྟ་བུའི་སྐུ་དང་རྒྱལ་བའི་ཐུགས་གཉིས་ཀྱང་རང་ཅག་རྣམས་ཀྱི་ལུས་སེམས་བཞིན་དུ་ཁ་ཁ་སོ་སོ་མ་ཡིན་པར། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་བ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །གསུངས་པ་ལྟར། དཔེར་ན་འཇའ་ཚོན་ལྟ་བུ་དང་བོ་བྱུང་ས་ཡང་ནམ་མཁའ་རང་ལས་བྱུང་ཞིང་ཐིམ་ས་ཡང་བར་སྣང་སྟོང་བའི་ངང་དུ་ཞི་འགྲོ་བ་བཞིན་དུ་རྣམ་མཁྱེན་དང་གཟུགས་སྐུ་ཞེས་པ་རང་ལྡོག་ནས་བཞག་པ་མ་གཏོགས། ཡེ་ཤེས་ཆོས་སྐུ་རང་སྣང་ལས་གྲུབ་པའི་གཟུགས་སྐུ་དང༌། གཟུགས་སྐུར་མི་ཤར་བའི་རྣམ་མཁྱེན་ཞིག་འཇོག་ཚུལ་མེད། མདོར་ན་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་གཟུགས་སྐུ་རྣམས་ཀྱང་ནང་ཕན་ཚུན་ངོ་བོ་དབྱེར་མེད་ཡིན་པས། གཟུགས་སྐུ་གཅིག་ལ་ཡང་མདོ་སྔགས་ཀྱི་གདུལ་བྱ་རིགས་མི་འདྲ་པ་དཔག་ཏུ་མེད་པས་དུས་གཅིག་ལ་མཇལ་བའི་ཚེ། གང་གིས་མོས་པ་གཙོར་བྱས་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། རང་གི་མོས་པ་གཙོ་བོར་གྱུར་བའི་ལྷ་གང་ཡིན་ན་དེ་དང་དེའི་རྣམ་པར་ཤར་བ་ཡིན་ནོ། །གཉིས་པ་གསུང་གི་ཡོན་ཏན་ནི། རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་འཇིག་རྟེན་དུ་མ་བྱོན་ན་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་སྡིག་པའི་སྒྲ་འཇུག་པའི་གཞི་དེ་རང་ཅག་རྣམས་ལ་རང་ཤུགས་ཀྱིས་ཡོད་པ་དུད་འགྲོ་དང་ཁྱད་མེད་ཅིང༌། དགེ་སྡིག་གི་ཐ་སྙད་ལ་རྨོངས་པའི་དབང་གིས་བླང་དོར་འབྱེད་མི་ཤེས་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་མི་སྲིད། དེས་ན་རྟེན་འབྲེལ་བསྟོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱིས་དགེ་བ་ཞེས་པ་དང༌། སྡིག་པ་ཞེས་པ་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཞེས་པའི་མིང་ཙམ་ཞིག་བརྗོད་ཤེས་པ་ཡན་ཆད་སངས་རྒྱས་ཀྱྀ་གསུང་གི་བཀའ་དྲིན་ཡིན། དེ་ལྟ་བུའི་གསུང་དེས་གདུལ་བྱའི་རེ་བ་སྐོང་ཚུལ་ནི། གསུང་གཅིག་ཉིད་དུ་གསུང་ན་ཡང༌། །དུ་མ་ཉིད་དུ་སོ་སོར་གོ །ཞེས་དང༌། བཟང་སྤྱོད་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟར། རིགས་མི་འདྲ་བའི་སྐྱེ་བོ་དཔག་ཏུ་མེད་པས་དྲི་བ་མི་འདྲ་བ་རེ་རེ་ནས་དུས་གཅིག་ལ་ཞུས་ཀྱང་གསུང་གཅིག་གིས་རང་རང་གི་སྐད་དུ་དྲི་བ་ཐམས་ཅད་ཀྱི་ལན་དུས་གཅིག་ལ་སྟོན་པར་མཛད་པ་ནི་གསུང་གི་ཡོན་ཏན་དྲན་ཚུལ་ཡིན། གསུམ་པ་ཐུགས་ཀྱི་ཡོན་ཏན་ལ། མཁྱེན་པ་དང་བརྩེ་བ་གཉིས་ལས། དང་བོ་ནི་ཤཱཀྱ་ཐུབ་པའི་རྣམ་མཁྱེན་དང་རྒྱལ་བ་བྱམས་པའི་རྣམ་མཁྱེན་ལྟ་བུ་རང་ལྡོག་ནས་བཞག་པ་མ་གཏོགས། རྒྱལ་བ་བྱམས་པའི་རྣམ་མཁྱེན་གྱི་ངོ་བོར་མ་སོང་བའི་ཤཱཀྱ་ཐུབ་པའི་རྣམ་མཁྱེན་དང༌། ཤཱཀྱ་ཐུབ་པའི་རྣམ་མཁྱེན་དང་ངོ་བོ་དབྱེར་མེད་དུ་མ་སོང་བའི་སངས་རྒྱས་བྱམས་པའི་རྣམ་མཁྱེན་ཞིག་འཇོག་ཚུལ་མེད། མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་དང་བཅས་པ་ཐམས་ཅད་ནང་ཕན་ཚུན་ངོ་བོ་དབྱེར་མེད་ཡིན། དེས་གནད་ཀྱིས་སངས་རྒྱས་གཅིག་ལ་གསོལ་བ་བཏབ་ན་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་མི་གཟིགས་པ་མི་སྲིད། གཟིགས་ནས་ཡལ་བར་འདོར་མི་སྲིད་པ་ཡིན། དེ་ལྟ་བུའི་རྣམ་མཁྱེན་དེས་ཡུལ་གཟིགས་ཚུལ་ནི། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ལྟར། དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པ་དང༌། ཁྱད་པར་དུ་རང་རང་གི་བློ་དང་འཚམ་པའི་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་གདུལ་བྱའི་རེ་བ་སྐོང་ཚུལ་ནི། རྒྱ་མཚོ་ཆེན་པོའི་རླབས་དང་འདྲ་བ་ཡིན། གཉིས་པ་བརྩེ་བའི་ཡོན་ཏན་ནི། བརྩེ་བ་དང་སྙིང་རྗེ་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན། སྙིང་རྗེའི་དམིགས་ཡུལ་ནི་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་རྣམས་ཡིན། སེམས་ཅན་ལ་སྙིང་བརྩེ་ཚུལ་ནི། ཤིན་ཏུ་གཅེས་པའི་བུ་ཆུང་སྡུག་བསྔལ་དྲག་པོས་མནར་བ་ལ། དེའི་མ་དེ་བཟོད་གླགས་མེད་པའི་སྙིང་རྗེ་དྲག་པོ་སྐྱེས་པ་བཞིན་དུ། དེ་ལྟ་བུའི་སྙིང་རྗེ་ཞིག་ཕྱོགས་མེད་ཀྱི་སེམས་ཅན་རྣམས་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་བྱང་སེམས་ལས་དང་བོ་བ་རྣམས་ཀྱི་སྙིང་རྗེ་འབྱུང་ཚད་ཡིན། དེ་ལྟ་བུའི་སྙིང་རྗེ་དེའི་ནུས་པ་གོང་ནས་གོང་འཕེལ་དུ་སོང་བའི་མཐར་ཐུག་སངས་རྒྱས་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་ཡིན། བཞི་བ་འཕྲིན་ལས་ཀྱི་ཡོན་ཏན་ནི། སྒྲིབ་བྲལ་གྱི་དབྱིངས་དང་རོ་གཅིག་ཏུ་ཞུགས་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་འབད་མེད་དུ་རྟོགས་ཏེ་གང་ལ་གང་འདུལ་གྱི་སྐུའི་རྣམ་པ་ལྷུན་གྱིས་གྲུབ་པའི་སྒོ་ནས་བློ་དང་འཚམ་པའི་ཆོས་གསུངས་པ་ལྟ་བུ་བྱེད་པ་བོ་རང་ལ་ཡོད་པའི་འཕྲིན་ལས་དང༌། སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་སེམས་སྣ་གཅིག་སྐྱེས་པ་ཡན་ཆད་ནས་རབ་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པ་ཐམས་ཅད་བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཡིན། དེ་ལྟ་བུའི་འཕྲིན་ལས་དེ་ཡང་མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་གསུངས་པ་ལྟར། སེམས་ཅན་གྱི་ལས་དང་ཉོན་མོངས་ལ་མཐའ་མེད་པའི་དབང་གིས་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་དུས་དང་རྣམ་པ་ཀུན་ཏུ་རྒྱུན་མི་ཆད་པར། བུམ་པ་བཟང་བོ་དང༌། བསམ་འཕེལ་དབང་གི་རྒྱལ་བོ་དང༌། དཔག་བསམ་གྱི་ཤིང་གི་བྱེད་ལས་རྣམས་དང་ཆོས་མཚུངས་པ་ཡིན་ནོ། །གཉིས་པ་ཆོས་དཀོན་མཆོག་ནི། དེ་འདྲའི་སངས་རྒྱས་རྣམས་ཀྱང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །ཞེས་གསུངས་པ་ལྟར། སློབ་པ་ལམ་གྱི་གནས་སྐབས་སུ་མགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་རིམ་གྱི་གཞུང་རྣམས་ལ་དང་བོ་ཐོས་པ་བྱས། བར་དུ་བསམ་པས་སྒྲོ་འདོགས་བཅད། མཐར་བསྒོམ་པས་ཉམས་སུ་བླངས་ནས་དོན་དམ་པའི་ཆོས་དཀོན་མཆོག་སྤང་རྟོགས་ཀྱི་ཡོན་ཏན་རྣམས་ཐུགས་རྒྱུད་ལ་འཁྲུངས་པའི་དབང་གིས། འཁོར་བ་དང་ངན་སོང་གི་འཇིགས་པས་མཚོན་པའི་འཇིགས་པ་མཐའ་དག་ལས་གྲོལ་བའི་འབྲས་བུའི་སྐྱབས་ཐུགས་རྒྱུད་ལ་འཁྲུངས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་གནས་སུ་གྱུར་བ་ཡིན། དེ་འདྲའྀ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སློབ་ལམ་དུ་རང་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་སྐྱབས་དངོས་ཆོས་དཀོན་མཆོག་ཐུགས་ཉམས་སུ་ཇི་ལྟར་བཞེས་པའི་ཚུལ་སྐྱེས་བུ་ཆུང་འབྲིང་རྣམས་ཀྱི་དབང་བོའི་རིམ་པ་དང་བསྟུན་ནས་གདམས་ངག་བསྩལ་བའི་གདམས་དོན་རང་གིས་ཉམས་སུ་མ་བླང་ཕྱིན། ཏིང་ངེ་འཛིན་རྒྱལ་བོ་ལས། ངས་ནི་རབ་ཏུ་བཟང་བོའི་ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྦྱང་ན། །ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་དག །བདག་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར། དཔེར་ན་ནད་ལས་ཐར་བ་ལ། སྤྱོད་ལམ་སྐྱོང་ཚུལ་དང༌། སྨན་འཐུང་ཚུལ་སོགས་ཐམས་ཅད་སྨན་པའི་ངག་བཞིན་མ་བྱས་ན། ནད་ལས་གྲོལ་མི་སྲིད་པ་དང་འདྲ། འཇིགས་པ་ལས་སྐྱོབ་ཅེས་པའི་འཇིགས་པ་དེ་ལ་ཡང༌། ངན་སོང་གི་འཇིགས་པ་དང༌། ཁམས་གསུམ་འཁོར་བའི་སྡུག་བསྔལ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པའི་འཇིགས་པ་སོགས་ཡོད་པས། དེས་ན་སྐྱེས་བུ་ཆུང་ངུ་དང་སྦྱར་ན་ཆུང་ངུས་བསམ་ཚུལ་ནི། ཕྱི་མར་ངན་སོང་དུ་མ་ལྷུང་བར་མངོན་མཐོ་ལྷ་མིའི་གོ་འཕང་ཞིག་ཐོབ་ན་སྙམ་དུ་འཇིག་རྟེན་འདིའི་ཞེན་ཆགས་ལྡོག་པ་ཙམ་ཞིག་མ་གཏོགས་མེད་པས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་རྣམ་དག་ཅིག་རྒྱུད་ལ་སྐྱེས་ན། ཕྱི་མར་ངན་སོང་གི་འཇིགས་པ་ཙམ་ལས་དངོས་སུ་སྐྱོབ་པའི་ཉི་ཚེ་བའི་སྐྱབས་དངོས་སྐྱེས་བུ་ཆུང་ངུའི་རང་ལམ་གྱི་ཆོས་དཀོན་མཆོག་རྒྱུད་ལ་སྐྱེས་པ་ཡིན། སྐྱེས་བུ་འབྲིང་ནི། ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ཏེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་འཁོར་བར་སྐྱེས་པ་འཕེན་བྱེད་ཀྱི་ལས་ཉོན་གསར་བ་ཟད་པའི་འགོག་བདེན་ཐོབ་ཚེ། རང་ཉིད་འཁོར་བའི་འཇིགས་པ་མཐའ་དག་ལས་སྐྱོབ་པའི་སྐྱབས་སྐྱེས་བུ་འབྲིང་རང་ལམ་གྱི་ཆོས་དཀོན་མཆོག་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེས་པ་ཡིན། ཐེག་ཆེན་པ་རྣམས་ཀྱིས་སངས་རྒྱས་ལ་སྐྱབས་སྟོན་པ་བོ་དང༌། ཆོས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་མི་འགྲོ་བ་མིན་ཀྱང༌། གཙོ་བོ་ནི་ཐབས་ཤེས་ཡ་མ་བྲལ་བར་ཉམས་སུ་བླང་བ་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བག་ཆགས་དང་བཅས་པའི་འཇིགས་པ་ལས་སྐྱོབ་པའི་དོན་དམ་པའི་སྐྱབས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། གསུམ་པ་དགེ་འདུན་དཀོན་མཆོག་ནི། དཔེར་ན་སྔར་གཏན་ནས་འགྲོ་མ་མྱོང་བའི་ཐག་རིང་གི་ཡུལ་དུ་འགྲོ་བ་ལ་ལམ་གྱི་ཆ་རྒྱུས་ཆེ་བ། མཐུན་རྐྱེན་རྣམས་བསྒྲུབ་པ་ལ་དབང་འབྱོར་བ། དགྲ་རྐུན་མེ་ཆུ་སོགས་ཀྱི་གནོད་འཚེ་བསྲུང་བ་ལ་མཁས་པ། གྲོགས་ལ་སྙིང་བརྩེ་བ། འདོད་པའི་ཡུལ་དེར་མ་སླེབ་ཀྱི་བར་དུ་རང་དང་མི་འབྲལ་པའི་གྲོགས་བཟང་བོ་ཞིག་ཡོད་ན། ཉིན་མཚན་ཀུན་ཏུ་རང་ལ་ཉེས་སྐྱོན་མི་འོང་སྙམ་དུ་གྲོགས་ལ་སྐྱབས་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་ལྟར། སྔར་འགྲོ་མ་མྱོང་བའི་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་འགྲོ་བ་ལ། བླང་དོར་གྱི་གནས་ལ་མཁས་པ། ལམ་གྱི་མཐུན་རྐྱེན་རྣམས་ལ་དབང་འབྱོར་བ། འཁོར་བ་དང་ངན་སོང་གི་འཇིགས་པས་མཚོན་པའི་འཇིགས་པ་མཐའ་དག་སེལ་བ་ལ་མཁས་པ། རང་ཅག་སོགས་སེམས་ཅན་ལ་སྙིང་བརྩེ་བ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་རང་དང་མི་འབྲལ་བའི་གྲོགས་བཟང་བོ་ནི་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ནི། དགེ་འདུན་དཀོན་མཆོག་གི་ཡོན་ཏན་དྲན་ཚུལ་ཡིན། དེས་ན་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཀྱང་སངས་རྒྱས་ལ་དང་བའི་དད་པ་བསྐྱེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་སྐྱབས་ཀྱི་དམ་ཆོས་སྟོན་པ་བོ་དང༌། ཁྱད་པར་དུ་རང་རང་གི་བློ་དང་འཚམ་པའི་སྐྱབས་སྟོན་པ་བོར་ཡིད་ཆེས་ཀྱི་དད་པ་སྦྱོང་བ་ནི་སྐྱེས་བུ་ཆུང་འབྲིང་གཉིས་ཀྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་དང༌། ཐེག་ཆེན་པ་རྣམས་ཀྱིས་སངས་རྒྱས་གྱི་གོ་འཕང་བསྒྲུབ་འདོད་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། སྐྱེ་བ་ཕྱི་མར་ངན་སོང་གི་འཇིགས་པ་ཙམ་ལས་དངོས་སུ་སྐྱོབ་པའི་དཀར་བོ་དགེ་བའི་ལས་ལམ་བཅུ་ལྟ་བུ་ཡང་སྤྱིར་ན་དོན་དམ་པའི་ཆོས་དཀོན་མཆོག་མ་ཡིན་ཀྱང༌། སྐྱེས་བུ་ཆུང་ངུས་རང་གི་ཉམས་སུ་བླང་བྱའི་ཆོས་དཀོན་མཆོག་མ་ཡིན་ཞེས་ཁས་ལེན་མི་ཐུབ་པ་ཡིན།དེས་ན་སྐྱེས་བུ་གསུམ་པོ་གང་ཡིན་ཀྱང་རང་རང་གིས་འདོད་བྱའི་ཆོས་ལ། མངོན་འདོད་ཀྱི་དད་པ་བརྟན་པོའི་སྒོ་ནས་ཉམས་སུ་ལེན་པ་ཆོས་ལ་སྐྱབས་དངོས་ཀྱི་འདུ་ཤེས་བཞག་ནས་སྐྱབས་སུ་འགྲོ་ཚུལ་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ནི། སྔར་དགེ་འདུན་དཀོན་མཆོག་གི་ཡོན་ཏན་དྲན་ཚུལ་བཤད་པས་ཤེས་ནུས་ཀྱང༌། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སྙིང་ནས་འཇིགས་ན། འཕགས་པའི་གང་ཟག་རྣམས་ལ་སྐྱབས་གནསཀྱི་བློ་སྐྱེ་བར་མ་ཟད། འཇམ་མགོན་ས་པཎ་གྱིས། མཁས་པ་མཁས་པའི་ནང་ན་མཛེས། །ཞེས་གསུངས་པ་ལྟར། ཆོས་མཛད་ཀྱི་སྐྱེས་བུ་ཡིན་ཚད་ཐམས་ཅད་ལ་བརྩེ་གདུང་དང་དག་སྣང་སྔར་ལས་ཇེ་ཆེར་འགྲོ་བ་ཡིན། དེ་ལྟ་བུའི་ཡིད་ཆེས་དང༌། ཉམས་ལེན་གྱི་རྒྱུན་མ་ཉམས་ན་བཤད་ཚོད་ལྟར་གྱི་ཆོས་དཀོན་མཆོག་རྒྱུད་ལ་མ་སྐྱེས་ཀྱང༌། འཕགས་པའི་དགེ་འདུན་རྣམས་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་བ་ཤ་སྟག་ཡིན་པས། ཚེ་རབས་ཀྱི་འཕྲེང་བ་ཐམས་ཅད་དུ་རང་ལ་ཚུར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་སྐྱབས་ཀྱིས་ཟླ་གྲོགས་བྱེད་པ་ཡིན། དེ་ལྟར་ངེས་པ་རྙེད་པ་ནི་དགེ་འདུན་ལ་སྐྱབས་སུ་སོང་བའི་དོན་ཡིན་ནོ།།གསུམ་པ་སྐྱབས་འགྲོའི་བསླབ་བྱ་ལ་མན་ངག་ལས་འབྱུང་བ་ལྟར་ན། སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱ་གཉིས། དང་བོ་ལ་ཡང༌། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱ་གཉིས་ལས། དང་བོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་གཞན་ལ་ཕྱག་མཆོད་བྱ་བ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་བྱེད་པ། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་ཅན་དང་འགྲོགས་པ་གསུམ་དགག་དགོས་པས་དེ་གསུམ་ལ་དགག་པའི་བསླབ་བྱ་ཟེར། གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་གཟུགས་ཡིན་ཚད་ཐམས་ཅད་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས། གསུང་རབ་ཚིག་བཞི་ཞིག་ཡན་ཆད་ལ་ཡང་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས། རབ་བྱུང་གི་རྟགས་ཙམ་འཛིན་པ་ཡན་ཆད་ལ་ཡང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་པ་གསུམ་ནི་སྒྲུབ་ཕྱོགས་ནས་ཉམས་སུ་ལེན་དགོས་པས་དེ་གསུམ་ལ་སྒྲུབ་པའི་བསླབ་བྱ་ཟེར། གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག་ལས་རིམ་པ་བཞིན་དུ། དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་སེམས་པ། བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་ཀྱང་མཆོད་པ། ཀུན་སློང་དག་པའི་སྒོ་ནས་འགྲོ་བ་གཞན་ཡང་སྐྱབས་འགྲོ་ལ་འགོད་པ། བྱ་བ་གང་བྱེད་ཐམས་ཅད་ཀྱི་ཐོག་མར་དཀོན་མཆོག་ལ་གསོལ་བ་འདེབས་པ། སྐྱིད་སྡུག་གང་གི་སྐབས་སུ་ཡང་དཀོན་མཆོག་ལ་བརྟེན་པ། ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ། མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་དང་བཅས་པ་ཡོད་དོ། །དེ་ལྟར་སྐྱབས་སུ་སོང་པས་ངན་འགྲོའི་འཇིགས་པ་ལས་སྐྱོབ་ཚུལ་ནི། སྔར་ཡང་མང་དུ་བཤད་པ་ལྟར་ངན་འགྲོ་རང་ཤུགས་ཀྱིས་འགྲུབ་པའི་རྒྱུའི་གཙོ་བོ་རང་རྒྱུད་ཀྱི་མི་དགེ་བ་བཅུ་ལྡོག་སྟེ་བདེ་འགྲོའི་རྒྱུ་སྐྱེས་བུ་ཆུང་ངུའི་རང་ལམ་གྱི་ཆོས་དཀོན་མཆོག་དཀར་བོའི་ལས་ཀྱི་ལམ་ལ་ཉམས་ལེན་གྱི་རྒྱུན་མ་དོར་ན། ངན་འགྲོའི་སྡུག་བསྔལ་འབྱུང་ཚུལ་མེད། དེ་ལས་ལྡོག་ཕྱིན་ཆད་ངན་སོང་གི་འཇིགས་པ་ལས་སྐྱོབ་ཚུལ་མེད། དེས་ན་སྐྱབས་འགྲོའི་བསླབ་བྱའི་གཙོ་བོ་སྐྱེས་བུ་ཆུང་ངུའི་ལམ་དངོས་གཞི་དཀར་ནག་གི་ལས་ལ་སྤང་བླང་བྱེད་དགོས་པ་ཡིན་པས། རྩ་བའི་ས་བཅད་བཞི་བ་ཁྱད་པར་དུ་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་ཡིད་ཆེས་པའི་སྒོ་ནས་ལས་འབྲས་བསམ་པ་ལ། ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་ཚུལ་གཉིས། དང་བོ་ལ་ཡང་ལས་ངེས་པའི་ཚུལ་དང༌། ལས་འཕེལ་བའི་ཚུལ་དང༌། ལས་མ་བྱས་པ་དང་མི་འཕྲད་པ་དང༌། ལས་བྱས་པ་ཆུད་མི་ཟ་བའི་ཚུལ་དང་བཞི། དང་བོ་ནི། དཀར་ནག་གི་ལས་ཇི་ལྟར་བསགས་པ་བཞིན་དུ་འབྲས་བུ་བདེ་སྡུག་ཀྱང་དེ་ལུགས་ལྟར་འབྱུང་བར་ངེས་པ་ལས་ངེས་པའི་ཚུལ་དང༌། ལས་འཕེལ་ཆེ་བའི་ཚུལ་ནི། ལམ་རིམ་ཆེན་མོ་ལས། ནང་གི་རྒྱུ་འབྲས་ཀྱི་འཕེལ་ཁ་འདྲ་བ། ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དོ། །ཞེས་གསུངས་པ་ལྟར། དཔེར་ན་མེ་ཏོག་གི་ས་བོན་ཕྲ་མོ་ཞིག་ལ་ཡང་མེ་ཏོག་ཕོན་ཆེ་བ་སྐྱེ་བ་དང༌། ཤིང་འབྲུ་གཅིག་ལ་ཡང༌། ཡལ་ག་དང༌། ལོ་འདབ་དང༌། མེ་ཏོག་དང༌། འབྲས་བུ་རྣམས་གྲངས་ཀྱིས་མི་ལང་བ་འབྱུང་བ་སོགས་བསམ་གྱིས་མི་ཁྱབ་ཀྱང་ནང་གི་དགེ་སྡིག་གི་འཕེལ་ཁ་དེ་ལས་ཀྱང་ཤིན་ཏུ་རྒྱ་ཆེ་བར་གསུངས་ཡོད། དེས་ན་སྡིག་པ་ཆུང་ངུ་ལ་ཡང་བཤགས་སྡོམ་ཤུགས་དྲག་བྱེད་པ་དང༌། དགེ་བ་ཆུང་ངུ་ལ་ཡང་ཉམས་ལེན་རྒྱུད་མ་ཆད་པ་དགོས། ལས་མ་བྱས་པ་དང་མི་འཕྲད་པ་ནི། རྒྱུ་དགེ་བ་མ་བྱས་ན་འབྲས་བུ་བདེ་བ་དང་མི་འཕྲད། རྒྱུ་མི་དགེ་བ་མ་བྱས་ན་འབྲས་བུ་སྡུག་བསྔལ་དང་མི་འཕྲད་ཅེས་པའི་དོན་ཡིན། ལས་བྱས་པ་ཆུད་མི་ཟ་བ་ནི། མདོ་ལས། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། །ཆུད་མི་ཟ་བ་ཚོགས་དང་དུས། །ཉིད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར། དགེ་སྡིག་གི་ལས་ཆེ་ཆུང་གང་བསགས་ཐམས་ཅད་བསྐལ་བ་བགྲང་ལས་འདས་པས་ཆོད་པ་ཡོད་ཀྱང་ཆུད་མི་ཟ་བར་ནམ་ཞིག་རྐྱེན་དང་འཕྲད་པའི་ཚེ་སྔར་བསགས་ཀྱི་ལས་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ནུས་པ་མཐུ་ཅན་དུ་སོང་བ་ན་འབྲས་བུ་བདེ་སྡུག་སྣ་ཚོགས་པ་ཞིག་མྱོང་མི་དགོས་པའི་ཐབས་མེད་པ་ནི། ལས་བྱས་པ་ཆུད་མི་ཟ་བའི་དོན་ཡིན། དེ་ཡང་དཔེར་ན། འཇིག་རྟེན་འདིར་མི་སྡིག་ཅན་རྣམས་ཀྱིས་གཞན་ལ་འཕྲོག་བཅོམ་ལྟ་བུའི་ལས་བསགས་མ་ཐག་འབྲས་བུ་ཡིད་དུ་མི་འོང་བ་འདི་ཡིན་ཞེས་མཛུབ་མོ་འཛུགས་ས་མི་རྙེད་ཀྱང༌། ནམ་ཞིག་རྩད་ཆོད་པའི་ཚེ་དེ་ལ་དགྲ་ཤ་ལེན་པ་དང༌། བཙོན་དུ་བཟུང་ནས་ཁྲིམས་ལས་སྣ་ཚོགས་བྱས་པའི་སྟེང་དུ་སྔར་གྱི་ནོམ་པ་དེ་དག་ཡར་ལྷག་ཡར་རྒྱས་སུ་བསྐྱིན་དགོས་པའམ། ཡང་ན་རྒྱུ་ནོར་ལོངས་སྤྱོད་ཀུན་དང་གཏན་བྲལ་བྱེད་པ་སོགས་འབྲས་བུ་མི་འདོད་པ་སྣ་ཚོགས་འབྱུང་ཚུལ་ཁྲིམས་ཁ་བཙན་སའི་རྒྱལ་ཁག་རྣམས་སུ་བལྟས་ན་ཤེས་སླ། དེ་བཞིན་དུ་སྐྱེས་བུ་སྙིང་སྟོབས་ཅན་རྣམས་ཀྱིས་ཀྱང་སྐུ་ཚེའི་སྟོད་ཐོས་བསམ་བགྱིད་སྐབས་རྣམ་དཀར་གྱི་འབྲས་བུ་འཕེལ་ཆེ་བ་རྣམས་གློ་བུར་དུ་མཐོང་རྒྱུ་མེད་ཀྱང༌། སྐུ་ཚེའི་སྨད་མཆོག་ཐུན་མོང་གི་དངོས་གྲུབ་སོགས་ལྷུན་གྱིས་འགྲུབ་ཚུལ་སྤྱི་ཙམ་ཞིག་རང་ཅག་རྣམས་ཀྱིས་ཤེས་སླ་བར་སྣང་བས་དོན་དེ་ལ་རྗེས་སུ་དཔག་ནས། སྐྱེ་བ་ཕྱི་མའི་དགེ་སྡིག་སྨིན་ཚུལ་ཡང༌། དཔེར་ན། ན་ཚོད་ཆུང་དུས་སྐྱིད་སྣང་ཅན་གྱི་སེམས་དེ་རྒན་པོའི་གནས་སྐབས་སུ་སྐྱོ་སྣང་ཅན་གྱི་སེམས་སུ་འགྱུར་བས་སེམས་དེ་གཉིས་ཀ་གཅིག་མ་ཡིན་ཀྱང༌། རིགས་རྒྱུན་དང༌། བདག་གི་རྒྱུན་མ་ཆད་པའི་དབང་གིས་ཚེ་སྟོད་མི་ལ་ཕན་གནོད་བྱས་པའི་འབྲས་བུ་ཚེ་སྨད་ཉམས་སུ་མྱོང་རྒྱུ་ཡོད་པ་རང་ཅག་རྣམས་ཀྱིས་མྱོང་བས་འགྲུབ། རྒན་པོའི་སེམས་དེ་ཡང་རིམ་གྱིས་འཆི་སེམས་སུ་གྱུར་ནས་འཆི་སེམས་སྐད་ཅིག་མཐའ་མའི་བར་དོའི་རྣམ་ཤེས་དང་མཚམས་སྦྱོར། བར་དོའི་རྣམ་ཤེས་སྐད་ཅིག་མཐའ་མའི་འབྲས་དུས་ཀྱི་རྣམ་ཤེས་བསྐྱེད་དེ་སྐྱེ་བ་ཕྱི་མ་འགྲུབ། ལས་ཞེས་པ་དེ་ལས་འབྲས་ལ་རྨོངས་པའམ་ཡང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་ཀུན་ནས་བསླང་སྟེ། དགེ་མི་དགེ་གང་རུང་ལ་སེམས་གཡོ་བར་བྱེད་པའི་སེམས་པ་ནི་སེམས་པའི་ལས་དང༌། དེས་བསྐྱེད་པའི་ལུས་ངག་གི་ལས་ལ་བསམ་པའི་ལས་ཟེར་པ་ཡིན། ལས་དང་བོར་གསོག་ཚེ་སེམས་པའི་ངོ་བོར་གསོག་ཀྱང་སེམས་པ་མངོན་གྱུར་ཏེ་འགག་པ་ན་བག་ཆགས་སུ་འགྲོ། དེ་འདྲའི་ལས་དེ་ཡང་དང་བོ་བྱུང་ཡང་སེམས་ལས་བྱུང༌། འགག་ས་ཡང་སེམས་ཀྱི་ངང་དུ་འགག དེའི་རྒྱུ་མཚན་གྱིས་བག་ཆགས་འཇོག་ས་ཡང་སེམས་ཀྱི་སྟེང་དུ་འཇོག སེམས་ལ་རྒྱུན་ཆད་མེད་པ་བཞིན་དུ་བག་ཆགས་ཀྱང་རང་རང་གི་གེགས་བྱེད་དང་མ་འཕྲད་ན་རྒྱུན་མི་ཆད་པ་ཡིན། བག་ཆགས་ཞེས་པ་ཡང༌། དཔེར་ན། ནས་ལྡོག་སྐམ་པོ་སྐྱོན་མེད་ཅིག་ལ་མྱུ་གུ་འགྲུབ་པའི་རྒྱུའི་ནུས་པ་ཡོད་ཀྱང༌། ནུས་པ་དེ་ནས་ལྡོག་དེའི་ཕྱི་ནང་བར་གསུམ་མགོ་མཇུག་སོགས་གང་དུ་བཙལ་ཀྱང་མི་རྙེད་མོད། ཆུ་ལུད་སོགས་ཀྱིས་མཐུན་རྐྱེན་འཛོམ་ན་མྱུ་གུ་མིག་ལམ་ལ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་བཞིན་དུ་རང་ཅག་རྣམས་ཀྱིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་མཐོང་བའི་ཆོས་ལ་སྨིན་པ་དང༌། སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་སོགས་དགེ་མི་དགེའི་བག་ཆགས་སྣ་ཚོགས་ཤིག་ཡོད་པ་རྣམས་བཙལ་བས་མི་རྙེད་ཀྱང་དུས་ལ་བབ་ཚེ་དག་མ་དག་གི་འཇིག་རྟེན་དང༌། ལུས་དང་ལུས་རྟེན་དེ་ལ་འབྲས་བུ་བདེ་སྡུག་སྣ་ཚོགས་རྣམས་ཅུང་ཟད་ཀྱང་མ་འཆོལ་བར་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ཚུལ་གྱིས་སྨིན་དགོས་པ་ལ་ཟློག་ཐབས་མེད་ཀྱང༌། ལས་འབྲས་ཀྱི་རྣམ་བཞག་མཐའ་དག་པའི་སྨིན་ཚུལ་རྣམས་རང་ཅག་ལ་ལྐོག་གྱུར་ཏུ་སོང་བས་བཅོམ་ལྡན་འདས་ཀྱིས་ལས་འབྲས་ཀྱི་རྣམ་བཞག་སྟོན་པའི་ལུང་དང༌། མཛངས་བླུན་དང་ལས་བརྒྱ་བ་སོགས་དང༌། དེ་དག་གི་དགོངས་པ་འགྲེལ་བའི་ཤིང་རྟ་ཆེན་པོའི་གཞུང་རྣམས་ཀྱིས་མཚོན། ཚད་ལྡན་གྱི་གཞུང་དང༌། བླ་མའི་མན་ངག་སོགས་ལ་བརྟེན་ནས་ཡིད་ཆེས་པའི་སྒོ་ནས་ཉམས་སུ་ལེན་དགོས།

       གཉིས་པ་བྱེ་བྲག་ཏུ་བསམ་ཚུལ་ནི། དམ་ཆོས་མངོན་པ་མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་གསུངས་པ་ལྟར། སྒོ་གསུམ་གྱིས་ལས་གང་བསགས་ཐམས་ཅད་ལས་ལམ་བཅུའི་ནང་དུ་མ་འདུས་ཀྱང་རགས་པ་རྣམས་དེའི་ནང་དུ་འདུ་བས། ལས་ལ་ནག་པོའི་ལས་དང༌། དཀར་བོའི་ལས་གཉིས་ཡོད། དང་བོ་མི་དགེ་བ་བཅུ་ངོས་ཟིན་ན་དེའི་ལྡོག་ཕྱོགས་དཀར་བོའི་ལས་ལམ་བཅུ་ཤེས་སླ་བ་ཡིན་པས། ནག་པོའི་ལས་ཀྱི་ལམ་ལ་དང་བོ་སྲོག་གཅོད་ནི། རང་ཉིད་མ་ཡིན་པའི་སེམས་ཅན་ལ་གསོད་འདོད་ཀྱི་ཀུན་སློང་སྤྱི་ཞིག་ཡོད་ན་མ་གཏོགས་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་དུག་གསུམ་གང་རུང་ལ་བརྟེན་ཏེ། གསོད་ཐབས་བྱས་པའི་རྐྱེན་གྱིས་རང་གི་སྔ་རོལ་ཏུ་ཤི་ན་སྲོག་གཅོད་ཀྱི་ལས་ལམ་རྫོགས་པ་ཡིན། མ་བྱིན་ལེན་ནི། རང་དང་ནོར་མི་གཅིག་པ་གཞན་གྱིས་བདག་ཏུ་བཟུང་བའི་རྫས་ལ་དུག་གསུམ་གང་རུང་གི་སྒོ་ནས་རང་དང་ཡང་ན་གཞན་ལ་དོན་བཅོལ་ཏེ་མངོན་འཕྲོག་བྱེད་དམ་གཡོ་ཐབས་ཀྱིས་ལེན་པ་དང༌། ཆུད་ཟོས་སུ་གཏོང་བ་སོགས་གང་བྱེད་ཀྱང་རང་ངམ་མངག་གཞུག་པ་ལ་ཐོབ་བློ་སྐྱེས་པའི་ཚེ་མཐར་ཐུག་གྲུབ་པ་ཡིན། ལོག་གཡེམ་ནི། རང་གི་ཆུང་མ་དང༌། གླ་སྦྱིན་པའི་སྨད་ཚོང་མ་ལ་མ་བརྟེན་པའི་འཁྲིག་པ་ཐམས་ཅད་དང༌། རང་གི་ཆུང་མ་ལ་ཡང༌། ཡན་ལག་མིན་པ་དང༌། གནས་མིན་པ་དང༌། དུས་མིན་པ་རྣམས་སུ་བྱེད་ན་དེ་ཡང་ལོག་གཡེམ་དུ་འགྱུར། རྫུན་ནི། སྨྲ་ཤེས་ཤིང་དོན་གོ་བའི་མི་ལ་འདུ་ཤེས་སྒྱུར་འདོད་ཀྱི་སྒོ་ནས་དུག་གསུམ་གང་རུང་ལ་བརྟེན་ཏེ། རང་གིས་ཡོན་ཏན་གོང་མ་མ་ཐོབ་བཞིན་དུ་ཐོབ་པར་སྨྲ་བའམ། ཁྱོད་ཡོན་ཏན་ཆེན་པོ་ཅན་ཞེས་པ་ལྟ་བུ་ལ་དང་དུ་བླང་བའི་དོན་ཕ་རོལ་བོས་གོ་བ་ན། དངོས་གཞི་རྫོགས་པ་ཡིན། ཕྲ་མ་ནི། དུག་གསུམ་གང་རུང་ལ་བརྟེན་ཏེ་གང་ཟག་ཐ་དད་པ་གཉིས་ཡན་ཆད་ལ་དབྱེ་འདོད་ཀྱི་ཀུན་ནས་བསླང་སྟེ། དབྱེན་ཚིག་སྨྲས་པའི་དོན་གོ་བ་ན་མཐར་ཐུག་གྲུབ་པ་ཡིན། ཚིག་རྩུབ་ནི། དུག་གསུམ་གང་རུང་ལ་བརྟེན་ཏེ། ཡིད་དུ་མི་འོང་བའི་སེམས་ཅན་རྣམས་ཀྱི་རྣ་ལམ་དང་སྙིང་ལ་མི་འབབ་པའི་རྩུབ་ཚིག་སྨྲས་པ་རྣམས་ཡིན། ངག་འཁྱལ་ནི། དུག་གསུམ་གང་རུང་ལ་བརྟེན་ཏེ། ཉན་པ་བོ་ཡོད་དམ་མེད་ཅིང་རུང༌། དོན་མེད་དང་འབྲེལ་མེད་ཀྱི་གཏམ་དང་ཕྱི་རོལ་བ་སོགས་ཀྱི་གཞུང་དང༌། བཀའ་དང་བསྟན་བཅོས་ཀྱི་དོན་ལོག་པར་བཤད་པའི་གཞུང་འདོན་པ་སོགས་དེ་འདྲའི་རིགས་ཐམས་ཅད་ངག་འཁྱལ་ཡིན། མཐར་ཐུག་ནི་ཉན་པ་བོ་ཡོད་ན་དེས་གོ་བ་དང༌། མེད་ཚེ་རང་གིས་སྨྲས་ཟིན་པ་ན་ངག་འཁྱལ་གྱི་ལས་ལམ་རྫོགས་པ་ཡིན། ངག་གི་ཉེས་པ་དང་བོ་གསུམ་ཡང་ངག་འཁྱལ་ཡིན་ཀྱང་དེ་བཞིའི་ནང་ཚན་གྱི་ངག་འཁྱལ་ལ་དང་བོ་གསུམ་གང་ཡང་མ་ཡིན་པ་ཞིག་དགོས། བརྣབ་སེམས་ནི། གཞན་གྱི་ཡོ་བྱད་ལ། འདུ་ཤེས་མ་འཁྲུལ་བའི་སྒོ་ནས་དུག་གསུམ་གང་རུང་ལ་བརྟེན་ཏེ། རང་ནོར་ལ་ཆགས་སེམས་དང༌། དེའི་སྟེང་དུ་ད་དུང་གསོག་འདོད་དང༌། གཞན་གྱི་ནོར་དང་ཡོ་བྱད་སོགས་ཀྱི་ལེགས་ཆ་རྣམས་ཡང་ཡང་ཡིད་ལ་དྲན་པས་ལོངས་སྤྱོད་འདོད་ཇེ་རྒྱས་སུ་སོང་བའི་སེམས་གདུང་བ་དང༌། གཞན་ནོར་དེ་དག་བདག་གིས་གྱུར་ཅིག་སྙམ་དུ་ཡིད་ཀྱིས་རྩོལ་བ་དྲག་པོའི་འཁུ་སེམས་དང༌། དེ་འདྲའི་བརྣབ་སེམས་འཆང་བ་ལ་ངོ་ཚ་མེད་པར་ཉེས་དམིགས་དེ་དག་གིས་རང་རྒྱུད་ཟིལ་གྱིས་གནོན་པའི་ཆོས་ལྔ་ག་ཚང་ན་བརྣབ་སེམས་ཀྱི་མཚན་ཉིད་རྫོགས་པ་ཡིན། དེ་ལྔ་ག་མ་ཚང་བའི་བརྣབ་སེམས་རྣམས་མི་དགེ་བ་བཅུའི་ནང་ཚན་གྱི་བརྣབ་སེམས་མ་ཡིན་ནོ། །གནོད་སེམས་ནི། ཡིད་དུ་མི་འོང་བའི་སེམས་ཅན་རྣམས་ལ། གནོད་པ་བྱེད་འདོད་མ་འཁྲུལ་བའི་སྒོ་ནས་དུག་གསུམ་གང་རུང་ལ་བརྟེན་ཏེ། ཞེ་སྡང་ལངས་ཤིང་དེ་ལ་བསྲན་མི་བཟོད་པ་དང་འཁོན་དུ་འཛིན་སེམས་དང༌། གནོད་པར་བྱེད་པ་ཐག་བཅད་པ་དང༌། དེ་འདྲའི་གནོད་སེམས་འཆང་བ་ལ་ངོ་ཚ་མེད་པར་ཉེས་དམིགས་དེ་དག་གིས་རང་རྒྱུད་ཟིལ་གྱིས་གནོན་པའི་ཆོས་ལྔ་ག་ཚང་ན་གནོད་སེམས་ཀྱི་མཚན་ཉིད་རྫོགས་པ་ཡིན། དེ་ལྔ་ག་མ་ཚང་བའི་གནོད་སེམས་རྣམས་མི་དགེ་བ་བཅུའི་ནང་ཚན་གྱི་གནོད་སེམས་མ་ཡིན་ནོ། །ལོག་ལྟ་ནི། དུག་གསུམ་གང་རུང་ལ་བརྟེན་ཏེ། རྒྱུ་དང་འབྲས་བུ་དང༌། བྱེད་པ་དང༌། ཡོད་པའི་དོན་རྣམས་དང༌། དེ་དག་གང་ཡང་རུང་བ་ལ་སྐུར་བ་འདེབས་འདོད་མ་འཁྲུལ་བའི་སྒོ་ནས་ལོག་པའི་ཆོས་ལ་བདེན་པར་ཞེན་པ་ལྟར་ཐག་བཅད་པ་ན་ལོག་ལྟའི་ལས་ལམ་རྫོགས་པ་ཡིན། དེ་འདྲའི་དོན་མ་ཚང་བའི་ལོག་ལྟ་རྣམས་མི་དགེ་བ་བཅུའི་ནང་ཚན་གྱི་ལོག་ལྟ་མ་ཡིན་ནོ། །ལོག་གཡེམ་དང་ཡིད་ཀྱི་གསུམ་མ་གཏོགས་པའི་ལྷག་མ་རྣམས་གཞན་ལ་བཅོལ་ཏེ་དེས་ཀྱང་འདོད་བཞིན་དུ་ལས་དེ་དག་བྱས་བསགས་ཚང་བར་བགྱིས་ན་གཉིས་ཀ་ལ་དངོས་གཞི་རེ་རེ་འབྱུང་བ་ཡིན། དེ་དག་གི་ལྕི་ཡང་ནི། ལས་ལམ་བཅུའི་རང་རང་གི་ངོ་བོའི་ལྕི་ཡང་ནི། ལུས་ངག་གི་བདུན་ནི། སྔ་མ་སྔ་མ་ལྕི་ལ། ཡིད་ཀྱི་གསུམ་ཕྱི་མ་ཕྱི་མ་ལྕི་བ་ཡིན། དེ་འདྲའི་ལས་ལམ་བཅུ་བསགས་ཚུལ་གྱིས་སྒོ་ནས་བཞག་པས་ཤིན་ཏུ་ལྕི་བའི་སྲོག་བཅོད་ཀྱི་ལས་རྣམས་ནི། དང་བོ་གཞིའི་སྒོ་ནས་ལྕི་བ་ནི། དུག་གསུམ་གང་ཡང་རུང་བ་ཤུགས་དྲག་པོའི་སྒོ་ནས་དེ་བཞིན་གཤེགས་པ་བགྲོང་འདོད་ཀྱིས་བདེ་བར་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། དགྲ་བཅོམ་པ་དང༌། ཕ་དང་མ་དགེ་ཚུལ་སློང་སོགས་གསོད་པ་ལྟ་བུ་ཤིན་ཏུ་ལྕི་བའི་སྲོག་གཅོད་ཀྱི་ལས་ཡིན། དེ་བཞིན་དུ་དེ་དག་གི་རྫས་ལ་རྐུ་འཕྲོག་བྱེད་པ་དང༌། ལོག་པར་སྤྱོད་པ་དང༌། རྫུན་གྱིས་དབུ་བསྐོར་བ་སོགས་ཞིང་ཁྱད་པར་ཅན་དེ་དག་ལ་བརྟེན་ནས་བསགས་པའི་ནག་པོའི་ལས་ལམ་རྣམས་ནི་མི་དགེ་བ་ལྕི་བའི་མཐར་ཐུག་ཏུ་འཇོག ཞིང་ཁྱད་པར་ཅན་དེ་དག་ལ་མ་བརྟེན་ཀྱང་ཉོན་མོངས་དྲག་པོའི་སྒོ་ནས་དུས་རྒྱུན་དུ་སྲོག་བཅོད་བྱེད་པ་ནས་བཟུང་སྟེ་རྒྱུན་དུ་ལོག་ལྟ་བྱེད་པའི་བར་གྱི་མི་དགེ་བ་རྣམས་དུས་རྟག་ཏུ་བྱས་པས་ལྕི་བ་དང༌། གཞན་ཡང་ཉོན་མོངས་དྲག་པོའི་སྒོ་ནས་སྡུག་བསྔལ་ཤུགས་དྲག་བསྐྱེད་ནས་གསོད་པ་དང༌། གསོན་པོར་པགས་པ་བཤུ་བ་དང༌། མེ་ལ་བསྲེགས་པ་དང༌། དུད་འཚུབས་སུ་གཏོང་བ་སོགས་དེ་འདྲའི་གདུག་རྩུབ་དྲག་པོའི་སྒོ་ནས་བསགས་པའི་མི་དགེ་བ་རྣམས་སྦྱོར་བས་ལྕི་བ་དང༌། སྡིག་པ་དེ་དག་ལ་གཉེན་པོ་ཅུང་ཟད་ཀྱང་མི་བསྟེན་པ་ནི་གཉེན་པོ་མེད་པ་ལས་ལྕི་བ་དང༌། ལོག་ལྟས་སྒྲོ་བཏགས་པ་དང་སྐུར་བ་བཏབ་པའི་དོན་ལ་བདེན་ཞེན་གྱི་སྒོ་ནས་བསགས་པའི་མི་དགེ་བ་རྣམས་ལོག་པར་མངོན་པར་ཞེན་པ་ལས་ལྕི་བ་དང་དུག་གསུམ་དྲག་པོས་ཀུན་ནས་བསླང་བ་རྣམས་མངོན་པར་འདུ་བྱེད་པའི་སྒོ་ནས་བཞག་པས་ལྕི་བ་རྣམས་ཡིན། དུག་གསུམ་དྲག་པོས་ཀུན་ནས་མ་བསླངས་ཀྱང་མི་དགེ་བའི་ལས་དེ་དག་རྫོགས་པར་བགྱིས་ན་དེ་རྣམས་ཀྱང་ལྕི་བའི་ལས་སུ་འཇོག ལྕི་ཚུལ་དྲུག་པོ་དེ་དག་གི་ལྡོག་ཕྱོགས་རྣམས་བལྟོས་ས་བལྟོས་འཇོག་གི་སྒོ་ནས་ཡང་ཚུལ་ཤེས་སླ། དེ་ལའང་དུག་གསུམ་ཆུང་འབྲིང་གཉིས་ཀྱི་སྒོ་ནས་བསགས་པའི་ནག་པོའི་ལས་ལམ་གཉིས་རིམ་པ་བཞིན་དུ་མི་དགེ་བ་ཆུང་འབྲིང་དུ་འཇོག་པ་གསུང་རབ་སྤྱི་སྐད་ཡིན། ཉོན་མོངས་ལ་ཡང་ཤུགས་དྲག་ཞན་སྣ་ཚོགས་ཡོད་པ་དང༌། དེའི་སྒོ་ནས་ལས་བསགས་ཚུལ་ཡང་སྣ་ཚོགས་ཡོད་པའི་དབང་གིས་གཙོ་བོར་རང་གི་སེམས་ཀྱི་མི་དགེ་བའི་འཆར་སྒོ་རྣམས་ལ་རྒྱུན་དུ་བརྟག་ན་བལྟོས་ས་བལྟོས་འཇོག་གི་སྒོ་ནས་མི་དགེ་བ་ཆུང་འབྲིང་དུ་འཇོག་ཚུལ་རང་ཉམས་ཀྱིས་ཤེས་ཡོང་བ་ཡིན། མི་དགེ་བ་དེ་དག་ལས་ལུས་ངག་གི་བདུན་ནི། བསག་བྱ་བསམ་པའི་ལས་དང༌། ཡིད་ཀྱི་གསུམ་ལས་མ་ཡིན་ཀྱང་རང་རང་སྐྱེད་བྱེད་ཀྱི་ཡིད་ལས་སེམས་པའི་འཇུག་གཞིའི་ནག་པོའི་ལམ་ཡིན་པས་དེ་དག་ནི་བསག་བྱ་དང༌། ཇི་ལྟར་གསོག་པའི་ཚུལ་ནི། རང་ཅག་གི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱིས་མཚོན་པའི་ང་ཞེས་པ་དེ་རིགས་པ་ཡང་དག་གིས་བཙལ་ན། རྣམ་རྟོག་གིས་བསམ་ཚུལ་ཞིག་ལ་བཏགས་པའི་མིང་ཙམ་ཞིག་མ་གཏོགས་མེད་ཀྱང༌། ཡིན་ཚུལ་དེ་མ་ཤེས་པའི་དབང་གིས་ཕན་གནོད་ཀྱི་ཡུལ་དུ་གྱུར་བའི་བདག་དེ་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་ནི། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཡིན། དེ་འདྲའི་མ་རིག་པ་དེ་ཡོད་ཕྱིན་ཆད་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་རང་ཤུགས་ཀྱིས་སྐྱེ། རང་ཕྱོགས་ལ་ཆགས་པའི་དབང་གིས་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་ཚུལ་ལ་བསམ་བློ་གཏོང་མི་ཤེས་པའི་རྣམ་པ་ཅན་གྱི་རྨོངས་པ་སྐྱེས་འོང་བས་དེ་ལས་འབྲས་ལ་རྨོངས་པའི་མ་རིག་པ་ཡིན་ཅིང༌། མ་རིག་པའི་ངོས་འཛིན་ཙམ་ཞིག་བཤད་པ་མ་གཏོགས། རྟེན་འབྲེལ་ཚར་གཅིག་མི་གཅིག་གང་ཡིན་ཀྱང་རང་རང་གི་གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་རྒྱུའི་ཀུན་སློང་གི་མ་རིག་པ་དེ་ལ་རྟེན་འབྲེལ་དེ་དང་དེའི་ཐོག་མའི་མ་རིག་པ་དང༌། ལས་དེ་དང་དུས་མཉམ་དུ་འཇུག་པའི་མ་རིག་པ་དེ་ལ་དུས་ཀྱི་ཀུན་སློང་གི་མ་རིག་པ་ཟེར་བ་ཡིན། སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་དགེ་བའི་ལས་ཅིའི་ཕྱིར་དུ་གསོག་པ་ཡིན་ཞེ་ན་སྡུག་བསྔལ་གྱི་དོན་དུ་ལས་སུས་ཀྱང་མི་གསོག དེས་ན་ཚོར་བ་བཏང་སྙོམས་དང་བདེ་བའི་ཕྱིར་དུ་ལས་གསོག་པ་ཡིན་པས་བཏང་སྙོམས་ཀྱི་དོན་དུ་གསོག་ཚུལ་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་ཆོག ཚོར་བ་བདེ་བའི་དོན་དུ་ལས་གསོག་ཚུལ་ནི། དེ་ཡང་དཔེར་ན། དངོས་ཀྱི་སྐྱེ་བ་ཕྱི་མར་ཚ་དམྱལ་དུ་སྐྱེ་ངེས་ཀྱི་གང་ཟག་ཅིག་གི་ལས་དང་ཚར་གཅིག་ཏུ་གཏོགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཉིས་ལ་རྫོགས་རྒྱུའི་དབང་དུ་བཏང་ན་གང་ཟག་དེའི་སྐྱེ་བ་སྔ་མའི་འཕངས་འབྲས་ཀྱི་ཚོར་བས་ཟག་བཅས་ཀྱི་བདེ་བ་མྱོང་བས་ཡིད་མ་ཚིམ་པར། སླར་ཡང་ཚེ་འདི་ཙམ་གྱི་བདེ་བ་བསྒྲུབ་འདོད་ལངས་ཏེ་ལས་ངན་གསོག་པ་ཡིན། དགེ་སྡིག་གི་ལས་ལ་མ་རྨོངས་ན། དེ་འདྲའི་དོན་མེད་ཀྱི་བདེ་བ་ལ་མི་ཆགས་ཤིང་ལས་འབྲས་ལ་རྨོངས་པའི་དབང་གིས་སེམས་རང་གར་སྡོད་དུ་མ་བཅུག་པར་རང་དབང་མེད་པར་སྲོག་གཅོད་ནས་ལོག་ལྟའི་བར་གྱི་མི་དགེ་བའི་ལས་གང་ཡང་རུང་བ་ལ་གཡོ་བར་བྱེད་པའི་ཡིད་ལས་སེམས་པས་ཐོག་དྲངས་ཏེ། བསམ་དོན་ལྟར་གྱི་ལས་དེ་དག་བྱས་བསགས་ཚང་བར་རྒྱུད་ལ་འདུ་བྱེད་པའམ་བསྒྲིགས་པ་དེ་གཉིས་པ་འདུ་བྱེད་ཀྱི་ལས་ཡིན། དེ་འདྲའི་ལས་དེའི་བག་ཆགས་བསྒོ་གཞི་ལ། བག་ཆགས་བཞག་མ་ཐག་པའི་རྣམ་ཤེས་ནས་མགོ་བརྩམ་སྟེ་སྐྱེ་སྲིད་གྲུབ་ཁའི་བར་གྱི་རྣམ་པར་ཤེས་པ་ནི། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན། དེས་ན་ཐོག་མའི་མ་རིག་པ་དང༌། འདུ་བྱེད་ཀྱི་ལས་དང༌། རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་རྒྱུ་ཡིན། འཕེན་བྱེད་ཅེས་པའི་དོན་ཡང༌། སྐྱེ་བ་ཕྱི་མའི་བཞི་བ་མིང་གཟུགས། ལྔ་བ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ་སྟེ་འཕངས་འབྲས་བཞིའམ། ཡང་ན་འབྲས་དུས་ཀྱི་རྣམ་ཤེས་བསྣན་ཏེ་འཕངས་འབྲས་ཕྱེད་ལྔ་བག་ཆགས་ཀྱི་ཚུལ་དུ་འཕངས་པས་ན་དེ་ལྟར་བརྗོད་པ་ཡིན། བག་ཆགས་དེ་སྲེད་ལེན་གྱིས་ཡང་ཡང་མ་གསོས་ན་གྲུབ་འབྲས་དངོས་སུ་བསྐྱེད་པ་ལ་ནུས་པ་མཐུ་ཅན་དུ་མི་འགྱུར་བས་སྲེད་ལེན་གྱིས་གསོས་འདེབས་ཚུལ་ནི། དང་བོ་ལས་བསགས་དུས་ཀྱི་བསམ་པའི་ཞེན་ཚུལ་ཇི་བཞིན་ནམ། ཡང་ན་དེ་དང་ཆ་འདྲ་བའི་འདོད་བྱའི་དོན་ལ་ཞེན་ཙམ་དེ་བརྒྱད་པ་སྲེད་པའི་རྟེན་འབྲེལ་དང༌། ཞེན་དོན་ལྟར་དང་དུ་ལེན་འདོད་ཇེ་ཆེར་སོང་བ་ནི་དགུ་བ་ལེན་པའི་ངོ་བོ་ཡིན། དེ་ལྟར་སྔར་བསགས་ཀྱི་ལས་ལ་སྲེད་ལེན་གྱིས་ཡང་ཡང་གསོས་པས་འཆི་ཁ་ཚུན་ཆད་དུ་སྐྱེ་སྲིད་ཕྱི་མ་འགྲུབ་པ་ལ་ནུས་པ་མཐུ་ཅན་དུ་སོང་བ་ནི། བཅུ་བ་སྲིད་པའི་རྟེན་འབྲེལ་ཡིན། དེས་ན་ལས་གསར་བསགས་ཀྱི་ཚེ་དེར་འཕེན་བྱེད་ཀྱི་རྒྱུ་གསུམ་དང༌། འགྲུབ་བྱེད་ཀྱི་རྒྱུ་གསུམ་ཡོངས་སུ་རྫོགས་ཏེ་དམྱལ་བའི་བར་སྲིད་འགྲུབ། བར་སྲིད་པ་དེའི་རྣམ་ཤེས་སྐད་ཅིག་ཐ་མ་འགག་པ་དང་དུས་མཉམ་དུ་དེའི་སྟེང་གི་བག་ཆགས་སྨིན་ཏེ་དམྱལ་བའི་མེ་ཀློང་དུ་གང་ཟག་དེའི་ཕུང་བོ་ལྔ་མིང་གཟུགས་དང༌། ལུས་ཀྱི་ཁྱད་པར་སྐྱེ་མཆེད་དྲུག་དང་བཅས་པ་སྐྱེ་གནས་གཞན་གསུམ་དང་མི་འདྲ་བར་ཅིག་ཆར་དུ་དངོས་སུ་གྲུབ་པ་ནི། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ཡིན། དེས་ན་འཕངས་འབྲས་ཕྱེད་བདུན་གྱི་ནང་ནས་འབྲས་དུས་ཀྱི་རྣམ་ཤེས་དང༌། མིང་གཟུགས། སྐྱེ་མཆེད། སྐྱེ་བ་དང་བཞི་དང་བོར་དུས་མཉམ་དུ་གྲུབ་པ་ནས། སྐྱེ་བ་མ་གཏོགས་པའི་འཕངས་འབྲས་ཕྱེད་དྲུག་གི་ཡ་མཐའ་འཆི་སྲིད་བར་དང༌། སྐྱེ་བའི་ཡ་མཐའ་འཆི་ཁའི་བར་དུ་ཡོད། སྐྱེ་མཆེད་དྲུག་གྲུབ་མ་ཐག་པ་ནས་དེ་དག་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་དང༌། དེ་དག་གིས་ཡུལ་ཤིན་ཏུ་ཡིད་དུ་མི་འོང་བའི་གཟུགས་སྒྲ་སོགས་ལ་ཡིད་དུ་མི་འོང་བར་རང་སྟོབས་ཀྱིས་ཐག་གཅོད་པའི་རིག་པ་ནི། དྲུག་པ་རེག་པའི་རྟེན་འབྲེལ་དང༌། རེག་པས་ཐག་བཅད་པ་ལྟར་ཉམས་སུ་མྱོང་བའི་མྱོང་བ་ནི། བདུན་པ་ཚོར་བའི་རྟེན་འབྲེལ་གྱི་ཐོག་མ་ཡིན། དམྱལ་བ་བ་དེའི་ཕུང་བོའི་རིས་མཐུན་འདོར་བའི་ཆ་དེ་བཅུ་གཉིས་པ་ཤི་བའི་རྟེན་འབྲེལ་ཡིན། ངན་སོང་དུ་འཕེན་བྱེད་ཀྱི་མི་དགེ་བ་ཆུང་འབྲིང་ཆེ་གསུམ་རེ་རེ་ལ་ཡང༌། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་གསུམ་རེ་ཡོད་པས། ངན་སོང་བ་རྣམས་ཀྱི་སྐྱེ་བ་ནི། རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་འབྲས་བུ་ལ་མྱོང་བ་རྒྱུ་མཐུན་དང༌། བྱེད་པ་རྒྱུ་མཐུན་གཉིས་ཡོད་པས། ངན་སོང་སོ་སོའི་སྡུག་བསྔལ་སྣ་ཚོགས་པ་རྣམས་ནི་མྱོང་བ་རྒྱུ་མཐུན་དང༌། དེ་དག་སྡིག་པ་ལ་དགའ་བ་བྱེད་པ་རྒྱུ་མཐུན་དང༌། འཇིགས་ཤིང་སྐྱི་གཡའ་བའི་ངན་སོང་གི་གནས་སྣ་ཚོགས་པ་རྣམས་ནི་བདག་པོའི་འབྲས་བུའམ་དབང་གི་འབྲས་བུ་ཡིན། རྒྱུ་མཐུན་དང་བདག་འབྲས་གཉིས་ངན་སོང་ནས་མིར་སྐྱེས་ཀྱང་ཕལ་ཆེར་གྱིས་མྱོང་དགོས་པས། སྲོག་གཅོད་ཀྱིས་ཚེ་ཐུང་ལ་ནད་མང༌། མ་བྱིན་ལེན་གྱིས་དབུལ་བའི་སྡུག་བསྔལ་ཆེ། ལོག་གཡེམ་གྱིས་ཆུང་མ་མ་རབ་དང་འཕྲད། རྫུན་གྱིས་མི་ཁ་སྡང་ཞིང་བསླུ་བྲིད་ཆེ། ཕྲ་མས་མཛའ་བཤེས་ཉུང༌། ཚིག་རྩུབ་ཀྱིས་བཤད་ཚད་ཕལ་ཆེར་འཐབ་མོའི་ཚིག་ཏུ་འགྲོ། ངག་འཁྱལ་གྱིས་ཚིག་མི་བཙུན་ཞིང་དོན་ཆེན་གྱི་རིགས་ལ་བློ་མི་གསལ། དགོས་མེད་རྣམས་ལ་རིག་པ་མྱུར་བསམ་ངེས་པའི་སྤོབས་པ་ཅན་དུ་འགྱུར། བརྣབ་སེམས་ཀྱིས་འདོད་པ་ཆེ་ལ་ཆོག་མི་ཤེས་ཀྱང་ཡིད་ཀྱི་རེ་བ་གང་ཡང་མི་འགྲུབ། གནོད་སེམས་ཀྱིས་སྡང་བ་ཤས་ཆེ་བ་དང༌། ལོག་ལྟས་རྨོངས་པ་ཤས་ཆེ་བ་འབྱུང་བ་རྣམས་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སྔར་བྱས་ཀྱི་མི་དགེ་བ་དེ་དག་ལ་གོམས་པའི་དབང་གིས་སླར་ཡང་མི་དགེ་བ་དེ་དག་ཤིན་ཏུ་བསྒྲུབ་སྙིང་འདོད་དེ་ཚོར་བ་བདེ་བའི་དོན་དུ་ལས་ངན་གསོག་པའི་མགོ་འཛིན་ཡོང༌། བདག་འབྲས་ནི་སྣོད་ཀྱི་ཉེས་སྐྱོན་རྣམས་ཡིན་པས་སྲོག་བཅད་པས་བཟའ་བཏུང་དང་སྨན་ལ་སོགས་པའི་ནུས་པ་ཉམས་ཏེ་འཇུ་དཀའ་ཞིང་ནད་བསྐྱེད་པ་དང༌། མ་བྱིན་ལེན་གྱིས་འབྲས་བུ་ལོང་བ་དང༌། འབྲས་བུ་འགྱུར་བ་དང་སད་སེར་ཐན་པ་སོགས་ཆེ་བའི་དབང་གིས་ལོ་ཏོག་མི་ལེགས་ཤིང་ལོ་འབྲས་ཉུང་བ་དང༌། ལོག་གཡེམ་གྱིས་མི་གཙང་བ་དང༌། འདམ་རྫབ་སོགས་ཀྱིས་གང་བའི་གནས་ཉམས་སུ་མི་དགའ་བ་དང༌། རྫུན་གྱིས་ཞིང་ལས་དང་ཚོང་ལ་སོགས་པའི་ལས་མི་རྒྱས་པ་དང༌། ཕྲ་མས་ནི་ས་གཞི་ཁོད་མི་སྙོམས་ཤིང་བགྲོད་དཀའ་བ་དང༌། ཚིག་རྩུབ་ཀྱིས་རྡོ་དང་ཚེར་མ་སོགས་ཀྱིས་གང་བས་ས་གཞིར་རྩུབ་རེག་ཆེ་བ་དང༌། ངག་འཁྱལ་གྱིས་ལྗོན་ཤིང་སོགས་ལ་ལོ་འདབ་དང་མེ་ཏོག་དང་འབྲས་བུ་རྣམས་དུས་སུ་མི་ཆགས་པ་དང་བརྣབ་སེམས་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཞག་རེ་རེ་བཞིན་དུ་ཟད་ཀྱང་མི་འཕེལ་བ་དང༌། གནོད་སེམས་ཀྱིས་ནད་ཡམས་འཁྲུགས་རྩོད་སོགས་ཀྱིས་འཇིགས་པ་ཆེ། ལོག་ལྟས་བཟང་ངན་གོ་ལྡོག་ཏུ་འབྱུང་བ་རྣམས་ནི་བདག་པོའི་འབྲས་བུུ་ཡིན། མི་དགེ་བ་རྣམས་ཀྱིས་རང་རང་གི་འབྲས་བུ་གསུམ་བསྐྱེད་ཚུལ་དང༌། ངན་སོང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཉིས་ལ་རྫོགས་ཚུལ་དེ་འདྲ་ཡིན། ཚེ་གསུམ་ལ་རྫོགས་ཚུལ་ནི། དངོས་ཀྱི་སྐྱེ་བ་ཕྱི་མར་ཡི་དྭགས་སུ་སྐྱེ་ངེས་ཀྱི་གང་ཟག་ཅིག་གིས་ཚེ་དེར་དུད་འགྲོར་འཕེན་བྱེད་ཀྱི་ལས་ཤིག་གསར་དུ་བསགས་ཀྱང༌། ཡི་དྭགས་སུ་སྐྱེ་བའི་རྒྱུའི་རྟེན་འབྲེལ་དྲུག་ཡོངས་སུ་རྫོགས་པའི་དབང་གིས་དུད་འགྲོར་འཕེན་བྱེད་ཀྱི་ལས་དེ་བཅུ་བ་སྲིད་པའི་ངོ་བོར་འཕོ་མ་ཐུབ་པར་ཚེ་གཉིས་པ་ལ་ཡི་དྭགས་སུ་སྐྱེས་ཏེ་རྟེན་དེ་ལ་སྔར་བསགས་ཀྱི་དུད་འགྲོའི་ལས་དེ་སྲེད་ལེན་གྱིས་གསོས་བཏབ་པས་ནུས་པ་མཐུ་ཅན་དུ་སོང་སྟེ། ཕྱི་མར་དུད་འགྲོའི་འབྲས་བུའི་རྟེན་འབྲེལ་དྲུག་ཉམས་སུ་མྱོང་བ་ལྟ་བུ་ནི་ཚེ་གསུམ་ལ་རྫོགས་ཚུལ་ཡིན། ཡན་ལག་བཅུ་གཉིས་པོ་སྡུག་ཀུན་གཉིས་སུ་འདུ་ཚུལ་དང༌། རྒྱུ་ཀུན་འབྱུང་བདེན་པ་ལས་རང་འབྲས་སྡུག་བསྔལ་བདེན་པ་ཇི་ལྟར་བསྐྱེད་པའི་ཚུལ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས། བཅུ་གཉིས་ཆོས་ནི་གསུམ་དུ་འདུ། །དང་བོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་བ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར། ཐོག་མའི་མ་རིག་པ་དང༌། སྲེད་ལེན་གཉིས་དང་གསུམ་ནི་ཉོན་མོངས་དང༌། གཉིས་པ་འདུ་བྱེད་དང་བཅུ་བ་སྲིད་པ་གཉིས་ནི་ལས་ཏེ། དེ་ལྔ་སྡུག་བསྔལ་ཀུན་གྱི་འབྱུང་གནས་སུ་གྱུར་བས་ན་ཀུན་འབྱུང་དང༌། ལྷག་མ་བདུན་ནི་གྲུབ་ཙམ་ཉིད་ནས་སྡུག་བསྔལ་གསུམ་ཅི་རིགས་ཀྱི་རང་བཞིན་ལས་མ་འདས་པས་ན་སྡུག་བསྔལ་བདེན་པས་བསྡུས་སོ། །རྒྱུ་ཀུན་འབྱུང་བདེན་པ་ལས་རང་འབྲས་སྡུག་བསྔལ་བདེན་པ་ཇི་ལྟར་བསྐྱེད་པའི་ཚུལ་ནི། ཟག་བཅས་ཀྱི་བདེ་བའི་ཉེས་དམིགས་ལ་རྨོངས་པའི་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་གི་བདེ་བ་ལ་དམིགས་པའི་སྲེད་ལེན་གཉིས་རིམ་བཞིན་སྐྱེས་ཏེ་མི་དགེ་བའི་ལས་བསགས་ཏེ་སྲེད་ལེན་གྱིས་ཡང་ཡང་གསོས་བཏབ་སྟེ་ནུས་པ་མཐུ་ཅན་དུ་སོང་བའི་རྐྱེན་གྱིས། ཚེ་ཕྱི་མར་ངན་འགྲོའི་འཕངས་འབྲས་ཕྱེད་བདུན་དངོས་སུ་གྲུབ་ནས་རྟེན་དེ་ལ་སླར་ཡང་ཉོན་མོངས་པ་གསུམ་ལས་ལས་གཉིས་དང་དེས་གྲུབ་འབྲས་རྣམས་བསྐྱེད་དེ། ཇི་སྲིད་ལས་འབྲས་ལ་རྨོངས་པའི་མ་རིག་པའི་དབང་དུ་འགྲོ་བ་དེ་སྲིད་རང་ལ་ངན་འགྲོ་རྒྱུན་མི་ཆད་པའི་ཚུལ་ཡང་ཡང་བསམ་པ་ནི་མི་དགེ་བ་བཅུ་ལས་ལྡོག་པའི་ཐབས་བླ་ན་མེད་པ་ཡིན་ནོ། །གཉིས་པ་དཀར་བོའི་ལས་ནི། ནག་པོའི་ལས་དེ་དག་གི་རྣམ་སྨིན་དང་རྒྱུ་མཐུན་དང་བདག་འབྲས་རྣམས་ཀྱི་ཉེས་དམིགས་མཐོང་ནས། ཀུན་སློང་དགེ་རྩ་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ་སྒོ་གསུམ་མི་དགེ་བ་དེ་དག་ལས་ཡང་དག་པར་བསྡམས་པ་མཐར་ཕྱིན་པའི་ལས་རྣམས་ནི་དཀར་བོའི་ལས་ཀྱི་ལམ་ཡིན། མྱོང་བ་རྒྱུ་མཐུན་དང་བདག་འབྲས་ནི། ནད་ཉུང་ལ་ཚེ་རིང་བ་དང༌། བཟའ་བཏུང་དང་སྨན་ལ་སོགས་པའི་བཅུད་དང་ནུས་པ་རྒྱས་པས་འཇུ་སྟོབས་ཆེ་ཞིང་ནད་སེལ་བ་སོགས་མི་དགེ་བའི་རྣམ་སྨིན་དང་རྒྱུ་མཐུན་དང་བདག་འབྲས་རྣམས་ཀྱི་ལྡོག་ཕྱོགས་རྣམས་ཡིན་པས་ཤེས་སླ། དགེ་བ་བཅུ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་རྣམ་སྨིན་གྱི་འབྲས་བུ་ལ་རིམ་པ་བཞིན་འདོད་པའི་ལྷ་དང༌། ཁམས་གོང་མ་གཉིས་ཀྱི་ལྷའི་སྐྱེ་བ་འགྲུབ། དེ་འདྲའི་རྣམ་སྨིན་ཡིད་འོང་འབྱུང་བ་ལ་གེགས་བྱེད་ཀྱི་གཙོ་བོ་སྡིག་ལྟུང་རྣམས་སྦྱོང་དགོས་པས་དེའི་ཚུལ་ནི། བཅས་འགལ་གྱི་ལྟུང་བ་རྣམས་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱེད་པ་དང༌། སྡིག་པ་སྤྱི་ལ་སྟོབས་བཞིའི་བཤགས་སྡོམ་གནད་དུ་འགྲོ་ངེས་བྱེད་པ་གལ་ཆེ་བས། དེས་ན་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱོང་བ་ལ་སྟོབས་བཞི་ནི། རྣམ་པར་སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། རྟེན་གྱི་སྟོབས་དང་བཞི། དང་བོ་ནི། ཚེ་རབས་ཐོག་མེད་ནས་ད་ལྟའི་བར་གྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་རྣམས་ཡིན། སྒྲ་དོན་ནི། སྡིག་པ་ཐམས་ཅད་ཀྱི་གཙོ་བོ་ཡིད་ཀྱི་སྒོ་ནས་བསགས་པ་རྣམས་ཡིན་པས་ད་ལྟའི་འགྱོད་སེམས་ཤུགས་དྲག་པོ་དེས་ཡིད་ཀྱི་སྟེང་གི་མི་དགེ་བའི་བག་ཆགས་སོགས་ཀྱིས་རང་འབྲས་ཕྱི་མ་བསྐྱེད་པའི་ནུས་པ་སུན་ཕྱུངས་པས་ན་རྣམ་པར་སུན་འབྱིན་པའི་སྟོབས་སུ་གསུངས་སོ། །སྟོབས་གཉིས་པ་ཤེར་ཕྱིན་དང་མདོ་སྡེ་སོགས་གསུང་རབ་རྣམས་འཛིན་ཅིང་ཀློག་པ་དང༌། ཡི་གེ་བརྒྱ་བ་སོགས་ཀྱིས་མཚོན་པའི་གཟུངས་སྔགས་ཟབ་མོ་རྣམས་ཁ་ཏོན་བྱེད་པ་དང༌། སངས་རྒྱས་དང་བྱང་སེམས་ཉན་རང་རྣམས་ཀྱི་མཚན་བརྗོད་པ་དང༌། ཕྱག་མཆོད་བྱེད་པ། སྟོང་ཉིད་བསྒོམ་པ་སོགས་མདོར་ན་སྡིག་པའི་གཉེན་པོར་དམིགས་ནས་དགེ་བ་གང་བྱས་ཐམས་ཅད་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ཡིན་པས། དེ་རྣམ་དག་སྐྱེ་བ་སྟོབས་དང་བོའི་རྟོགས་པ་ཡོད་མེད་ལ་རག་ལས། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟོབས་བཞི་བ་ཡིན་པས། བྱང་ཆུབ་ཀྱི་སེམས་ལྟ་བུ་བསམ་པ་རྒྱ་ཆེ་བ་དང༌། སྐྱབས་ཡུལ་རྣམས་ཡུལ་ཁྱད་པར་ཅན་ཡིན་པས་དེ་དག་ལ་བརྟེན་ན་སྡིག་སྒྲིབ་འདག་ཚབ་ཆེ་བ་ལ་དགོངས་ནས་དེ་ལྟར་བརྗོད་པ་ཡིན། སྡིག་སྒྲིབ་འདག་པའི་རྟགས་ནི། རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང༌། ཉི་ཟླ་ཤར་བ་དང༌། ནམ་མཁའ་ལ་འགྲོ་བ་དང༌། ལུས་སམ་གོས་ལ་མེ་འབར་བ་དང༌། མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་གི་དགེ་འདུན་མཐོང་བ་དང༌། ག་བུར་གྱི་ཤིང་ཙན་དན་དཀར་དམར། པདྨའི་སྡོང་བོ་སོགས་འོ་མ་ཅན་གྱི་ཤིང་ལ་འཛེགས་པ་དང༌། གླང་བོ་དང་ཁྱུ་མཆོག་ལ་བཞོན་པ་དང༌། སེང་གེའི་ཁྲི་སྟེང་དུ་འདུག་པ་དང༌། ཁང་བཟང་གི་སྟེང་དུ་འཛེགས་པ་དང༌། ཆོས་ཉན་པ་རྨིས་པ་རྣམས་ཡིན་ཀྱང༌། རྨི་ལམ་ལ་བསླུ་བྲིད་ཆེ་བས་རྟགས་འཁྲུལ་མེད་ནི། ཉོན་མོངས་ཇེ་ཆུང་དང་དགེ་བ་ལ་ཇེ་སྤྲོ། སྐྱབས་ཡུལ་རྣམས་དང་ལས་འབྲས་ལ་ཡིད་ཇེ་ཆེས། བླ་མ་དང་གྲོགས་ལ་དག་སྣང་ཇེ་ཆེར་སོང་བ་རྣམས་ཡིན། སྡིག་སྒྲིབ་འདག་ཚུལ་ནི། ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་དགོས་པ་རྣམས་ཆུང་ངུར་བསྒྱུར་བ་དང༌། ངན་སོང་དུ་སྐྱེས་ཀྱང་སྡུག་བསྔལ་གཏན་ནས་མི་མྱོང་བ་དང༌། རྨི་ལམ་ན་ངན་པ་དང་མི་འདོད་པ་རེ་བྱུང་བས་ཀྱང་དག་འགྲོ་བའམ། ཡང་ན་དེ་ཙམ་ཡང་མྱོང་མི་དགོས་པར་རྩ་བ་ནས་འདག་པ་སོགས་གཉེན་པོ་སྟོབས་བཞིའི་བཤགས་སྡོམ་ཤུགས་དྲག་མི་དྲག་གི་སྒོ་ནས་སྡིག་སྒྲིབ་འདག་ཚུལ་སྣ་ཚོགས་ཡོད་དོ། །དེ་ལྟར་ལས་དཀར་ནག་གི་སྐྱོན་ཡོན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ངན་སོང་གི་འཁོར་ལོ་བསྐོར་ཚུལ་ཡང་དང་ཡང་དུ་བསྒོམ་བསྒོམ་པའི་མཐར་རང་ཅག་གི་ད་ལྟའི་སྣང་བ་འཇིག་རྟེན་འདིར་ཞེན་ཆགས་ཆེ་ཞིང་ཕྱི་མའི་དོན་ཚིག་ཙམ་དུ་སོང་བ་དེ་གནས་འགྱུར་ནས་ཕྱི་མའི་དོན་གཉེར་གཙོ་བོར་སོང་ཞིང་འཇིག་རྟེན་འདི་ཞར་བྱུང་དུ་སོང་ན་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་བསམ་པ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེས་པ་ཡིན། དེ་འདྲའི་རྟོགས་པ་བརྟན་པོ་མ་ཉམས་ན་ངན་སོང་གི་སྲེད་ལེན་ཤུགས་དྲག་སྐྱེ་བའི་གོ་སྐབས་བཅོམ་པས་ནམ་ཞིག་ཤི་འཕོས་པའི་འོག་ཏུ་ངན་སོང་གི་སྐྱེ་བ་འགྲུབ་ཚུལ་མེད། དེས་ན་སྐྱེས་བུ་ཆུང་ངུས་འདོད་བྱའི་དོན་མངོན་མཐོ་ལྷ་མི་གང་རུང་གི་གོ་འཕང་མི་ཐོབ་པའི་ཐབས་མེད་དོ། །འདི་ཡན་ཆད་ཀྱིས་སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་ལམ་གྱི་རིམ་པ་ལ་བློ་ཇི་ལྟར་སྦྱོང་བའི་ཚུལ་བཤད་ཟིན་ཏོ།།འདི་བྲིས་དགེ་བས་བདག་གཞན་འགྲོ་ཀུན་གྱིས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌། རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །  ། །

       དེ་ལྟར་དཀར་ནག་གི་ལས་ལ་བླང་དོར་ཚུལ་བཞིན་དུ་བྱས་པས་བདེ་འགྲོའི་རྟེན་བཟང་ཁྱད་པར་ཅན་ཐོབ་པར་ངེས་ཀྱང༌། ནམ་ཞིག་དཀར་བོའི་ལས་ཀྱི་ནུས་པ་ཟད་ཚེ་སླར་ཡང་ངན་སོང་གི་གནས་སུ་འཁྱམས་དགོས་ཚུལ་བསམ་སྟེ་བློ་དང་ལྡན་པ་རྣམས་ཀྱིས་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱོང་དགོས་པས། དེས་ན་རྩ་བའི་ས་བཅད་གཉིས་པ། སྐྱེས་བུ་འབྲིང་གི་རྣམ་བཞག་འཆད་པ་ལ། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་གྱི་རིམ་པ་རྣམས་ཐོག་མར་མདོར་བསྡུས་ཏེ་བརྗོད་ན་སེམས་ལ་འཛིན་བདེ་བས། དེ་ཡང་འཁོར་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་གི་བསམ་པ་ཉེས་ཅན་བཙོན་ལས་ཐར་འདོད་ཀྱི་བློ་དང་ཆོས་མཚུངས་པ་ཞིག་རྒྱུད་ལ་བསྐྱེད་པའི་སྟེང་ནས། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཁན་ཞིག་གི་མིང་ལ་སྐྱེས་བུ་འབྲིང་ཟེར་བ་ཡིན། ངེས་འབྱུང་གི་བསམ་པ་དེ་ཡང་སྐྱེད་ཐབས་ག་འདྲ་ཡིན་ཞེ་ན། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པའི་ལུང་ཁུངས་སུ་མཛད་དེ་ལམ་རིམ་ཆེན་མོ་ལས་མངོན་རྟོགས་སྐྱེ་རིམ་གྱི་དབང་དུ་བྱས་ནས་གསུངས་ཡོད་པས། དེས་ན་སྡུག་བདེན་འཁོར་བའི་ཉེས་དམིགས་འོག་ནས་འབྱུང་བའི་རིགས་པ་རྣམས་ཀྱིས་ཡང་དང་ཡང་དུ་བསམ་ན་ཟག་བཅས་ཉེར་ལེན་གྱི་ཕུང་བོ་འདི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་མཐོང་ནས་དེ་ལ་མི་འདོད་པ་སྙིང་ནས་སྐྱེ། དེའི་དབང་གིས་སྡུག་བསྔལ་དེ་དག་གི་རྩ་བ་གང་གིས་བྱས་སྙམ་དུ་རྩར་གཅོད་བཏང་བ་ན། ཇི་སྲིད་ལས་ཉོན་གྱིས་དབང་དུ་འགྲོ་བ་དེ་སྲིད་ཉེར་ལེན་གྱི་ཕུང་བོའི་སྐྱེ་བ་རྒྱུན་མི་འཆད་པར་རིག་ནས་དེ་དང་བྲལ་བའི་མྱང་འདས་ཐོབ་ན་སྙམ་དུ་འགོག་བདེན་ལ་དོན་གཉེར་སྐྱེ། དེ་ཐོབ་པའི་ཕྱིར་དུ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན་སྐྱེས་བུ་འབྲིང་གི་རང་ལམ་གྱི་བྱ་བ་མཐའ་དག་མཐར་ཕྱིན་པ་ཡིན། བསྡུས་དོན་དེ་ཉིད་ཅུང་ཟད་རྒྱས་པར་འཆད་པ་ལ། སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱོང་བ་དང༌། བློ་དེ་སྐྱེས་པའི་ཚད། ཐར་བར་བགྲོད་པའི་ལམ་གྱི་རྣམ་བཞག་བཤད་པ་དང་གསུམ། དང་བོ་ལ་ཡང༌། ཐར་བ་དོན་གཉེར་གྱི་བློ་ངོས་བཟུང་བ་དང༌། དེ་སྐྱེད་པའི་ཐབས་བཤད་པ་དང་གཉིས། དང་བོ་ནི། ཐར་བ་ངོས་མ་ཟིན་པར་ཐར་བ་དོན་གཉེར་གྱི་བློ་སྐྱེ་ཚུལ་མེད་པས། དེས་ན་ཐར་བ་ཞེས་པ་བཅིངས་པ་ལས་གྲོལ་བ་ལ་འཇུག ཇི་ལྟར་བཅིང་ཞེ་ན། དཔོན་སློབ་བྱམས་པ་རིན་པོ་ཆེས། སྔོན་མཐའ་མི་མངོན་སྲིད་གསུམ་བཙོན་ར་འདི། །ལས་ཉོན་འཆིང་བ་དམ་པོས་རབ་བཅིངས་ཏེ། །སྡུག་བསྔལ་གསུམ་གྱིས་མནར་བའི་ཉམ་ཐག་བདག །ཅེས་གསུངས་པ་ལྟར། འཆིང་བྱེད་ལས་ཉོན་གཉིས་ཀྱིས་བཅིང་བྱ་རང་ཉིད་ཟག་བཅས་ཉེར་ལེན་གྱི་ཕུང་བོ་སྣ་ཚོགས་པའི་ལུས་སུ་བཅིང་བ་དེ་བཅིང་བའི་ངོ་བོ་དང༌། དེ་ལས་གྲོལ་བ་ནི་ཐར་བ་ཡིན། དེ་དོན་གཉེར་གྱི་བློ་ལ་ཐར་བ་དོན་གཉེར་གྱི་བློ་ཡང་ཟེར་ངེས་འབྱུང་གི་བསམ་པ་ཡང་ཟེར་བ་ཡིན་ནོ། །གཉིས་པ་དེ་སྐྱེད་པའི་ཐབས་བཤད་པ་ལ། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང༌། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ། །དང་བོ་ལ་ཡང༌། འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་གཉིས་དང༌། འཁོར་བ་སྤྱིའི་སྡུག་བསྔལ་ལ་ཡང༌། སྡུག་བསྔལ་བརྒྱད་དང༌། དྲུག་དང༌། གསུམ་གྱི་སྒོ་ནས་བསྒོམ་ཚུལ་བཅས་ལམ་རིམ་ཆེན་མོ་ལས་གསུངས་ཡོད་པས། དང་བོ་སྐྱེ་བའི་སྡུག་བསྔལ་ལ་ཡང༌། སྐྱེ་བ་སྡུག་བསྔལ་དང་ལྡན་པའི་སྡུག་བསྔལ། སྐྱེ་བ་གནས་ངན་ལེན་དང་ལྡན་པའི་སྡུག་བསྔལ། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར་བའི་སྡུག་བསྔལ། སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་བའི་སྡུག་བསྔལ། སྐྱེ་བ་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཅན་ཡིན་པའི་སྡུག་བསྔལ་བ་སྟེ་ལྔ་ལས། དང་བོ་སྐྱེ་བའི་ཚུལ་ལ་ཡང༌། བརྫུས་སྐྱེས། དྲོད་གཤེར་སྐྱེས། མངལ་སྐྱེས། སྒོང་སྐྱེས་དང་བཞི་ཡོད་པ་ལས། ལྷ་དང༌། བར་སྲིད་པ། དམྱལ་བ་བ་རྣམས་བརྫུས་སྐྱེས་དང༌། དེ་རྣམས་མ་ཡིན་པའི་འགྲོ་བ་རྣམས་ལ་སྐྱེ་གནས་བཞི་ག་ཡོད། སྐྱེ་གནས་བཞིའི་བཟང་ངན་ནི། བརྫུས་ཏེ་སྐྱེས་པ་རང་གཞན་གཉིས་ཀ་ལ་མི་གནོད་པར་སྐྱེས་པས་ན་སྐྱེ་བ་རབ་ཡིན་ཀྱང༌། དམྱལ་བ་བ་རྣམས་ལས་ངན་སྟོབས་ཆེ་བའི་དབང་གིས་སྐྱེ་བའི་ཚེ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་དང་བཅས་སྐྱེ་དགོས་པར་ལམ་རིམ་ལས་གསུངས། དྲོད་གཤེར་ལས་སྐྱེས་པ་གཞན་ལ་མི་གནོད་པར་སྐྱེས་པས་རབ་འོག་མ་ཡིན་མོད། འོན་ཀྱང་རང་ལ་གནོད་པར་སྐྱེས་པས་ན་དེ་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། མངལ་ནས་སྐྱེས་པ་སྡུག་བསྔལ་མྱོང་ཐེབས་ལན་གཅྀག་ཡིན་པས་སྐྱེ་གནས་འབྲིང་དང༌། སྒོ་ང་ལས་སྐྱེས་པ་སྡུག་བསྔལ་ལན་གཉིས་མྱོང་དགོས་པས་སྐྱེ་གནས་བཞིའི་ནང་ནས་ཐ་ཆད་ཡིན། མངལ་དུ་ལུས་ཆགས་པའི་ཚུལ་ནི། དང་བོ་མངལ་གྱི་གནས་སུ་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་ཐིག་ལེ་ཕྲ་མོ་མེར་མེར་བོའི་སྐབས་སུ་ཡང་ཟངས་ཚ་མོའི་ནང་དུ་འཚོད་པ་ལྟ་བུའི་སྡུག་བསྔལ་ཡོད། དེ་ནས་བདུན་ཕྲག་རེ་རེ་བཞིན་ལས་ཀྱི་དབང་གིས་བསྐྱེད་པའི་རླུང་མི་འདྲ་བ་རྣམས་ཀྱིས་ལུས་ཀྱི་འབྱུང་བཞི་ཇེ་རྒྱས་ཇེ་མཁྲེགས་སུ་བཏང་བའི་ཆ་ནས་རིམ་བཞིན། ནུར་ནུར་བོ་དང༌། ནར་ནར་བོ། གོར་གོར་བོ། རྐང་ལག་འགྱུས་པའི་གནས་སྐབས་རྣམས་དང༌། སྒལ་ཚིགས་དང་ལྷུ་ཚིགས་རྣམས་ཆགས་པའི་སྐབས་དང༌། ལུས་ཀྱི་བུ་ག་དགུ་དོད་པའི་སྐབས་རྣམས་སུ་ཡང་སྡུག་བསྔལ་ལྷག་པོ་རེ་རེ་ཡོད་པར་གསུངས། དེ་བཞིན་དུ་མས་ཟས་ཧ་ཅང་ཚ་བ་ཟོས་པ་དང༌། བཏུང་བ་ཚ་མོ་འཐུང་བའི་སྐབས་དང༌། མེ་དང་ཉི་འོད་བསྟེན་པ་སོགས་ཀྱི་ཚེ་ཆུ་ཚན་ནང་དུ་བཙོས་པ་ལྟ་བུ་དང༌། བཟའ་བཏུང་གྲང་མོ་བསྟེན་སྐབས་རྣམས་སུ་ཡང་ཆབ་རོམ་དུ་བཅུག་པ་ལྟ་བུའི་སྡུག་བསྔལ་དང༌། མཆོང་རྒྱུག་སོགས་ཀྱི་ཚེ་རྦབ་ཏུ་འདྲིལ་བ་ལྟ་བུའི་ཉམས་དང༌། བཟའ་བཏུང་མང་དུ་བསྟེན་ཚེ་མངལ་གྱི་འགག་ཇེ་དོག་ཏུ་སོང་བའི་རྐྱེན་གྱིས་བྲག་བར་དུ་འཚིར་བ་ལྟ་བུའི་སྡུག་བསྔལ་དང༌། བཟའ་བཏུང་ཧ་ཅང་ཉུང་བ་དང་ལྟོགས་ནས་སྡོད་པའི་སྐབས་རྣམས་སུ་གནམ་ལ་དཔྱངས་པ་ལྟ་བུའི་སྣང་བ་སྐྱེ་ཞིང༌། བདུན་ཕྲག་སོ་བདུན་པའི་དུས་རང་གནས་ལ་མི་གཙང་བའི་འདུ་ཤེས་དང༌། དྲི་མི་ཞིམ་པའི་འདུ་ཤེས། བཙོན་ར་ལྟ་བུའི་འདུ་ཤེས། མུན་ནག་གི་འདུ་ཤེས། ཕྱིར་འབྱུང་འདོད་ཀྱི་འདུ་ཤེས་ཏེ་མངལ་གྱི་གནས་ལ་ཕྱིན་ཅི་ལོག་གི་འདུ་ཤེས་ཤུགས་དྲག་སྐྱེ། དེ་ནས་ལས་ཀྱི་རླུང་གིས་མགོ་མཇུག་ལྡོག་སྟེ་རུས་པའི་འགག་དོག་མོའི་བར་དུ་ལྕགས་ཀྱུས་འཇུར་མིག་ནས་འདྲེན་པ་བཞིན་རླུང་གིས་ཕྱི་རོལ་ཏུ་བཙན་ཐབས་སུ་འཕངས་པ་ན་ཡང། སྲོག་འཆད་མི་ཆད་གཉིས་ཀ་ལས་ཀྱི་དབང་ཡིན། བཙས་མ་ཐག་པ་དེར་རེ་ཞིག་གི་བར་དུ་ལག་པ་དང༌། གོས་ཀྱིས་རེག་པ། བང་དུ་བླངས་པ་སོགས་ཀྱི་ཚེ། པགས་པ་དམར་བཤུས་བྱས་པ་ཚེར་ཁྲོད་དུ་བཅུག་པ་དང་འདྲ། མངལ་གྱི་སྡུག་བསྔལ་མཚོན་ཙམ་དེ་འདྲ་ཡིན། གཉིས་པ་སྐྱེ་བ་གནས་ངན་ལེན་དང་ལྡན་པའི་སྡུག་བསྔལ་ནི། དེ་ཡང་འདོད་ལྷ་རྣམས་ལ་ལུས་ཀྱི་གནས་ངན་ལེན་ཆེར་མེད་ཀྱང༌། རྣམ་གཡེང་སྟོབས་ཆེ་བའི་དབང་གིས་དགེ་བ་བསྒྲུབ་པ་ལ་སེམས་ལས་སུ་མི་རུང་བ་ཡིན། འདོད་པའི་མི་རྣམས་ལ་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་གནས་ངན་ལེན་རྒྱུན་ཆགས་སུ་ཡོད་པ་མྱོང་བས་གྲུབ། ཁམས་གོང་མ་གཉིས་ལ་འདོད་པ་ལྟར་གྱི་ལུས་སེམས་ལྕི་བའི་གནས་ངན་ལེན་དེ་མེད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས་དམ་པའི་ཆོས་བསྒྲུབ་པ་ལ་ལུས་སེམས་ལས་སུ་མི་རུང་བ་ཡིན། གསུམ་པ་སྐྱེས་པ་སྡུག་བསྔལ་གྱི་གནས་སུ་གྱུར་བའི་སྡུག་བསྔལ་བ་ནི། ཟག་བཅས་ཀྱི་ཕུང་བོ་འདི་མེད་ན་སྡུག་བསྔལ་གྱི་གཞི་མེད་མོད། སྐྱེ་བ་དེ་བླངས་པའི་དབང་གིས་སྐྱེ་རྒ་ན་འཆི་འཆི་འཕོ་ལྷུང་བྱེད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་ད་ལྟའི་སྡུག་བསྔལ་ཀུན་དང༌། མ་འོང་བའི་སྡུག་བསྔལ་ཐམས་ཅད་ལྷུན་གྱིས་གྲུབ་ཡོང་བ་དེ་ཡིན། བཞི་བ་སྐྱེས་པ་ཉོན་མོངས་ཀྱི་གནས་སུ་གྱུར་བའི་སྡུག་བསྔལ་ཞེས་པའི་དོན། ཉོན་མོངས་སྐྱེ་གནས་འཕེལ་བའི་རྟེན་ཉེར་ལེན་གྱིས་སྐྱེས་པ་འདི་ཡིན་པའི་རྒྱུ་མཚན་གྱིས་ཡིན། ལྔ་བ་སྐྱེས་པ་མི་འདོད་བཞིན་དུ་བྲལ་བའི་ཆོས་ཉིད་ཅན་ཡིན་པའི་སྡུག་བསྔལ་ཞེས་པ་ནི། སྐྱེས་མཐའ་འཆི་བའི་ཆོས་ལས་མ་འདས་ཞེས་པའི་དོན་ཡིན་པས་གོ་སླ། གཉིས་བ་རྒ་བའི་སྡུག་བསྔལ་ནི། དགེ་བཤེས་སྤྱན་སྔ་བས། འཆི་བའི་སྡུག་བསྔལ་ཐུ་སྟེ་ཡུན་ཐུང༌། རྒས་པ་འདི་ཀ་ཐུ་གསུངས་པ་དང༌། ཀ་མ་བའི་ཞལ་ནས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག དུས་གཅིག་ལ་འོང་ན་བསྲན་ཐབས་མེད་གསུངས་པ་ལྟར། ལང་ཚོ་ཉམས་པའི་དབང་གིས་ལུས་དང་ཡན་ལག་རྣམས་འཁྱོག་པོར་འགྲོ་བ་དང༌། སྐྲ་དབྱི་བའམ་དཀར་ཞིང་སོ་འཐོར་བ་དང༌། མིག་ལྡིབ་ཅིང་ལུས་དང་དཔྲལ་བ་གཉེར་མས་གང་ཞིང་མདོག་མི་སྡུག་པར་འགྱུར་བ་སོགས་གཟུགས་བཟང་བོ་ཡོངས་སུ་ཉམས་པའི་སྡུག་བསྔལ་དང༌། ལུས་ཀྱི་ཡང་རྩལ་ཞན་པའི་དབང་གིས་འདུག་ན་ས་སྒྱེ་ལུང་ཐག་ཆད་པ་བཞིན་དང༌། ལངས་ན་དུད་འགྲོ་བཞིན་སུག་བཞི་ས་ལ་བཙུག་ཀྱང་མྱུར་དུ་ལྡང་མི་ནུས་པ་དང༌། འགྲོ་བའི་ཚེ་འབུབ་པའམ། ཁ་སྦུབ་ཏུ་འགྲོ་བ་ལྟ་བུ་དང༌། བྱིན་པས་ལུས་པོ་མི་ཐེགས་པར་དབུགས་སྟོད་དུ་འཚང་ཞིང་ལུད་པ་འབྱུང་བ་དང༌། སྨྲས་པའི་ཚིག་འབྲུ་མི་གསལ་པ་སོགས་མཐུ་སྟོབས་ཡོངས་སུ་ཉམས་པའི་སྡུག་བསྔལ་དང༌། ལྟོ་བའི་མེ་དྲོད་ཉམས་པའི་དབང་གིས་བཟའ་བཏུང་འཇུ་དཀའ་ཞིང་རན་པར་མ་ཟོས་ན་ནད་ཀྱི་དངོས་རྒྱུར་འགྲོ་བ་དང༌། འདོད་པའི་ཡོན་ཏན་རྣམས་ལོངས་སྤྱོད་མི་ནུས་པ་སོགས་ཡུལ་ལ་ལོངས་སྤྱོད་པ་ཡོངས་སུ་ཉམས་པའི་སྡུག་བསྔལ་དང༌། མིག་གིས་གཟུགས་གསལ་བར་མི་མཐོང་བ་ནས་ལུས་ཤེས་ཀྱིས་རེག་བྱ་ཡིད་འོང་ཉམས་སུ་མི་མྱོང་བའི་བར་དབང་བོ་ཡོངས་སུ་ཉམས་པའི་སྡུག་བསྔལ་དང༌། ཚེ་ཕལ་ཆེར་ཟད་པས་མྱུར་དུ་འཆི་བ་ལ་ཕྱོགས་པ་སྟེ་རྒ་བའི་སྡུག་བསྔལ་བསྒོམ་ཚུལ་དེ་འདྲ་ཡིན། གསུམ་པ་ན་པའི་སྡུག་བསྔལ་ལ་ཡང་ལྔ་ལས། ལུས་ཀྱི་རང་བཞིན་འགྱུར་བ་ནི་ནད་ཀྱིས་གདུངས་པས་ལུས་ཤ་ཞུ་པགས་སྐམ་དུ་འགྱུར་བ་དང༌། སྡུག་བསྔལ་ཡིད་མི་བདེ་བ་ཆེར་འཕེལ་བ་ན་ཟུག་ཆེ་བས་མཚན་མོར་གཉིད་མི་བྲོད་ཅིང་ཉིན་མོའི་ཆ་ཤས་ཐུང་ངུ་རེ་ལའང་ཡུན་རིང་བོའི་སྣང་བ་འཆར་བ་སོགས་ལུས་སེམས་གཉིས་ཀ་སོས་དལ་ནས་བདེ་བར་སྡོད་པའི་སྐབས་ཅུང་ཟད་ཙམ་ཡང་མེད་པ་དང༌། ཡིད་དུ་འོང་བའི་ལོངས་སྤྱོད་རྣམས་ལ་འདོད་བཞིན་དུ་སྤྱད་དབང་མེད་པ་ནི། ནད་ལ་གནོད་པར་དོགས་ནས་བཟའ་བཏུང་དང་སྤྱོད་ལམ་སོགས་གང་འདོད་འདོད་བྱེད་ས་མེད་པ་དང༌། དང་དུ་མི་འགྲོ་བའི་སྨན་དང་བཟའ་བཏུང་དང༌། མེར་བསྲེགས་པ་དང༌། མཚོན་འཛུག་པ་སོགས་མི་འདོད་བཞིན་ནན་གྱིས་སྤྱད་དགོས་པའི་སྡུག་བསྔལ་དང༌། ནད་མི་འཚོ་བར་མཐོང་ནས་འཆི་བ་ལ་ཕྱོགས་པའི་སྡུག་བསྔལ་ཏེ་ན་བའི་སྡུག་བསྔལ་བསམ་ཚུལ་དེ་འདྲ་ཡིན། བཞི་བ་འཆི་བའི་སྡུག་བསྔལ་བསྒོམ་ཚུལ་ནི། འཆི་བའི་ཚེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འཁོར་རྒྱ་ཆེ་ཞིང་གཉེན་བཤེས་རྩ་ལག་བཟང་བོ་ཅི་འདྲ་ཡོད་ཀྱང༌། དེ་དག་དང་སླར་མི་འཛོམ་པར་གཏན་བྲལ་བྱེད་དགོས་པར་མ་ཟད། གཅེས་པར་བསྐྱངས་པའི་ལུས་འདི་ཡང་ཤུལ་ཏུ་བཞག་ནས་རང་གཅིག་པུ་ཡ་ང་བའི་གནས་སུ་འགྲོ་དགོས་པ་སོགས་དེ་འདྲའི་སྡུག་བསྔལ་བཞི་དང༌། འཆི་ཁར་གནད་གཅོད་དྲག་པོ་དང་བཅས་འཇིགས་སྐྲག་འཁྲུལ་བའི་སྣང་བ་སྣ་ཚོགས་པ་དང༌། འཆི་བ་ལ་འཚེར་སྣང་གི་སྡུག་བསྔལ་ཏེ་ལྔ་བོ་འདི་དག་འཆི་བའི་སྡུག་བསྔལ་བསམ་ཚུལ་ཡིན། ལྔ་བ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་ལས། དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས་སེམས་ཡོད་ཀྱི་རིགས་དང༌། རང་ལ་གནོད་པའི་ས་ཆུ་མེ་རླུང་སོགས་སེམས་མེད་ཀྱི་རིགས་རྣམས་དང་འཕྲད་པ་ཙམ་གྱིས་ཀྱང་འཇིགས་ཤིང་སྐྱི་གཡའ་བ་དང༌། དེ་དག་གིས་ལུས་དང་སྲོག་ལ་གནོད་སྙམ་པའི་འཇིགས་སྣང་དང༌། མ་ཉེས་པའི་ཁ་ཡོག་འགེལ་བ་དང༌། བརྙས་ཆོས་སྣ་ཚོགས་པའི་ཚིག་རྩུབ་དང༌། སྒྲ་དང་སྐད་མི་སྙན་པ་སོགས་ཀྱིས་འཇིགས་པ་དང༌། ཉམ་ང་བཞིན་དུ་འཆི་བའི་འཇིགས་པ་དང༌། ཤི་བའི་འོག་ཏུ་ངན་སོང་དུ་ལྷུང་བར་དོགས་པའི་སྡུག་བསྔལ་ཏེ་ལྔའོ། །དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ་བ་ནི། རང་གི་ཡིད་མཐུན་པའི་གྲོགས་དང༌། འདོད་པའི་དངོས་པོ་རྣམས་དང་བྲལ་བ་ན། དེ་དག་གི་ཡོན་ཏན་ཡིད་ལ་ཡང་ཡང་དྲན་པས་སེམས་ལ་མྱ་ངན་བསྐྱེད། དེའི་དབང་གིས་ངག་ཏུ་སྨྲེ་སྔགས་འདོན་ཅིང་ལུས་མི་བདེ་བ་དང༌། ཡུལ་དེ་ཡོད་ན་ལོངས་སྤྱོད་ཚད་དུ་རུང་བ་དང༌། སྨོན་པའི་དོན་རྣམས་མ་གྲུབ་པས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྡུག་བསྔལ་ཏེ་དེ་ལྟ་བུའི་སྒོ་ནས་བསྒོམ། བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་ཡང་སྣ་ཚོགས་པ་ཞིག་ཡོད་ཀྱང༌། དཔེར་ན། ལོ་ཏོག་རྒྱས་པའི་ཕྱིར་ཞིང་ལས་དང༌། ཁེ་སྤོགས་འབྱུང་བར་རེ་ནས་དགྲ་ཇག་ཆོམ་རྐུན་གཅན་གཟན་མེ་ཆུ་ཚ་གྲང་ལྟོགས་སྐོམ་ངལ་དུབ་སོགས་ཁྱད་དུ་བསད་ནས། དཀའ་ལས་སྣ་ཚོགས་བྱས་ཀྱང་རེ་བའི་འབྲས་བུ་རྣམས་ཡིད་སྨོན་ལྟར་མ་གྲུབ་པ་ན། དེ་དག་ཡིད་ལ་ཡང་ཡང་དྲན་པའི་སྡུག་བསྔལ་དང༌། དེས་སེམས་ལ་མྱ་ངན་བསྐྱེད་པའི་སྡུག་བསྔལ། ངག་ཏུ་སྨྲེ་སྔགས་འདོན་པའི་སྡུག་བསྔལ། དེ་དག་གི་དབང་གིས་ལུས་མི་བདེ་བར་བྱེད་པའི་སྡུག་བསྔལ། འདོད་པའི་དོན་རྣམས་མ་གྲུབ་པས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྡུག་བསྔལ་ཏེ། སྡུག་པ་དང་བྲལ་བའི་སྡུག་བསྔལ་བསྒོམ་ཚུལ་དང་འདྲ། བརྒྱད་པ་ཉེར་ལེན་གྱི་ཕུང་བོ་བཞིའམ་ལྔ་ལ་སྡུག་བསྔལ་ཞེས་པའི་དོན་ནི། ཉེར་ལེན་གྱི་ཕུང་བོ་ཞེས་པའི་ཚིག་ཟུར་གྱི་ཉེར་ལེན་ནི། གཙོ་བོར་སྲེད་ལེན་གཉིས་ཀྱི་མིང་ཡིན། ཡང་སྲིད་ཕྱི་མའི་སྲེད་ལེན་གཉིས་ཕུང་བོ་འདི་ལས་སྐྱེས་པས་ན་ལུས་འདི་ལ་ཉེར་ལེན་གྱི་ཞེས་འབྲས་མིང་རྒྱུ་ལ་བཏགས་པ་དང༌། ཚེ་སྔ་མའི་སྲེད་ལེན་ལས་ད་ལྟའི་ཕུང་བོ་འདི་བྱུང་བས་ན་ཕུང་བོ་ལ་ཉེར་ལེན་སྦྱར་བ་རྒྱུ་མིང་འབྲས་ལ་བཏགས་པ་ཡིན། དེ་ལྟར་ཁམས་གསུམ་གྱི་ལུས་རྟེན་གང་ཡིན་ཀྱང་ཡང་སྲིད་ཕྱི་མའི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་འགྲུབ་བྱེད་ཀྱི་རྟེན་དུ་གྱུར་པས་ན་མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། ད་ལྟར་གྲུབ་ཟིན་པའི་སྡུག་བསྔལ་ཀུན་གྱི་རྟེན་དུ་གྱུར་བས་ན་མངོན་པར་གྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། ཚེ་སྔ་ཕྱིའི་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གའམ་ཅི་རིགས་ཀྱི་རྟེན་དུ་གྱུར་བའི་སྡུག་བསྔལ་དང་བཅས་དེ་བརྒྱད་ལ་འཁོར་བ་སྤྱིའི་སྡུག་བསྔལ་བརྒྱད་ཟེར་བ་ཡིན། དེ་དག་གི་བར་བ་དྲུག་ཆོས་ཀྱི་དོན་མ་གོ་བ་རྣམས་ཀྱིས་ཀྱང་རྟོགས་སླ། ཐོག་མཐའ་གཉིས་ཐོས་བསམ་མ་བྱས་པར་ཤེས་མི་ནུས། ཁྱད་པར་ཐ་མ་འདི་སྡུག་བསྔལ་ཀུན་གྱི་བསྡོམས་སུ་གྱུར་པས་ན་ལམ་རིམ་ལས་མདོར་ན་གསུངས་དོན་ཡང་དེ་ཡིན། དེས་ན་དང་བོ་དང་ཐ་མ་འདི་གཉིས་ནན་ཏན་ཆེན་པོའི་སྒོ་ནས་བསྒོམ་དགོས་པར་གསུངས་སོ། །གཉིས་པ་སྡུག་བསྔལ་དྲུག་བསྒོམ་པ་ལ། ངེས་པ་མེད་པའི་ཉེས་པ། ངོམས་མི་ཤེས་པའི་ཉེས་པ། ལུས་ཡང་ཡང་འདོར་བའི་ཉེས་པ། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བའི་ཉེས་པ། གྲོགས་མེད་པའི་ཉེས་པ་སྟེ་དྲུག་ལས། དང་བོ་ནི། ཚེ་འདི་ཉིད་ལ་ཡང་དགྲ་གཉེན་ཕན་ཚུན་འགྱུར་ནས་འགྲོ་བར་མ་ཟད། ཕ་མ་བུ་ཚ་སོགས་ཀྱིས་ཀྱང་ནང་མི་མཐུན་པར་འཐབ་མོ་བྱེད་པ་འགའ་རེ་ཡོད་པ་མངོན་སུམ་གྱིས་གྲུབ་པ་བཞིན། ཕ་མ་བུ་ཚ་ཆུང་མ་སྲིང་མོ་སོགས་ཀྱང་ཚེ་རབས་ཀུན་ཏུ་ད་ལྟའི་འདི་བཞིན་ཡིན་པའི་ངེས་པ་མེད་པར་གོ་ལྡོག་ཏུ་འབྱུང་བ་ཡང་ཡོད། དགྲར་འགྱུར་བ་ཡང་སྲིད། དེས་མཚོན་པའི་འཁོར་བ་ཐོག་མེད་ནས་ད་བར་དང༌། ད་ནས་ཀྱང་ལས་ཉོན་གྱི་དབང་གིས་ཅི་ཙམ་འཁོར་བའི་བར་དེའི་རང་བཞིན་ལས་མ་འདས་པས་དགྲ་གཉེན་མ་ངེས་པ་དང༌། ཚེ་འདིར་ཡང་ཕོ་མོ་ཕན་ཚུན་མཚན་འགྱུར་རྒྱུ་སོགས་ཡོད་པ་མཐོང་ཐོས་ཀྱིས་ཡུལ་དུ་གྲུབ་པ་བཞིན་སྔོན་དང་ཕྱི་མའི་སྐབས་ཀུན་ཏུ་ཡང་སྲིད་རྩེ་ནས་མནར་མེད་བར་གྱི་ལུས་འདི་བླངས་དང་འདི་མ་བླངས་བྱ་བ་གཅིག་ཀྱང་མེད་པས་ན་འགྲོ་བ་མ་ངེས་པ་དང༌། འགྲོ་བ་དེ་དག་ཕལ་ཆེར་གྱི་རྟེན་ལ་ཡང་བདེ་རེས་དང་སྡུག་རེས་སྣ་ཚོགས་ཤིག་འོང་བ་ད་ལྟའི་ལུས་འདི་ལ་དཔེ་བླངས་ན་ཤེས་སླ། ཚེ་འཕོས་ནས་ཀྱང་རེ་འགར་བདེ་འགྲོ་དང་རེ་འགར་ངན་འགྲོར་གྱུར་བ་ན་རྟེན་གྱི་དབང་གིས་ཀྱང་བདེ་སྡུག་མ་ངེས་པ་ཡིན། གཉིས་པ་ངོམས་མི་ཤེས་པ་ནི། ངོམས་མི་ཤེས་ཞེས་པ་ཆོག་མི་ཤེས་པའི་དོན་ཡིན། ཆོག་མི་ཤེས་ཚུལ་སྔོན་ཆད་ལྷ་དང་མིའི་ལུས་རྟེན་བླངས་པའི་ཚེ། ལྷའི་བདུད་རྩི་དང་མའི་འོ་མ་འཐུང་བ་སོགས་མ་འགོངས་པར་ད་ལྟ་ཡོད་ན་རྒྱ་མཚོའི་ཆུ་ལས་ཀྱང་མང་བར་གསུངས། དེ་བཞིན་དུ་མིག་གིས་ཡུལ་དུ་གཟུགས་ནས་ཡིད་ཀྱི་ཡུལ་དུ་ཆོས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་སོགས་ལ་འདི་མ་མྱོང་བྱ་བ་གཅིག་ཀྱང་མེད་པས། དེས་ན་ཟག་བཅས་ཀྱི་བདེ་བ་གསར་བ་ལ་མི་ཆགས་པར་བདེ་བ་སྔ་མ་དེ་དག་གིས་ཆོག་ན་ངོམས་ཤེས་པ་ཡིན་ཀྱང༌། དེ་ནི་ཚྭ་ཆུ་འཐུང་བ་དང་འདྲ་བར་འཁོར་བའི་ཕུན་ཚོགས་ལ་འདུན་ཆགས་ཇེ་ཆེར་སོང་ནས་རེ་འགའ་མི་ལ་སོགས་པའི་སྐྱེ་བ་བླངས་པ་ན་ཡང་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པའི་དབང་གིས་ངུས་པའི་མཆི་མ་དང༌། རེ་འགར་དམྱལ་བར་སྐྱེས་ནས་ཁྲོ་ཆུ་ཟངས་ཞུན་འཐུང་བ་སོགས་བསགས་ན་རྒྱ་མཚོའི་ཆུ་ལས་ཀྱང་མང་བར་གསུངས། རེ་འགར་ཁྱི་དང་ཕག་ཏུ་གྱུར་ནས་མི་གཙང་བ་ཟོས་པ་དང༌། སྲིན་འབུར་གྱུར་ནས་ས་ལུད་ཟོས་པ་རྣམས་བསགས་ན་ནམ་མཁར་ཡང་མི་ཤོང་བ་ལྟ་བུའི་ཉེས་དམིགས་དང༌། གཞན་ཡང་སློབ་དཔོན་དཔའ་བོས། ཕན་ཚུན་ངག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་གསུངས་པ་ལྟར། འཁོར་བའི་གནས་འདིར་ལུས་རྣམ་པ་སྣ་ཚོགས་གྲངས་མེད་པ་ཞིག་ལ་སྙིང་བོ་ཅུང་ཟད་ཙམ་ཡང་མ་ལོན་པར་ཆུད་ཟོས་སུ་བཏང་བ་ལྟ་སྨོས་ཀྱང་ཅི་དགོས། མི་ཁོ་ནའི་རྟེན་ལ་ཡང་ཕན་ཚུན་འཐབ་རྩོད་བྱས་ཏེ་མགོ་བཅད་པ་རྣམས་སྤུངས་ན་ཚངས་པའི་འཇིག་རྟེན་ལས་ཀྱང་མཐོ་བར་གསུངས། དེ་ལྟར་བདེ་བའི་དུས་ནམ་ཡང་མི་ངོམས་པར་འཁོར་བའི་ཕུན་ཚོགས་རྣམས་བསྒྲུབ་བསྒྲུབ་པའི་བདེ་བ་དེ་དག་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་ལྷག་པའི་སྡུག་བསྔལ་གྱི་སྡུག་བསྔལ་བསྐྱེད་དེ་རང་སྟེང་དུ་བབས་ཚེ་ཡིད་སུན་ཀྱང་རྣམ་སྨིན་གྱི་འབྲས་བུ་གྲུབ་ཟིན་པས་བྱ་ཐབས་མེད། སྡུག་བསྔལ་གྱི་རྒྱུའི་སྐབས་སུ་ལྡོག་སླ་བ་ཡིན་ཀྱང་མ་རིག་པས་བསྒྲིབ་ནས་སྡུག་བསྔལ་ལ་སུན་རྒྱུ་གཏན་ནས་མེད་པས་ཉེས་དམིགས་དེ་དག་གང་ལས་བྱུང་ན་ཟག་བཅས་ཀྱི་བདེ་བ་ལ་ངོམས་མ་ཤེས་པ་ལས་བྱུང་བ་ཡིན། གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་བོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །ཞེས་གསུངས་པ་ལྟར། གསོན་པའི་མཐའ་མ་འཆི་བ་ཡིན་པས་འཁོར་བའི་གནས་འདིར་ལུས་འདི་བླངས་ནས་མ་དོར་བྱ་བ་གཅིག་ཀྱང་མེད། དེ་ཡང་རིགས་མཐུན་མི་ཁོ་ནས་དབང་དུ་བཏང་ཡང་ལུས་བླངས་ནས་དོར་བའི་རུས་པ་རྣམས་བསགས་ན་དེ་ཙམ་ལ་ཡང་ཚད་འདི་འདྲ་ཡིན་ཞེས་གཞལ་དུ་མེད། བཞི་བ་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །ཞེས་གསུངས་པ་ལྟར། ས་ཆེན་པོ་འདིའི་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་ཅི་ཙམ་ཡོད་པ་བསྒྲིལ་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་དེ་ལྟར་རིལ་བུ་རེ་རེ་དོར་ནས་རྩིས་གྲངས་བརྒྱབ་ན་ས་ཆེན་པོ་འདི་ལས་བྱས་པའི་རིལ་བུ་རྣམས་ཟད་འགྲོ་བ་མ་གཏོགས་མའི་ཐོག་མའི་མཐའ་ལ་ཐག་ཇེ་ཉེར་འགྲོ་རྒྱུ་མེད་པར་མ་ཟད་འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་པའི་ཚིག་ཟུར་གྱི་མ་དེ་ལ་རང་དང་རྒྱུད་ཐ་དད་པའི་སེམས་ཅན་ཐམས་ཅད་ཡོད་པ་སྨོས་ཅི་དགོས། རང་དང་རྒྱུད་གཅིག་ཏུ་གྱུར་བའི་གང་ཟག་ཀྱང་སེམས་ཅན་གྱི་གྲངས་དང་མཉམ་པས་དེ་ཡང་བགྲང་མི་ནུས་ཤིང་བསམ་བློ་བཏང་ན་བློར་མི་ཤོང་བའི་ཚོད་ཡིན། དེ་ལྟར་ལུས་ཀྱི་ཉེར་ལེན་ཁུ་ཁྲག་གི་རྒྱུན་དེ་འཁོར་བ་ཐོག་མ་མེད་པ་ནས། རེ་འགའ་བག་ལ་ཞ། རེ་འགའ་མངོན་དུ་གྱུར་བའི་ཚུལ་གྱིས་མངལ་མི་གཙང་བའི་གནས་སུ་ཡང་ཡང་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཅི་ཙམ་མྱོང་ཡང་དོན་མེད་དུ་སོང༌། ད་ཡང་རང་ཉིད་གང་ཟག་གི་བདག་འཛིན་གྱིས་དབང་དུ་ཅི་ཙམ་འགྲོ་བའི་བར་དེའི་རང་བཞིན་ལས་མ་འདས་ཏེ། བཞི་བརྒྱ་བ་ལས། གང་ཚེ་འབྲས་བུ་གཅིག་གི་ཡང༌། །ཐོག་མའི་རྒྱུ་ནི་སྣང་མིན་པ། །དེ་ཚེ་གཅིག་ལ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་མ་འབྱུང༌། །ཞེས་གསུངས་སོ། །ལྔ་བ་ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། སྤྱིར་ན་བདེ་འགྲོ་ནས་ཤི་འཕོས་ཏེ། ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང་དེ་ནས་བདེ་འགྲོར་སྐྱེས་པ་སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་བ་དལ་འབྱོར་རྙེད་དཀའི་སྐབས་ལྟར་ཡིན། འདིར་མཐོ་དམན་དུ་འགྱུར་ཞེས་པའི་མཐོ་དམན་ནི། ལས་བཟང་བོ་རྒྱུན་ཆགས་སུ་འཇུག་པས་སྐྱེས་པ་རྣམས་མ་གཏོགས་ཁམས་གསུམ་གྱི་མཐོ་དམན་བར་མའི་འགྲོ་བ་མཐའ་དག་བཟང་ངན་སྣ་ཚོགས་པའི་ལུས་སུ་འགྱུར་ཞེས་པའི་དོན་ཡིན། དྲུག་པ་གྲོགས་མེད་པའི་ཉེས་པ་ནི། རང་གིས་བསགས་པའི་དཀར་ནག་གི་ལས་ཀྱི་འབྲས་བུར་གྱུར་པའི་སྐྱེ་རྒ་ན་འཆི་སོགས་མདོར་ན་བདེ་སྡུག་བཏང་སྙོམས་ཐམས་ཅད་ཉམས་སུ་མྱོང་བ་བོ་རང་ཉིད་མ་གཏོགས་སེམས་ཅན་གཞན་སུ་ཡང་མེད། ཟས་ལ་སོགས་པ་གཞན་གྱིས་ཟོས་པའི་རོ་རང་གིས་མི་མྱོང་བ་བཞིན་ནོ། །སྡུག་བསྔལ་བརྒྱད་དང་དྲུག་གི་སྒོ་ནས་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་ཚུལ་དེ་བཞིན་ལགས། གསུམ་པ་སྡུག་བསྔལ་གསུམ་ནི་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་སྟེང་ནས་གསུངས་པས། དེའི་ཚུལ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་འགྱུར་པའི་སྡུག་བསྔལ་གསུངས་པའི་དོན་ནི། དཔེར་ན། གྲང་ཉམས་ཆེ་བའི་སྡུག་བསྔལ་མ་བཟོད་པར། ཉི་འོད་སོཊ་བསྟེན་མ་ཐག་ཚ་རེག་ཅུང་ཟད་ཉམས་མྱོང་གི་ཚོར་བ་དེས། གྲང་བའི་སྡུག་བསྔལ་ཆེ་རིམ་ནས་ཅུང་ཟད་འགག་ཏུ་བཅུག་པ་ལ་བདེ་ཉམས་ཤར་བ་མ་གཏོགས། དེ་འདྲའི་ཚོར་བ་དེ་ངོ་བོ་ཉིད་ཀྱི་བདེ་བ་ཡིན་ན། སྐད་ཅིག་གཉིས་པ་ཕན་ཆད་ནས་ཀྱང་བདེ་ཉམས་ཇེ་ཆེར་འགྲོ་དགོས་པ་ལ། མཚམས་ཤིག་ན་གྲང་བའི་སྡུག་བསྔལ་ཆེ་རིམ་ནས་ཟད་པ་བཞིན། ཚ་བ་ཉམས་མྱོང་གི་ཚོར་བ་ཡང་ཆུང་རིམ་ནས་ཇེ་ཆེ་ཇེ་ཆེར་འཕེལ་ཏེ་མཐར་ཚ་གདུངས་མི་བཟོད་པ་རང་ཅག་གིས་མྱོང་བས་གྲུབ་པ་དེ་འདྲ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ནི་མཁལ་མའི་ཟུག་གཟེར་ལྟ་བུ་ཡིན་པས་ཤེས་སླ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཀྱི་སྟེང་དུ་བཞག་པའི་དོན་ནི། འཁོར་བ་ཐོག་མ་མེད་པ་ནས་ད་བར་དུ་ཚོར་བ་བདེ་སྡུག་བཏང་སྙོམས་གང་རུང་ལ་མི་གནས་པའི་སེམས་ཅན་སུ་ཡང་མེད་མོད། འོན་ཀྱང་ཚོར་བ་བདེ་སྡུག་གཉིས་རྒྱུན་མི་བརྟན་པར་གློ་བུར་པ་ཡིན་པས། དེས་ན་ད་ལྟའི་ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་འདིས་ཚོར་བ་འབྱུང་འགྱུར་གྱི་ཚེ་འདི་ཕྱིའི་ཉེར་ལེན་གྱི་ཕུང་བོ་ཀུན་ལ་ཁྱབ་ཆེ་ཞིང༌། སྡུག་བསྔལ་མཐའ་དག་མངོན་པར་འདུ་བྱེད་པའི་ལས་ཀྱི་ནུས་པ་ཡོད་པ་དང༌། བསམ་གཏན་བཞི་བ་ཡན་ན་ཚོར་བ་བཏང་སྙོམས་མ་གཏོགས་བདེ་སྡུག་གཉིས་ཚེ་དེར་མངོན་དུ་མི་འགྱུར་ཀྱང༌། ཕྱི་མའི་སྡུག་བསྔལ་ཀུན་གྱི་གཞི་རྩ་ཚོར་བ་བཏང་སྙོམས་དེས་བྱེད་པས་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཚོར་བ་བཏང་སྙོམས་ཀྱི་སྟེང་དུ་བཞག་པ་ཡིན། དེ་འདྲའི་ཚོར་བ་བདེ་བས་ཆགས་པ་དང༌། སྡུག་བསྔལ་གྱིས་ཞེ་སྡང། བཏང་སྙོམས་ཀྱིས་གཏི་མུག་བསྐྱེད་པའི་ཉེས་དམིགས་རྣམས་བསྒོམ་མོ། །རིགས་དྲུག་སོ་སོའི་སྡུག་བསྔལ་ལ་ངན་སོང་གསུམ་གྱི་སྡུག་བསྔལ་སྔར་བཤད་པ་བཞིན་བསྒོམ་ཞིང༌། མིའི་སྡུག་བསྔལ་ལ་སྐྱེ་རྒ་ན་འཆི་སོཊ་རྒྱས་པར་བཤད་ཟིན་པ་ལྟར་དང་གཞན་ཡང་རྒྱལ་བློན་ལྟ་བུས་མཚོན་ཁས་དྲག་དབང་བཙན་རྣམས་ལ་མངའ་ཐང་དཔལ་འབྱོར་ལོངས་སྤྱོད་སོགས་འཕེལ་འགྲིབ་ཇི་ལྟར་འགྱུར་སྙམ་དུ་རེ་དོགས་གཞན་ལས་ལྷག་པར་ཆེ་བས་ཡིད་མི་བདེ་བ་དང༌། དབུལ་བོ་རྣམས་ནི་ལྟོ་གོས་དང༌། འདོད་དོན་མི་འབྱོར་བས་དེའི་དོན་དུ་ཚ་གྲང་ལྟོགས་སྐོམ་ངལ་དུབ་ཀྱི་ངང་དུ་མི་ཚེ་ཕལ་ཆེར་འཛད་འགྲོ་བ་སོགས་ཀྱིས་མཚོན། མདོར་ན་མཐོ་དམན་དྲག་ཞན་གང་ཡིན་ཀྱང་རང་རང་གིས་ཚོད་དང་བསྟུན་པའི་ལུས་སེམས་ཀྱི་སྡུག་བསྔལ་ཅི་འདྲ་ཡིན་རང་ཉམས་ལ་བརྟག་ན་ཤེས་སོ། །ལྷ་མ་ཡིན་རྣམས་ནི། ཤེས་རབ་ཀྱི་ལྡོག་ཕྱོགས་ཤེས་རབ་འཆལ་བའི་རྣམ་རིག་ཤིན་ཏུ་གསལ་ནའང༌། སྦྲུལ་ལྟ་བུར་རང་བཞིན་གྱིས་ཞེ་སྡང་ཆེ་བ་བཞིན་དུ། དེར་སྐྱེས་ཙམ་ཉིད་ནས་བདེན་པ་མཐོང་བ་ལ་རྣམ་སྨིན་གྱིས་བསྒྲིབས་གཡོགས་འཐུག་པས་ཚེ་དེར་བདེན་པ་མཐོང་བའི་རྟེན་དུ་མི་རུང་བ་དང༌། ལྷ་རྣམས་དཔལ་འབྱོར་ཆེ་བ་ལ་ཕྲག་དོག་གིས་མི་བཟོད། འཐབ་རྩོད་འཁྲུགས་ལོང་གི་བྱ་བ་ངན་པ་ལ་ཞེན་པའི་བསམ་ངན་ཤུགས་དྲག་གི་སྟོབས་ཀྱིས་བདེ་བར་གནས་པའི་གོ་སྐབས་མེད་པ་ཡིན། ལྷའི་སྡུག་བསྔལ་ནི། རྒྱལ་ཆེན་བཞིའི་རིས་ནས་གཞན་འཕྲུལ་དབང་བྱེད་བར་གྱི་འདོད་ལྷ་དབང་རྣོན་ཕལ་ཆེར་གྱིས་སྐྱེ་བ་སྔ་མར་དགེ་རྩ་གང་གིས་ལྷ་ཡུལ་དུ་སྐྱེས་པར་ཤེས་པ་མ་གཏོགས། དཔེར་ན། བྱིས་པ་རྣམས་རྩེད་མོས་གཡེང་བ་ལྟར། འདོད་ཡོན་ལ་གཡེང་སྟེ་ཚེ་རིང་བོ་གར་ཟད་མི་གོ་བར་ཉེ་བའི་འཆི་ལྟས་ཀྱིས་ཕོག་ཚེ། བཤེས་སྤྲིང་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་འཕྲེང་རྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །གསུངས་པ་ལྟར། ལུས་ཀྱི་འོད་ཇེ་ངན་དང་མདོག་མི་སྡུག་པར་འགྱུར་པ་དང༌། ཡིད་མྱ་ངན་གྱིས་ནོན་པའི་དབང་གིས་ཁྲི་སྟན་ལ་སྡོད་དུ་མི་ཚུགས་པ་དང༌། མེ་ཏོག་གི་འཕྲེང་བ་རྙིང་བར་འགྱུར་བ་དང༌། གོས་ལ་དྲི་མ་ཆགས་ཤིང་ལུས་ལ་རྔུལ་ཆུ་འབྱུང་བ་སྟེ། དེ་ལྟ་བུའི་འཆི་ལྟས་ལྔ་ཕོག་ཚེ་ངན་འགྲོ་གསུམ་སོགས་སུ་སྐྱེ་བར་ཤེས་ནས། ཡིད་མྱ་ངན་ཤུགས་དྲག་པོ་དང་བཅས་འདོད་ལྷ་རང་རང་གི་ཞག་བདུན་དུ་གནས་དགོས་པ་དང༌། དཔལ་འབྱོར་ཆེ་བའི་ལྷ་རྣམས་བསོད་ནམས་ཆུང་བའི་ལྷ་རྣམས་ཀྱིས་མཐོང་ན་སེམས་སྤ་བཀོང་བ་དང༌། ལྷ་སྟོབས་ལྡན་རྣམས་ཀྱིས་ལྷའི་བུ་ཉམ་ཆུང་རྣམས་གནས་ནས་སྐྲོད་པ་དང༌། སུམ་ཅུ་རྩ་གསུམ་མན་ཆད་ཀྱི་འདོད་ལྷས་ལྷ་མ་ཡིན་དང་གཡུལ་བཀྱེ་དགོས་པས་བདེ་བ་མེད་ཚུལ་རྣམས་བསམ། གོང་མའི་ལྷ་ལ་འདོད་ཁམས་ལྟར་གྱི་སྡུག་བསྔལ་རགས་པ་མེད་ཅིང༌། རང་རྒྱུད་ཀྱི་དངོས་གཞི་རྣམས་ཀྱང་ལས་ཉོན་གྱི་གཞན་དབང་ཅན་ཡིན་པས་ན། ནམ་ཞིག་མི་འདོད་བཞིན་དུ་འབྲལ་དགོས་པ་དང༌། ཕྱི་མར་ལེན་འགྱུར་གྱི་ཟག་པ་དང་བཅས་པའི་ཕུང་བོ་ཀུན་ལ་ཁྱབ་པའི་སྡུག་བསྔལ་ཐམས་ཅད་སྐྱེད་བྱེད་ལས་ཉོན་གྱི་རྩ་བ་ཚོར་བ་བཏང་སྙོམས་ཀྱིས་འཛིན་པས་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་སོ། །དེ་ལྟར་ཁ་ནང་བལྟས་ཀྱི་སྒོ་ནས་བསམ་བློ་ལེགས་པར་བཏང་སྟེ། འཁོར་བ་སྤྱི་དང་རིགས་དྲུག་སོ་སོའི་སྡུག་བདེན་གྱི་ཉེས་དམིགས་སྙིང་ནས་རིག་ན། དེ་དག་སྐྱེད་བྱེད་ཀྱི་རྒྱུ་གང་ཡིན་སྙམ་དུ་རྩད་གཅོད་བྱེད་འདོད་སྐྱེ་བས། དེས་ན་གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ། འཁོར་བའི་ལུས་བསྐྱེད་པ་ལ་ལས་ཉོན་གཉིས་ཀ་དགོས་ཀྱང༌། ཉོན་མོངས་གཙོ་བོ་ཡིན་ཏེ། དཔེར་ན། ཆུ་ལུད་སོགས་ཀྱི་རྐྱེན་དང་མ་འཕྲད་པའི་ས་བོན་སྐམ་པོས་མྱུ་གུ་བསྐྱེད་མི་ནུས་པབཞིན་དུ། ཐོག་མའི་མ་རིག་པ་མེད་ན་ལས་གསར་དུ་མི་གསོག་ཅིང༌། ལས་གསར་བ་བསཊ་ཀྱང་གསོས་འདེབས་བྱེད་ཀྱི་སྲེད་ལེན་གཉིས་མེད་ན། ཡང་སྲིད་ཕྱི་མ་སྐྱེད་པའི་ལས་དེ་ནུས་པ་མཐུ་ཅན་དུ་མི་འགྱུར། དེས་ན་སྡུག་བདེན་འཁོར་བའི་ཉེས་པ་ཀུན་གྱི་རྩ་བ་ཉོན་མོངས་ཡིན་པས་དེའི་གཉེན་པོ་བསྟེན་དགོས། དེ་ཡང་དཔེར་ན། མང་བོ་འཚོགས་པའི་ཁྲོམ་གསེབ་ཏུ་རང་གི་དགྲ་ཡོད་ཀྱང༌། དགྲ་དངོས་མ་ཟིན་པར་ལོང་མདའ་འཕངས་པས་ཅི་ཡང་མི་ཡོང་པ་ལྟར། གཉེན་པོ་བསྟེན་སའི་ཉོན་མོངས་རྣམས་ངོས་ཟིན་དགོས། ཉོན་མོངས་ཞེས་པའི་དོན་ནི། སེམས་ཀུན་ནས་ཉོན་མོངས་པར་བྱས་པའི་དོན་ཡིན། སེམས་ཉོན་མོངས་པར་བྱས་ཚུལ་ཡང༌། སེམས་ཞི་བའི་ངང་དང༌། ཡང་དག་པའི་ལམ་ལ་སྡོད་དུ་མ་བཅུག་པར་ཕྱིན་ཅི་ལོག་གི་ཡུལ་ལ་རང་དབང་མེད་པར་འཇུག་སྟེ་སེམས་མ་ཞི་བར་བྱས་པའི་དོན་ཡིན། དེ་འདྲའི་ཉོན་མོངས་དེ་དག་གང་ཞེ་ན། ཆོས་མངོན་པ་མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །གསུངས་པ་ལྟར། སེམས་མ་ཞི་བར་བྱེད་པའི་གཙོ་བོ་དང༌། ཉེ་ཉོན་གཞན་གྱི་རྩ་བར་གྱུར་བའི་རྩ་ཉོན་དྲུག་གཞོམ་བྱའི་གཙོ་བོ་ཡིན། དེ་དག་སོ་སོའི་ངོ་བོ་ལ། ཡིད་དུ་འོང་བའི་ཟག་བཅས་ཀྱི་ངོ་བོ་ཡིད་དུ་འོང་བ་ལ་དམིགས་ནས། དཔེར་ན། རས་ལ་སྣུམ་ཞུགས་པ་དབྱུང་དཀའ་བ་བཞིན་དུ། དམིགས་པ་ལ་ཞེན་ཅིང་མཆེད་པའི་རྣམ་པ་ཅན། བྱེད་ལས་སྡུག་བསྔལ་སྐྱེད་པའི་རྟེན་བྱེད་པའི་ལས་ཅན་ཏེ་འདོད་ཆགས། དམིགས་པའི་ཁྱད་པར་སྡུག་བསྔལ་བའི་གནས་ཀྱི་ཆོས་ལ་དམིགས་ནས། རྣམ་པའི་ཁྱད་པར་མནར་སེམས་པའམ་རྩུབ་མོའི་རྣམ་པ་ཅན། བྱེད་ལས་ཀྱི་ཁྱད་པར་བདེ་བ་ལ་རེག་པར་མི་གནས་པའི་ལས་ཅན་དེ་ཁོང་ཁྲོ། ངའོ་སྙམ་པའི་འཇིག་ལྟ་ལ་བརྟེན་ཏེ། དམིགས་པ་བཟང་ངན་དང་མཐོ་དམན་གང་རུང་ལ་དམིགས་ནས། ཁེངས་པའམ་མཐོ་བའི་རྣམ་ཅན། བྱེད་ལས་མ་གུས་པ་དང་སྡུག་བསྔལ་གྱི་རྟེན་བྱེད་པའི་ལས་ཅན་དེ་ང་རྒྱལ། ཀུན་འབྱུང་གི་ཆོས་ལ་དམིགས་ནས། རྣམ་པ་རྨོངས་ཙམ་མམ་ལོག་པར་རྟོག་པའི་རྣམ་པ་ཅན། ཉེས་པའི་རྟེན་བྱེད་པའི་ལས་ཅན་དེ་མ་རིག་པ། ལས་འབྲས་སོགས་ལ་དམིགས་ནས་རྣམ་པ་ཡིད་གཉིས་དང༌། བྱེད་ལས་བླང་དོར་ཇི་བཞིན་འབྱེད་པ་ལ་བར་གཅོད་བྱེད་པའི་ལས་ཅན་དེ་ཐེ་ཚོམ། རང་རྒྱུད་ཀྱི་ང་ལ་དམིགས་ནས་རྣམ་པ་རང་དབང་བའི་ང་དང་ང་ཡིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན། བྱེད་ལས་ལྟ་ངན་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་དེ་འཇིག་ལྟ། འཇིག་ལྟས་བཏགས་པའི་ང་ལ་དམིགས་ནས་སྐྱེ་བ་འདི་ཕྱི་ཀུན་གྱི་ང་རྒྱུན་མི་འཆད་པར་རྟག་པར་ལྟ་བའམ། ཡང་ན་ཕྱི་མར་ཉིང་མཚམས་མི་སྦྱོར་བར་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན། བྱེད་ལས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་གྱི་ངེས་པར་འབྱུང་བ་ལ་གེགས་བྱེད་པའི་ལས་ཅན་དེ་མཐར་ལྟ། འཇིག་ལྟ་མཐར་ལྟ་ལོག་ལྟ་གསུམ་གང་རུང་དང༌། དེ་ལ་བརྟེན་ནས་བྱུང་བའི་ཕུང་བོ་ལ་དམིགས་ནས། རྣམ་པ་བདག་གྲོལ་བྱེད་ཀྱི་རྒྱུ་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན། བྱེད་ལས་ལྟ་ངན་རྣམས་ལ་རྨོངས་ཞེན་འཕེལ་བར་བྱེད་པའི་ལས་ཅན་དེ། ལྟ་བ་མཆོག་འཛིན། ལོག་ལྟས་ཀུན་ནས་བསླང་བའི་གྲུབ་མཐའ་ངན་པའི་ཚུལ་ཁྲིམས་དང༌། ལུས་ངག་གི་སྤྱོད་པའི་བརྟུལ་ཞུགས་དང༌། དེ་དག་གང་རུང་ལ་བརྟེན་ནས་བྱུང་བའི་ཕུང་བོ་ལ་དམིགས་ནས། རྣམ་པ་བདག་གྲོལ་གྱི་རྒྱུར་འཛིན་པའི་ཤེས་རབ་ཉོན་མོངས་ཅན། བྱེད་ལས་ངལ་བ་འབྲས་བུ་མེད་པར་བྱེད་པའི་ལས་ཅན་དེ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། རྒྱུ་འབྲས་དང་བྱ་བྱེད་དང་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་བཟུང་སྟེ་སྐུར་བ་འདེབས་པའམ། ཡིན་པ་ལ་མ་ཡིན་པ་དང༌། མ་ཡིན་པ་ལ་ཡིན་པར་བཟུང་སྟེ་སྒྲོ་འདོགས་པའི་རྣམ་པ་ཅན། བྱེད་ལས་དགེ་རྩ་གཅོད་པའམ་བླང་དོར་ལོག་པར་བསྒྲུབ་པའི་རྟེན་བྱེད་པའི་ལས་ཅན་དེ་ལོག་ལྟ་ཡིན། ཉོན་མོངས་དེ་དག་ཇི་ལྟར་སྐྱེ་བའི་ཚུལ་ནི། དེ་ཡང་འཇིག་ལྟས་རང་དབང་བའི་བདག་བཟུང་བ་སྟེ། རང་གཞན་སོ་སོར་བཅད་པའི་ཆ་ལས་ཆགས་སྡང་གཉིས་ཀྱིས་མཚོན་ཉོན་མོངས་སྣ་ཚོགས་པ་རྣམས་རྒྱུ་འབྲས་འཁོར་ལོ་མའི་ཚུལ་དུ་སྐྱེ་བ་མ་གཏོགས། སྐྱེ་བའི་གོ་རིམ་མ་ངེས་ཚུལ་མཐའ་གཅིག་ཏུ་འདི་འདྲ་ཡིན་ཞེས་ཁ་ཚོད་གཅོད་དཀའ། དེའི་ཕྱིར་འཇིག་ལྟ་མེད་ན་ཉོན་མོངས་རྣམས་སྐྱེ་བའི་གཞི་དང་བྲལ་བས་འཇིག་ལྟ་ཉོན་མོངས་ཀུན་གྱི་རྩ་བ་ཡིན། ཉོན་མོངས་དེ་དག་སྐྱེད་བྱེད་ཀྱི་རྒྱུ་གང་ཞེ་ན། ཉོན་མོངས་པའི་ས་བོན་ཡོད་པ་དང༌། ཉོན་མོངས་སྐྱེ་བའི་ཡུལ་དང་འཕྲད་པ་དང༌། གྲོགས་ངན་མ་སྤངས་པ་དང༌། ཆོས་ལོག་ཉན་པ་དང༌། ཉོན་མོངས་ལ་གོམས་འདྲེས་ཆེ་བ་དང༌། ཚུལ་མིན་ཡིད་བྱེད་རྣམས་ཡིན། དེ་དག་ཀྱང་བསྡུ་ན། གསུམ་དུ་འདུ་སྟེ།  མཛོད་ལས། ཕྲ་རྒྱས་སྤང་བ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྣམས་ནི་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། ཉོན་མོངས་པའི་ས་བོན་མ་སྤང་བར་རྒྱུད་ལ་ཡོད་པ་དང༌། ཉོན་མོངས་སྐྱེ་བའི་ཡུལ་ཉེ་བར་གནས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གསུམ་དུ་འདུ། ཉོན་མོངས་པའི་ཉེས་དམིགས་ནི། སེམས་མ་ཞི་བར་བྱེད་པ་དང༌། དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། མི་དགེ་བའི་བག་ཆགས་བརྟན་པར་བྱེད་པ་དང༌། རིས་མཐུན་གྱི་ཉོན་མོངས་མི་འཆད་པར་བྱེད་པ་དང༌། མྱང་འདས་ལ་ཇེ་རིང་དང་འཁོར་བའི་སྡུག་བསྔལ་མི་འཛད་པར་བྱེད་པ་སོགས། ཉོན་མོངས་པའི་ཀུན་འབྱུང་གི་ངོ་བོ་དང༌། རྒྱུ་དང༌། ཉེས་དམིགས་རྣམས་དེ་འདྲ་ཡིན། ལས་ཀྱི་རྣམ་བཞག་ལ། སྤྱིར་ན་ལས་དང་སེམས་པ་གཉིས་དོན་གཅིག་ཡིན་པས་ལས་ཙམ་ཞིག་སངས་འཕགས་ཀྱི་རྒྱུད་ལ་ཡོད་པ་དང༌། ཟག་མེད་ཀྱི་ལས་འཕགས་རྒྱུད་ལ་ཡང་ཡོད་པས་དེ་དག་འདིར་ཧ་ཅང་མཁོ་མི་ཆེ་བས་བཞག འདིར་བསྟན་བྱའི་གཙོ་བོ་གང་ཡིན་ཞེ་ན། ལས་ཀྱི་ཀུན་འབྱུང་ངམ། ལས་ཉོན་གཉིས་སུ་ཕྱེ་བའི་ཟག་བཅས་ཀྱི་ལས་དེ་བཤད་བྱའི་གཙོ་བོ་ཡིན། དེས་ན་བསག་བྱའི་ལས་དེ་ལ། སེམས་པའི་ལས་དང༌། བསམ་པའི་ལས་གཉིས་ཡོད་པས། སེམས་པའི་ལས་ཞེས་པ། ལུས་ངག་ཏུ་མ་ཐོན་པའི་ཡིད་ལས་སེམས་པ་ལ་བྱེད། བསམ་པའི་ལས་ནི། ལུས་ངག་གི་བྱ་བ་དང་དུས་མཉམ་དུ་འཇུག་པའི་སེམས་པ་ཡིན་པས་ལས་གཉིས་ཀ་སེམས་པར་བཞེད་ལུགས་ཤིག་དང༌། ཡང་ན། སེམས་པའི་ལས་སྔར་དང་འདྲ་བ་ལ། བསམ་པའི་ལས་ནི། ལུས་ངག་གི་རིག་བྱེད་དམ་ཡང་ན་རིག་བྱེད་མ་ཡིན་པའི་གཟུགས་ཅན་ཁོ་ན་ཡིན་ཞེས་གསུངས་ལུགས་ཤིག་དང་གཉིས་ཡོད་པ་ལས། ཉམས་ལེན་གྱི་ཚེ་དེ་གཉིས་གང་བྱས་ཀྱང་དོན་ལ་འཛོལ་ཆེན་པོ་མི་ཡོང༌། བསག་བྱའི་ལས་དེ་ལ་ཡང་རྣམ་སྨིན་འགྲུབ་ཚུལ་གྱི་སྒོ་ནས། ངན་སོང་དུ་སྐྱེས་བ་འཕེན་བྱེད་བསོད་ནམས་མ་ཡིན་པའི་ལས་སམ་མི་དགེ་བའི་ལས་དང༌། འདོད་པའི་ལྷ་མིར་འཕེན་བྱེད་བསོད་ནམས་ཀྱི་ལས་དང༌། ཁམས་གོང་མར་འཕེན་བྱེད་མི་གཡོ་བའི་ལས་དང་གསུམ་ཡོད། དེ་ཇི་ལྟར་གསོག་པའི་ཚུལ་ནི། སེམས་ཡུལ་ལ་གཡོ་བ་ཙམ་བྱས་བསགས་ཚང་བའི་ལས་མ་ཡིན་མོད། མ་རིག་པ་དང་སྲེད་ལེན་གྱིས་ལས་དེ་མཐུ་ཅན་དུ་བྱས་པ་ཡིན་པའི་ཕྱིར་ན། ལས་ཉོན་གཉིས་ཀྱི་ནང་ནས་ཉོན་མོངས་གཙོ་བོ་དང༌། ཉོན་མོངས་པའི་དབང་གིས་ལས་བསགས་ཞེས་པ་ཡིན། དེ་ལྟ་བུའི་ལས་ཉོན་གཉིས་འཁོར་བའི་སྡུག་བསྔལ་འབྱུང་བའི་གཞིར་འཕགས་པས་གཟིགས་པ་ལྟར་བདེན་པས་ན་ཀུན་འབྱུང་བདེན་པ་ཟེར། ཀུན་འབྱུང་དེའི་སྒོ་ནས་འཁོར་བར་འཇུག་པའི་རིམ་པ་ནི། ཚེ་འདི་ཙམ་གྱི་བདེ་བ་ལ་ཆགས་ནས་སྲོག་གཅོད་སོགས། ལས་འབྲས་ལ་རྨོངས་པའི་མ་རིག་པས་རྒྱུ་དང་དུས་ཀྱི་ཀུན་སློང་བྱས་ཏེ། ནག་པོའི་ལས་ལམ་བཅུ་གའམ། གང་རུང་ལ་སེམས་རང་དབང་མེད་པར་གཡོ་བའི་ལས་ཀྱིས་རྣམ་ཤེས་ལ་བག་ཆགས་བཞག་པ་སྲེད་ལེན་གྱིས་གསོས་ཏེ། བསོད་ནམས་མ་ཡིན་པའི་ལས་བསགས་པའི་ཆ་ནས་ངན་སོང་གི་འཁོར་བར་འཇུག་གོ །ཕྱི་མའི་མངོན་མཐོའི་ལམ་མ་ནོར་བར་བསྒྲུབ་འདོད་ཀྱིས་ལས་འབྲས་ལ་མ་རྨོངས་པར། དགེ་རྩ་གསུམ་གའམ་གང་རུང་ལ་བདེན་ཞེན་གྱི་མ་རིག་པས་རྒྱུ་དང་དུས་ཀྱི་ཀུན་སློང་བྱས་ཏེ། དགེ་བཅུ་ཆུང་འབྲིང་ཉམས་སུ་ལེན་པའི་བསོད་ནམས་ཀྱི་ལས་བསགས་པའི་ཆ་ནས། འདོད་པའི་ལྷ་མིའི་རྒྱུད་ཀྱི་འཁོར་བ་འགྲུབ་ཚུལ་སྐྱེས་བུ་ཆུང་ངུའི་སྐབས་སུ་དོན་གྱིས་བཤད་ཟིན། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ཀྱང་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་རིག་སྟེ། ལས་འབྲས་ལ་མ་རྨོངས་ཤིང༌། ཏིང་ངེ་འཛིན་གྱི་བདེ་བ་བསྒྲུབ་པའི་ཕྱིར། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླང་སྟེ། དཀར་བོའི་ལས་ལམ་བཅུ་ཀའམ་གང་རུང་ཉམས་སུ་བླངས་པས་མི་གཡོ་བའི་ལས་བསགས་པའི་ཆ་ནས་བསམ་གཏན་དང་བོ་གསུམ་གང་རུང་གི་སྐྱེ་བ་འགྲུབ། བསམ་གཏན་གསུམ་པ་མན་ཆད་ཀྱི་གནས་ལུས་ལོངས་སྤྱོད་རྣམས་ལ་རགས་པའམ་ཉེས་དམིགས་དང༌། བཏང་སྙོམས་ལ་ཞི་བར་བལྟས་ཏེ་དེ་འཐོབ་བྱེད་ཀྱི་ཐབས་དགེ་བཅུ་ཆེན་པོ་ཡོངས་རྫོགས་སམ་གང་རུང་གི་ཉམས་ལེན་དགོས་པར་ཤེས་པས་ན་ལས་འབྲས་ལ་མ་རྨོངས་ཤིང༌། ཐབས་དེ་དག་ལ་བདེན་ཞེན་གྱི་མ་རིག་པས་ཀུན་ནས་བསླང་སྟེ། ཞི་རགས་རྣམ་ཅན་ལ་གཡོ་བར་བྱེད་པའི་ལས་ཀྱིས་རྣམ་ཤེས་ཀྱི་སྟེང་དུ་འཕངས་འབྲས་རྣམས་བག་ཆགས་ཀྱི་ཚུལ་དུ་འཕངས་པ། ཚེ་དེའམ་ཕྱི་མ་གང་རུང་ལ་སྲེད་ལེན་གྱིས་གསོས་བཏབ་པ་ན། སྐྱེ་བ་ཕྱི་མར་མིང་གཟུགས་སམ་མིང་གཞིའི་ཕུང་བོ་སོགས་འཕངས་འབྲས་སུ་གྱུར་བའི་སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་རྣམས་དངོས་སུ་འགྲུབ་པོ། །དེ་ལྟར་འཇུག་བྱེད་ལས་ཉོན་གཉིས་ཀྱི་དབང་དུ་ཇི་སྲིད་འགྲོ་དགོས་པའི་བར། འཇུག་བྱ་འཁོར་བའི་ཕུང་བོ་རྒྱུན་མི་འཆད་པས་ན། ཀུན་འབྱུང་འཁོར་བའི་འཇུག་རིམ་ཞེས་གསུངས་པའི་དོན་དེ་ཡིན་ནོ། །མདོར་ན་འཕེན་བྱེད་ཀྱི་རྒྱུ་དང༌། འཕངས་པའི་འབྲས་བུ་སྟེ་རྒྱུ་འབྲས་ཚན་གཅིག་དང༌། འགྲུབ་བྱེད་ཀྱི་རྒྱུ་དང་གྲུབ་པའི་འབྲས་བུ་སྟེ་རྒྱུ་འབྲས་ཚན་པ་དེ་གཉིས་ཀྱིས། སེམས་ཅན་གཅིག་གི་འཁོར་བའི་སྐྱེ་བ་འགྲུབ་དགོས་པས། དེའི་ཚུལ་ནི། ཐོག་མའི་མ་རིག་པ། གཉིས་པ་འདུ་བྱེད། རྒྱུའི་རྣམ་ཤེས་གསུམ་གྱིས། འབྲས་བུ་གང་ཞིག་འཕངས་ན། འབྲས་དུས་ཀྱི་རྣམ་ཤེས། བཞི་བ་མིང་གཟུགས་ཅི་རིགས། ལྔ་བ་སྐྱེ་མཆེད་ཅི་རིགས། དྲུག་པ་རེག་པ། འདུན་པ་ཚོར་བ་སྟེ་ཡན་ལག་ཕྱེད་དང་ལྔ་འཕངས་སོ། །ཇི་ལྟར་འཕངས་ན། རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་ཀྱི་ཚུལ་དུ་འཕངས། བག་ཆགས་དེ་སྐྱེ་བ་ཕྱི་མར་དངོས་སུ་འགྲུབ་བྱེད་སྲེད་ལེན་གཉིས་ཀྱིས་ནུས་པ་མཐུ་ཅན་དུ་བཏང་བས། རྒྱུ་དེས་གྲུབ་འབྲས་གང་འཕངས་ན། འཕངས་འབྲས་ཕྱེད་བདུན་དངོས་སུ་ཚོགས་པའི་སྐྱེ་བ་དང་རྒ་ཤི་འཕངས་སོ། །སྐྱེ་བ་དེས་མཚོན། རང་ཉིད་གང་ཟག་གི་བདག་འཛིན་གྱི་དབང་དུ་འགྲོ་བ་དེ་སྲིད། ལས་འབྲས་ལ་མ་རྨོངས་པའི་སྐབས་རེ་ཤར་ན་ཡང༌། བདག་མེད་པའི་དོན་མངོན་དུ་མ་གྱུར་བས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་སྲེད་ལེན་དྲངས་ཏེ་ཉོན་མོངས་དེ་གསུམ་གྱིས་གཉིས་པ་འདུ་བྱེད་དང༌། བཅུ་བ་སྲིད་པའི་ལས་བསགས། ལས་དེ་གཉིས་ཀྱིས་འབྲས་བུ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་འཕངས་འབྲས་ཕྱེད་བདུན་དངོས་སུ་བསྐྱེད། རྟེན་དེ་ལ་ཉོན་མོངས་གསུམ་ལས། ལས་གཉིས་དང༌། དེས་སྡུག་བསྔལ་གྱི་ལམ་བདུན་བསྐྱེད་དོ། །ཚུལ་དེ་ལྟ་བུར་འཁོར་བའི་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པས་སོ། །

གཉིས་པ་སྐྱེས་བུ་འབྲིང་གི་ལམ་གྱི་རྨང་གཞི་ངེས་འབྱུང་གི་བསམ་པ་དེ་སྐྱེས་པའི་ཚད་ནི། སྡུག་ཀུན་གྱི་ཉེས་དམིགས་སྙིང་ནས་རིག་སྟེ། སྲིད་པ་མཐའ་དག་ལས་ངེས་པར་འབྱུང་འདོད་ཀྱི་བློ། ཉེས་ཅན་བཙོན་ལས་ཐར་འདོད་ཀྱི་བློ་དང་སྟོབས་མཚུངས་པ་ཞིག་སྐྱེས་ན། ངེས་འབྱུང་གི་བསམ་པ་མཚན་ཉིད་ཚང་བ་ཡིན་ཏེ། མཉམ་མེད་ཇོ་བོ་ཆེན་པོའི་ཐེག་ཆེན་ལམ་གྱི་སྒྲུབ་ཐབས་བསྡུས་པ་ལས། ཇི་ལྟར་བཙོན་ནི་བཙོན་ར་ལས། །བྲོས་པའི་གླགས་ནི་བྱུང་བའི་ཚེ། །ཆེད་ཀ་གཞན་དང་མི་སྙོམས་པར། །དེ་ཡི་གནས་ནས་བྲོས་པ་ལྟར། །འཁོར་བའི་རྒྱ་མཚོ་ཆེ་འདི་ལས། །བྲོས་པའི་གླགས་ནི་བྱུང་བའི་ཚེ། །ཆེད་ཀ་གཞན་དང་མི་མཉམ་པར། །སྲིད་པའི་ཁྱིམ་ནས་འབྱུང་བར་བྱ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཐར་བར་བགྲོད་པའི་ལམ་གྱི་རྣམ་བཞག་ནི། དེ་ལྟར་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་ཤུགས་དྲག་སྐྱེས་ན། སྡུག་ཀུན་ཉེ་བར་ཞི་བའི་འགོག་པ་མངོན་དུ་བྱ་འདོད་ཚིག་ཙམ་མིན་པ་སྐྱེ། དེའི་སྟོབས་ཀྱིས་ལམ་བསྒོམ་པ་ལ་དོན་གཉེར་ངང་གིས་སྐྱེ་བས། དེས་ན་བསྒོམ་བྱ་ལམ་གྱི་བདེན་པ་ཞེས་པ་དེ་གང་ཡིན་ཞེ་ན། བསླབ་པ་རིན་པོ་ཆེ་གསུམ་ཡིན། དེ་ཉམས་སུ་ལེན་པའི་གོ་རིམ་ནི། དོན་དང་བྱ་བ་མང་བོའི་ཕྱི་རོལ་གྱི་གཡེང་བ་ཙམ་ཞི་བའི་ཚུལ་ཁྲིམས་མེད་ན། བྱིང་རྒོད་སོགས་ནང་གི་གཡེང་བའི་གཉེན་པོ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་བརྟན་པོ་འགྲུབ་མི་ནུས་པས། ཚུལ་ཁྲིམས་དེ་ཏིང་ངེ་འཛིན་གྱི་ཚོགས་དང༌། དེ་འདྲའི་ཏིང་ངེ་འཛིན་གྱི་གཞི་རྟེན་མེད་ན། འཁོར་བ་ལས་གྲོལ་བྱེད་དངོས་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྷག་མཐོང་གི་ཤེས་རབ་མི་སྐྱེ་བས། ཏིང་ངེ་འཛིན་དེ་ཤེས་རབ་ཀྱི་ཚོགས་སོ། །དང་བོ་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། ངེས་འབྱུང་གི་བསམ་པས་ཟིན་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་གཞི་རྟེན་ཡོད་ན། སྐྱེས་བུ་འབྲིང་གིས་ལམ་གྱི་རྣམ་བཞག་རྒྱུད་ལ་མི་སྐྱེ་བ་མིན་ཡང༌། ལམ་བསྒྲུབ་པའི་རྟེན་ལ་སོ་ཐར་གྱི་སྡོམ་པ་མཆོག་ཡིན་པས་ན། སོ་ཐར་གྱི་སྡོམ་པ་ལེན་པ་དང༌། ཚུལ་བཞིན་བསྲུང་བ་ལ་སྒྲུབ་པ་སྙིང་བོར་བྱེད་དགོས། སོ་ཐར་གྱི་སྡོམ་པ་ཞེས་པ་དེ་གང་ཞེ་ན། སྤྱིར་སོ་ཐར་གྱི་སྡོམ་པ་ལ། རིགས་བརྒྱད་ཡོད་པ་ལས། རྩ་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག གར་སོགས་འཕྲེང་སོགས་དང༌། ཁྲི་སྟན་ཆེ་མཐོ་དང༌། ཕྱི་དྲོའི་ཟས་སྤོང་བ་གསུམ་བརྟུལ་ཞུགས་ཀྱི་ཡན་ལག ཆང་སོགས་སྤོང་བ་བག་ཡོད་ཀྱི་ཡན་ལག་སྟེ་དེ་བརྒྱད་ཉིན་ཞག་གི་མཐའི་བར་སྤོང་བ་བསྙེན་གནས་དང༌། སྲོག་གཅོད། མ་བྱིན་ལེན། རྫུན། ལོག་གཡེམ། ཆང་དང་བཅས་ཡན་ལག་ལྔ་ཇི་སྲིད་འཚོའི་བར་སྤོང་བ་དགེ་བསྙེན་གྱི་སྡོམ་པ། དེ་ལ་སྒྲའི་བརྗོད་ཀྱིས་དབྱེ་ན། གསོད་པ་རྐུ་བ་རྫུན་གསུམ་གྱི་ནང་ནས་གཅིག་ཙམ་སྤོང་བ་སྣ་གཅིག་སྤྱོད་པའི་དགེ་བསྙེན། གཉིས་ཙམ་སྤོང་བ་སྣ་འགའ་སྤྱོད་པ། གསུམ་ཙམ་སྤོང་བ་ཕལ་ཆེར་སྤྱོད་པ། ལོག་གཡེམ་དང་བཞི་ཀ་སྤོང་བ་ཡོངས་རྫོགས་སྤྱོད་པ། དེའི་སྟེང་དུ་མི་ཚང་སྤྱོད་སྤོང་བ་ཚངས་སྤྱོད་དགེ་བསྙེན། སྐྱབས་འགྲོའི་སྡོམ་པ་ཙམ་འཛིན་པ་སྐྱབས་འགྲོའི་དགེ་བསྙེན་ཏེ་དྲུག་ཡོད། རྩ་བ་བཞི་དང༌། གར་སོགས་ཀྱི་ཡན་ལག་དང༌། འཕྲེང་སོགས་ཀྱི་ཡན་ལག་དང༌། གསེར་དངུལ་ལེན་པའི་ཡན་ལག་དང༌། ཁྲི་སྟན་ཆེ་མཐོ་དང༌། ཆང་དང༌། ཕྱི་དྲོའི་ཁ་ཟས་ཏེ་སྤང་བྱ་བཅུའི་སྟེང་དུ། ཉམས་པ་རྣམ་གསུམ་བསྣན་ཏེ་སྤང་བྱ་བཅུ་གསུམ་སྤོང་བ་དགེ་ཚུལ་གྱི་སྡོམ་པ། གཅིག་པུར་ལམ་དུ་འགྲོ་མི་བྱ། །ཞེས་སོགས་ལྟར། གསེར་ལ་བཟུང་བར་མི་བྱ་ཞིང༌། །ཞེས་སོགས་ལྟར་རྩ་བའི་ཆོས་དྲུག་དང༌། རྗེས་མཐུན་ཆོས་དྲུག་དགེ་ཚུལ་མའི་སྡོམ་པ་ཐོབ་རྗེས་སུ་སྤོང་བར་ཁས་ལེན་པ། དགེ་སློང་མའི་སྡོམ་པ། ཕམ་བརྒྱད་ལྷག་མ་ཉི་ཤུ་དང༌། ཞེས་སོགས་ལྟར། ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཇི་སྲིད་འཚོའི་བར་བསྲུང་བ། དགེ་སློང་མའི་སྡོམ་པ། ཕམ་པ་བཞི་དང་ལྷག་མ་ནི། །ཞེས་སོགས་གསུངས་པ་ལྟར། ལྟུང་བ་སྡེ་ལྔས་བསྡུས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཇི་སྲིད་འཚོའི་བར་བསྲུང་བ། དགེ་སློང་ཕའི་སྡོམ་པ་སྟེ་སོ་ཐར་རིགས་བརྒྱད་ཀྱི་གྲངས་དེ་འདྲ་ཡིན། སྡོམ་པའི་ངོ་བོ་ནི། ངེས་འབྱུང་གི་བསམ་པས་ཟིན་པའི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་སྡོམ་པའི་ངོ་བོ་ཡིན་ཀྱང༌། དེ་ལྟ་བུའི་གནོད་པ་ལས་ལྡོག་པ་དེ། བྱེ་སྨྲས་ལུས་ངག་གི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད། མདོ་སྡེ་བས་སྤོང་བའི་སེམས་པ་རྒྱུན་ཆགས་པ་ས་བོན་དང་བཅས་པ་ལ་འདོད་དོ། །དེ་ཡང་ཐམས་ཅད་མཁྱེན་པའི་གོ་འཕང་ཚེ་གཅིག་ལ་བསྒྲུབ་པ་ཤིན་ཏུ་དཀའ་བས་ཚེ་དུ་མར་བསྒྲུབ་དགོས། དེས་ན་མི་ཁོམ་པའི་རྟེན་ལ་ལམ་ཉམས་སུ་ལེན་པ་མི་འོང་བས་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་དལ་འབྱོར་གྱི་ལུས་རྟེན་དང༌། དལ་འབྱོར་ཐོབ་པ་ཙམ་དུ་མ་ཟད་ཆོས་བསྒྲུབ་པར་ཁོམ་ཞིང་འབྱོར་བ་བཅུ་ཆོས་ཀྱི་མཐུན་རྐྱེན་དུ་འགྲོ་ངེས་པའི་དལ་འབྱོར་མཚན་ཉིད་ཚང་བ་ཞིག་དགོས། དེ་སྒྲུབ་བྱེད་ཀྱི་རྒྱུ་ཡང་སྡིག་སྤོང་དགེ་བསྒྲུབ་སྣ་རེ་ཙམ་གྱིས་མི་ཆོག་པས་རང་རང་གི་ལུས་རྟེན་དང་འཚམ་པར་སོ་སོར་ཐར་བའི་སྡོམ་པ་འོག་མ་གང་ཡང་རུང་བ་དང༌། ཡ་མཐའ་ཉེས་སྤྱོད་མཐའ་དག་ལས་ལྡོག་ཅིང་བསྟན་པ་ཡོངས་རྫོགས་སྤྱོད་པའི་དགེ་སློང་གི་སྡོམ་པ་སྔར་མེད་གསར་དུ་ལེན་པ་དང༌། ཐོབ་ཟིན་མི་ཉམས་པར་བསྲུང་བ་གནད་ཆེ། ངེས་པར་འབྱུང་འདོད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་ལས་དེ། ལས་ཉོན་གཉིས་ཀྱི་གཉེན་པོའི་ཕྱོགས་སུ་འགྲོ་བས་ན་ཀུན་འབྱུང་དངོས་མིན་པ་དང༌། དེས་བསྐྱེད་པའི་ཆོས་ལྡན་གྱི་མངོན་མཐོའི་གོ་འཕང་དེ་ཡང༌། སྡུག་བདེན་ལ་བརྒྱུད་ནས་གནོད་བྱེད་དུ་འགྲོ་བས་ན། སྡུག་བདེན་དངོས་མིན་པར་གསུངས་པས། ཕན་ཡོན་དེ་དྲན་པའི་སྒོ་ནས་མི་ཤེས་པའི་གཉེན་པོར་བསླབ་བྱ་རྣམས་ལ་ཐོས་བསམ་བྱས་ཏེ་ཤེས་པར་བྱ་བ་དང༌། དུག་གསུམ་ལེ་ལོ་དང་བཅས་པ་ལ་བརྟེན་ཏེ་མི་མཐུན་ཕྱོགས་ལས་སེམས་མི་སྲུང་ཞིང༌། མི་དགེ་བ་འཕེལ་བ་དང༌། དགེ་བ་འགྲིབ་པའི་ལས་ཅན་གྱི་སེམས་བྱུང་ལ་བག་མེད་ཟེར། དེའི་གཉེན་པོར་རང་རྒྱུ་མཚན་དུ་བྱས་ནས་ངོ་ཚ་ཤེས་པ་དང༌། གཞན་རྒྱུ་མཚན་དུ་བྱས་ནས་ཁྲེལ་ཡོད་རྒྱུན་དུ་བསྟེན། མ་གུས་པའི་གཉེན་པོར་བསླབ་བྱ་རྣམས་དང་ཁྱད་པར་སྟོན་པའི་བཅས་པ་ལ་གུས་པར་བྱེད། ཉོན་མོངས་མང་བའི་གཉེན་པོར། ཉོན་མོངས་སྤྱི་དང་ཁྱད་པར་ཉོན་མོངས་སྟོབས་གང་ཆེ་རྣམས་ལ་འབུར་འཇོམས་བྱས་ཏེ། ལྟུང་བ་འབྱུང་བའི་རྒྱུའམ་སྒོ་བཞི་བསྡམས་ཏེ་བསྟན་པའི་རྩ་བ་སོ་སོར་ཐར་བ་ལ་གུས་པར་བྱའོ། །དེ་ལྟར་འཁོར་བའི་ཉེས་དམིགས་རྒྱུན་རིང་དུ་བསྒོམས་པ་ལས། སྲིད་པ་ཐམས་ཅད་མེ་འབར་བའི་ཀློང་ལྟར་མཐོང་སྟེ། ཐར་བ་ལ་ཐོབ་འདོད་ཀྱིས་ཡིད་གདུངས་པ་དེས། ལམ་བསླབ་པ་གསུམ་ལ་བསླབ་ན་འཁོར་བ་ལས་གྲོལ་བའི་ཐར་བ་ཐོབ་ཀྱང༌། རང་དོན་མ་རྫོགས་ལ། གཞན་དོན་ཡང་ཉི་ཚེ་བར་ཟད་ཀྱང་མཐར་ཐེག་ཆེན་དུ་འཇུག་དགོས་པས། དེས་ན་དང་བོ་ནས་ཐེག་ཆེན་དུ་འཇུག་པར་རིགས་ཏེ། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤངས་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་དོན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་གསུངས་པས་སོ། །དེ་ལྟར་ན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱངས་པ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །

དང་བོ་ནི། ཐེག་ཆེན་ལ་འཇུག་དགོས་ན། འཇུག་སྒོ་གང་ནས་ཡིན་སྙམ་ན། ཕར་ཕྱིན་དང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་པོ་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་སེམས་བསྐྱེད་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། སྐྱེས་པའི་ཚད། ཆོ་གས་བཟུང་བའི་ཚུལ་ལོ། །དང་བོ་ནི། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱོང་བ་གཉིས་སོ། །དང་བོ་ནི། མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། ལྔ་བ་སྙིང་རྗེ། དྲུག་པ་ལྷག་བསམ། སེམས་བསྐྱེད་དང་བདུན་ནོ། །དང་བོ་ནི།འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལ་ཡང་ཐོག་མ་མེད་པས་ན་ལུས་འདི་མ་བླངས་བྱ་བ་དང༌། ཕྱོགས་འདིར་མ་སྐྱེས་བྱ་བ་ནི་ཡེ་མེད་ལ། མ་ལ་སོགས་པའི་གཉེན་དུ་ཡང་མ་གྱུར་པ་མེད་པར་མདོ་ལས་གསུངས་ལ། བཤེས་སྤྲིང་ལས་ཀྱང༌། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲངས་བའི་འཁོར་བ་བས། །དེ་བའི་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་དང༌། ཡང་དེ་ཉིད་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་བོ་ནི། །ལྷུན་པོར་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སེམས་ཅན་གཅིག་གི་ཡང་མའི་མཐའ་ལ་ཐུག་པ་མེད་པར་གསུངས་པ་དང༌། བཞི་བརྒྱ་བ་ལས། གང་ཚེ་འབྲས་བུ་གཅིག་གི་ཡང༌། །ཐོག་མའི་རྒྱུ་ནི་མི་སྣང་བ། །དེའི་ཚེ་གཅིག་ལ་ཡང་རྒྱས་པ། །མཐོང་ནས་གང་ལ་འཇིགས་མི་འགྱུར། །ཞེས་མ་བུ་གྲུ་གུ་འཛིངས་པ་ལྟ་བུ་དང༌། ཤིང་ཚང་ཚིང་འཁྲིགས་པ་ལྟ་བུར་གསུངས་པས། སེམས་ཅན་ཐམས་ཅད་རང་གི་མར་གྱུར་ཚུལ་དང༌། དེའི་ཚེ་དྲིན་གྱིས་བསྐྱངས་ཚུལ་རྣམས་ལེགས་པར་བསམ་སྟེ་ངེས་པ་མ་རྙེད་ཀྱི་བར་དུ་བསྒོམ་མོ། །དེ་ནས་དང་བོར་ཚེ་འདིའི་མ་ལ་བསམ་ན་སྐྱེ་མྱུར་བས། དེ་ཡང་དང་བོར་མངལ་དུ་ཡུན་རིང་བོར་བཟུང༌། ཕྱིར་བཙས་པའི་དུས་སུ་སྤུ་སེར་ཟིང་ངེ་བ་ཞིག་ཤའི་དྲོད་ལ་བཅར། སོར་མོ་བཅུའི་ཁ་ལ་གཡེང༌། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས། རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་ཕན་བདེ་གང་ཡིན་སྒྲུབ། གནོད་པ་དང་སྡུག་བསྔལ་སེལ་བར་བྱེད་པའི་ཚུལ་རྣམས་ལ་རྩེ་གཅིག་ཏུ་བསམ་སྟེ་བསྒོམས། དེ་ནས་ཕ་ལ་སོགས་པའི་མཛའ་བཤེས་གཞན་ལ་ཡང་མར་ཤེས་པར་བྱས་ལ་བསྒོམ། དེ་ནས་བར་མ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མཛའ་བཤེས་འདྲ་བའི་བློ་སྐྱེས་པ་ན་དགྲ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མ་དང་འདྲ་བའི་བློ་སྐྱེས་པ་ན་སེམས་ཅན་ཐམས་ཅད་ལ་མར་ཤེས་པ་སྔོན་དུ་བཏང་ལ། རིམ་གྱིས་རྒྱ་ཇེ་ཆེ་ཇེ་ཆེར་བཏང་ནས་བསྒོམ་མོ། །དེ་ལྟར་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་ཙམ་མ་གཏོགས་པ་བདག་གི་མ་དྲིན་ཅན་འདི་རྣམས་རྩིས་མེད་དུ་དོར་ནས། རང་ཉིད་འཁོར་བ་ལས་ཅི་ཐར་བྱེད་ན་དེ་ལས་ཁྲེལ་ཆུང་བ་མེད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁུངས་སུ་ཆུད་གྱུར་བ། །ཀླུང་གི་ནང་དུ་ལྟུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེ་ལྟར་མར་ཤེས་པ་དང་དྲིན་དྲན་པ་ལ་རྩེ་གཅིག་ཏུ་བསམ་སྟེ་སེམས་ཅན་ཐམས་ཅད་ཚེ་འདིའི་མ་བཞིན་དུ་ཡིད་འོང་གི་རྣམ་པ་ཅན་དུ་མཐོང་བ་ན། དེ་ཐམས་ཅད་ལ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང༌། སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་གཉིས་བསྒོམ་མོ། །དེས་ན་བྱམས་པ་ནི་དམིགས་པ་བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས། རྣམ་པ་བདེ་བ་དང་འཕྲད་ན་ཅི་མ་རུང༌། བདེ་བ་དང་འཕྲད་པར་གྱུར་ཅིག བདེ་བ་དང་འཕྲད་པར་བྱའོ་སྙམ་པའོ། །བྱམས་པ་བསྒོམ་པའི་ཕན་ཡོན་ལྷ་མི་བྱམས་པར་འགྱུར་བ་སོགས་བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་པར་གསུངས་སོ། །སྙིང་རྗེ་ནི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་ནས། སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། བྲལ་བར་གྱུར་ཅིག་སྙམ་པ་དང༌། བྲལ་བར་བྱའོ་སྙམ་པ་གང་རུང་ངོ། །སྙིང་རྗེ་སྐྱེས་པའི་ཚད་ནི། ལམ་རིམ་ཆུང་ངུ་ལས། བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་བ་ལ། མ་དེར་སྙིང་རྗེ་ཅི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེས་པ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ཞེས་གསུངས། ཐེག་ཆེན་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་དབུ་མ་འཇུག་པ་ལས་གསུངས་ལ། མདོ་ལས་ཀྱང༌། ཆོས་གཅིག་ལག་མཐིལ་དུ་མཆིས་ན་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །གཅིག་པོ་གང་ཞེ་ན། སྙིང་རྗེའོ། །ཞེས་སོ། །སྙིང་རྗེ་ཆེན་པོ་ནི་ཉན་རང་ལ་ཡང་ཡོད་པར་གསུངས་ལ། གཞན་དོན་ཁུར་དུ་འཁྱེར་བའི་སྙིང་རྗེ་ནི་མེད་དེ། དེ་ལ་ཚོང་ཐག་བཅད་པ་ལྟ་བུར་དགོས་པ་འཇམ་དཔལ་ཞལ་ལུང་ལས་གསུངས། སྙིང་རྗེ་དེ་རྒྱུད་ལ་སྐྱེས་པ་ན་དྲུག་པ་ལྷག་བསམ་ཐོབ་པ་ཡིན་ལ། ལྷག་བསམ་ལ་སྙིང་རྗེ་ལྷག་བསམ་དང་བྱམས་པ་ལྷག་བསམ་གཉིས་ཡོད། དེ་ལྟར་སྔར་བཤད་པ་རྣམས་དང་མདོ་ལས་གསུངས་པའི་བྱམས་སེམས་བཅུ་སོགས་བྱམས་སྙིང་རྗེའི་ལམ་རྣམས་རྒྱུན་ལྡན་དུ་བསྒོམ་པས་ཉན་རང་གི་བསམ་པ་ལས་ལྷག་པའི་གཞན་དོན་ཁུར་ཁྱེར་གྱི་བྱམས་སྙིང་རྗེའི་རྟོགས་པ་ཀློང་དུ་གྱུར་བ་ན། སྔར་སྐྱབས་འགྲོའི་སྐབས་སུ་བཤད་པ་ལྟར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་རྣམས་བསམ་པའི་སྒོ་ནས་ཐོག་མར་དད་པ་ཅི་འཕེལ་བྱ། དེ་ནས་དད་པས་འདུན་པའི་རྟེན་བྱེད་པའི་ཡོན་ཏན་དེ་དག་ལ་སྙིང་ཐག་པ་ནས་ཐོབ་འདོད་བསྐྱེད་དེ། རང་དོན་ཐོབ་པ་ལ་ཡང་རྣམ་མཁྱེན་ཐོབ་པ་མེད་དུ་མི་རུང་བ་ལ་ངེས་པ་དྲངས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཐོབ་པར་འདོད་པའི་རྣམ་པ་ཅན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་དང༌། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དུས་མཉམ་ཡིན་ལ། དེ་ལ་སྨོན་སེམས་དང༌། འཇུག་སེམས་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་ལྟར་སྤྱོད་པ་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་མ་ཟིན་གྱི་སྒོ་ནས་འཇོག་པར་གསུངས་ལ། ལམ་རིམ་ལས། སྡོམ་པ་བཟུང་མ་བཟུང་ལ་གསུངས་སོ། །

གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱོང་བ་ལ་གསུམ་ལས། དང་བོ་བདག་གཞན་བརྗེས་པ་དང་མ་བརྗེས་པའི་ཕན་ཡོན་དང་ཉེས་དམིགས་བསམ་པ་ནི། སྤྱོད་འཇུག་ལས། བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་སོགས་ལྟར་རང་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ་དང༌། གཞན་གཅེས་འཛིན་ཕུན་ཚོགས་ཀུན་གྱི་གནས་སུ་བསམ་པའོ། །གཉིས་པ་སེམས་དེ་བསྐྱེད་ནུས་སུ་བསྟན་པ་ནི། སྔར་རང་ལ་དགྲ་བྱེད་པ་མིང་ཐོས་ན་འཇིགས་པ་སྐྱེ་བ་ཞིག་ཕྱིས་མཐུན་པར་བྱས་ནས་མཛའ་བ་ན། དེ་མེད་ན་མི་དགའ་བ་ཆེན་པོ་སྐྱེ་བ་ལྟར། བདག་ལ་གཞན་བཞིན་དང༌། གཞན་ལ་བདག་བཞིན་དུ་བལྟ་བ་ཡང་གོམས་ན་སྐྱེ་སྟེ། དེ་ཉིད་ལས། དཀའ་ལས་ཕྱིར་བཟློག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང༌། །དེ་ཉིད་མེད་ན་མི་དགའ་འགྱུར། །ཞེས་སོ། །གཞན་གྱི་ལུས་བདག་གི་ལུས་མིན་པས་རང་གི་བློ་འདྲ་བ་ཇི་ལྟར་བསྐྱེད་དུ་རུང་སྙམ་ན། ལུས་འདི་ཡང་ཕ་མའི་ཁུ་ཁྲག་ལས་གྲུབ་པས་གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཡང༌། ངར་འཛིན་སྐྱེ་བ་ལྟར་གཞན་ལུས་ལ་ཡང་རང་གི་ལུས་བཞིན་གཅེས་འཛིན་གོམས་ན་སྐྱེ་སྟེ། དེ་ཉིད་ལས། དེ་བས་ཇི་ལྟར་གཞན་དག་གི །ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས། །ཞེས་སོ། །གསུམ་པ་ལ་གེགས་བསལ་བ་དང༌། བསྒོམ་ཚུལ་དངོས་སོ། །དང་བོ་ནི། བདག་གཞན་བརྗེ་ཞེས་པ་ཡང་བདག་ལ་གཞན་ནོ་སྙམ་པ་དང༌། གཞན་ལ་ངའོ་སྙམ་པའི་བློ་སྦྱོང་བ་མིན་གྱི། གཞན་ལ་རང་ལྟར་གཅེས་པར་འཛིན་ཀྱང༌། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྦྱོང་བའོ། །དེ་ཡང་གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་བསྐྱེད་དེ། བདག་གི་བདེ་དགེ་གཞན་ལ་གཏོང་བ་ལ་མི་ཆགས་ཤིང༌། གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པ་ལ་ཡང་མི་སྐྱོ་ཞིང་དང་དུ་ལེན་པའི་བློ་བསྐྱེད་པའོ། །དེ་ལྟར་བློ་སྦྱོང་བའི་གེགས་བདེ་སྡུག་གི་རྟེན་བདག་གཞན་གཉིས་སྔོ་སེར་ལྟར་སོ་སོ་བར་རིས་སུ་བཅད་ནས་གྲུབ་པར་འཛིན་ཅིང༌། དེ་ནས་དེ་ལ་བརྟེན་པའི་བདེ་སྡུག་ལ་ཡང༌། འདི་ནི་ངའི་ཡིན་པས་བསྒྲུབ་པའམ་བསལ་བར་བྱའོ། །འདི་ནི་གཞན་གྱི་ཡིན་པས་སྙམ་ནས་ཡལ་བར་འདོར་བས། དེའི་གཉེན་པོར་བདག་གཞན་ངོ་བོ་ཉིད་ཀྱིས་སོ་སོར་རིས་སུ་ཆད་པ་མེད་དེ། ཕན་ཚུན་བལྟོས་ནས་བདག་ལ་གཞན་གྱི་བློ་སྐྱེ་ལ་གཞན་ལ་ཡང་བདག་གི་བློ་སྐྱེ་བའི་ཕྱིར་ཏེ། ཕ་རི་ཚུ་རི་བཞིན་ནོ། །དེ་ལྟར་ཡང་བསླབ་བཏུས་ལས། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །བདག་དང་གཞན་ཉིད་བལྟོས་པ་སྟེ། །ཕ་རོལ་ཚུ་རོལ་ཇི་བཞིན་རྫུན། །ངོགས་དེ་རང་གི་ཕ་རོལ་མིན། །གང་ལ་བལྟོས་ནས་ཚུ་རོལ་འགྱུར། །བདག་ཉིད་རང་གིས་མ་གྲུབ་ན། །གང་ལ་བལྟོས་ཏེ་གཞན་དུ་འགྱུར། །ཞེས་བལྟོས་ས་ལ་བལྟོས་ནས་བཞག་པ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མེད་པར་གསུངས་སོ། །ད་ནི་དེ་ལྟར་ཤེས་པར་བྱས་ལ་དགྲའི་མཆོག་རང་གཅེས་འཛིན་འདི་དྲན་ཤེས་བསྟེན་ནས་འབད་པ་དུ་མས་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་རྒྱུན་མཐུད་དུ་མི་གཞུག་གོ་སྙམ་པའི་ངེས་པ་བརྟན་པར་བྱས་ནས། ལན་དུ་མར་གོམས་པར་བྱེད་པ་དང༌། གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས་སྤྲོ་ཤུགས་བསྐྱེད་དེ་བསྒོམ་དགོས་སོ། །བདག་གཞན་མཉམ་བརྗེ་བསྒོམ་པའི་བློ་སྟོབས་ཆེ་ན་གཞན་གྱི་སྡུག་བསྔལ་རང་སྟེང་དུ་མངོན་སུམ་དུ་ལེན་རྒྱུ་ཡོད་པ་ལྟ་བུ་ཡིན་པ་ནི། སྔོན་ལྷ་སའི་ཁྲོམ་ནས་མི་འགའ་ཞིག་གིས་ཁྱི་ཞིག་ལ་དབྱུག་ཤད་ཐེན་ནས་ཁྱི་དེ་ས་ལ་འགྱེལ་ཡང་ཡར་ལངས་ཡང་ས་ལ་འགྱེལ་བ་སོགས་བྱས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གཟིགས་པས་སྙིང་རྗེས་མ་བཟོད་པར་བདག་གཞན་མཉམ་བརྗེ་བསྒོམ་པས། ཁྱི་དེ་དེ་མ་ཐག་ལངས་ནས་བྲོས་སོང་བ་དང༌། ཁོང་གིས་སྐུ་རྒྱབ་ན་ནས་གཞན་ལ་བལྟ་རུ་བཅུག་པའི་ཚེ་སྐུ་རྒྱབ་ལ་དབྱུག་པའི་རྗེས་བབས་པ་མངོན་སུམ་དུ་མཐོང་བའི་རྣམ་ཐར་ལྟར་ཡིན་ནོ། །བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་ཡིན་པས་སེམས་བསྐྱེད་ཀྱི་སྔོན་དུ་འགྲོ་དགོས་པ་ལྟ་བུ་ཡིན་ཀྱང༌། ཡོངས་འཛིན་རིན་པོ་ཆེས། གསང་བའི་དམ་པ་སྦྱད་པར་བྱ། །ཞེས་པ་བདག་གཞན་མཉམ་བརྗེ་བྱང་སེམས་དབང་རྟུལ་ལ་ཡང་གསང་དགོས་བའི་དོན་ཡིན་གསུངས་ལ། ནག་མཆན་ལས་ཀྱང༌། བདག་གཞན་མཉམ་པ་དངོས་སུ་མ་ཐོབ་བར་དུ་མེད་པར་གསུངས་འདུག་ཀྱང༌། ཀུན་མཁྱེན་འཇིགས་མེད་དབང་བོས། ངས་བསམ་ན་བྱང་སེམས་ལ་བདག་གཞན་མཉམ་པའི་བསམ་པ་རྒྱུད་ལ་སྐྱེས་པའི་ཁྱབ་སྙམ་གསུངས།

གཉིས་པ་སེམས་བསྐྱེད་སྐྱེས་པའི་ཚད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་དོན་གཉེར་གྱི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་ཚེ། ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་ཡིན་ནོ། །གསུམ་པ་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་བོ་ལ་གསུམ། གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་བའི་ཆོ་གའོ། །དང་བོ་ནི། འཇུག་སྡོམ་དང་ལྡན་པ་དགོས་པར་གོང་མ་རྣམས་བཞེད་དོ། །གཉིས་པ་ནི། ལམ་རིམ་ལ་བློ་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་ཉམས་མྱོང་ཅུང་ཟད་རྙེད་པ་ཞིག་ལ་བྱེད་པ་ལམ་རིམ་ལས་གསུངས་སོ། །གསུམ་པ་ལ་གསུམ། སྦྱོར་བའི་ཆོ་ག དངོས་གཞིའི་ཆོ་ག མཇུག་གི་ཆོ་གའོ། །དང་བོ་ལ་གསུམ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། ཚོགས་བསགས་པ། བསམ་པ་སྦྱངས་པའོ། །དང་བོ་ལ་གསུམ། གནས་བརྒྱན་ཅིང་རྟེན་བཀྲམ་ནས་མཆོད་རྫས་བཤམས་པ། གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ། །དང་བོ་ནི། ས་ཕྱོགས་བྱི་དོར་བྱས། བ་བྱུང་དང་དྲི་ཆུ་ཕུལ་དུ་བྱུང་བས་བྱུགས་པ། དྲི་ཞིམ་པའི་མེ་ཏོག་གཏོར་ལ། དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་འབྱོར་དང༌། སྟོན་པའི་སྐུ་རབ་གནས་ཅན་ཞིག་མེད་ཐབས་མེད། གླེགས་བམ་ཡང་སྡུད་པ་ཡན་ཤེར་ཕྱིན་ལ་བྱ་གསུངས། རྟེན་རྣམས་ཁྲིའམ་སྟེགས་བུ་བཟང་བོ་ལ་བཞུགས་སུ་གཞུག བླ་རེ་དང་མེ་ཏོག་སོགས་མཆོད་པའི་ཡོད་བྱད་ཡོད་ན་བློར་མི་ཤོང་ཙམ་དང༌། མེད་ན་རས་ཀྱི་ཁ་ཚར་ཕུལ་བ་སོགས་ཀྱིས་ཀྱང་འགྲུབ་པར་གསུངས་པས་དེ་དག་སྟ་གོན་བྱ། དགེ་བའི་བཤེས་གཉེན་བཞུགས་པའི་གདན་ཁྲི་མེ་ཏོག་གིས་བརྒྱན་པ་ཡང་བཤམ་མོ། །དེ་ནས་འཕགས་པའི་ཚོགས་སྤྱན་དྲངས། དེ་ནས་སློབ་མར་ཁྲུས་བྱས། གོས་བཟང་བོ་བགོས། ཐལ་མོ་སྦྱར་བ་ལ་བླ་མས་ཚོགས་ཞིང་རྣམས་ཀྱི་ཡོན་ཏན་ལ་དད་པ་བསྐྱེད་དུ་བཅུག་ལ། སངས་རྒྱས་བྱང་སེམས་རེ་རེའི་མདུན་ན་རང་ཉིད་འདུག་པར་བསམ་ནས། དལ་བུས་ཡན་ལག་བདུན་པ་བྱེད་དུ་གཞུག་གོ །གཉིས་པ་ནི། བླ་མ་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ། ཕྱག་འཚལ་ཏེ་ཡོན་དང་མཎྜལ་ཕུལ་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་ཀྱི་སེམས་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་བོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་ཞེས་བགྱི་བ་ཡང༌། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་པ་ལན་གསུམ་གྱི་བར་དུ་བརྗོད་དོ། །དེ་ནས་སངས་རྒྱས་ལ་སྐྱབས་སྟོན་པ་བོ་དང༌། ཆོས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞུ་སྙམ་པའི་བསམ་པ་དེ་ལས་དུས་ཐམས་ཅད་དུ་མི་ལྡོག་པར་བྱའོ་སྙམ་པའི་འདུན་པ་ཤུགས་དྲག་བྱས་ལ། སྤྱོད་ལམ་སྔར་དང་འདྲ་བས་སྐྱབས་འགྲོ་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་བོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་བརྗོད་དོ། །དཀོན་མཆོག་རེ་རེའི་སྐྱབས་འགྲོ་ལ་དགོངས་གསོལ་རེ་རེ་དགོས་གསུངས། གསུམ་པ་ནི། སྐྱབས་འགྲོའི་བསླབ་བྱ་རྣམས་སློབ་དཔོན་གྱིས་སློབ་མ་རྣམས་ལ་བརྗོད་པར་བྱའོ། །གཉིས་པ་ནི། དངོས་བརྒྱུད་ཀྱི་བླ་མ་རྣམས་དང༌། ཚོགས་ཞིང་གི་སྤྱན་སྔར་ཡན་ལག་བདུན་པ་སྔར་བཞིན་བྱའོ། །གསུམ་པ་ནི། བྱམས་སྙིང་རྗེའི་དམིགས་རྣམ་གསལ་གདབ་པོ། །གཉིས་པ་ནི། སློབ་དཔོན་གྱི་མདུན་དུ་སྤྱོད་ལམ་སྔར་བཞིན་འདུག་ལ། ཐལ་མོ་སྦྱར་ནས་སེམས་བསྐྱེད་པར་བྱའོ། །དེ་ཡང་སྨོན་སེམས་ཀྱིས་བསླབ་བྱ་ལ་སློབ་མི་ནུས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པའི་སྨོན་སེམས་ཙམ་ཆོ་གས་བསྐྱེད་རུང་ལ། སྦྱིན་སོགས་ཀྱི་བསླབ་བྱ་ལ་སློབ་མི་ནུས་ན་འཇུག་སེམས་ཆོ་གས་ལེན་པ་མི་རུང་བར་གསུངས་སོ། །སེམས་བསྐྱེད་གཟུང་བའི་ཆོ་ག་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོང་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང༌། སྐྱེ་བ་གཞན་དང་གཞན་དག་ཏུ། སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་ད་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བྱའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ།  །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་པ་ལན་གསུམ་དུ་བརྗོད་དོ། །སྐྱབས་འགྲོའི་ཆོ་ག་དང་འདི་གཉིས་ལ་སློབ་དཔོན་གྱི་རྗེས་སུ་བཟླས་དགོས་པར་གསུངས་སོ། །སློབ་དཔོན་མ་རྙེད་ན་ཇི་ལྟར་བྱ་བ་ནི། སེམས་བསྐྱེད་ཀྱི་ཆོ་ག་ཇོ་བོས་མཛད་པ་ལས། དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམ་སྟེ། ཕྱག་འཚལ་བ་དང༌། མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་གདབ་པ་དང་སློབ་དཔོན་ཞེས་བྱ་བ་བའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམ་སྔ་མ་བཞིན་བྱའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱའོ། །གཉིས་པ་ཐོབ་པ་མི་ཉམས་པ་བསྲུང་བ་ལ། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ། སྐྱེ་བ་གཞན་དུ་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ་དང༌། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ་པ་སོགས་ལས། ཕན་ཡོན་ནི། དཔལ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ཡི་ལྷག་པར་འགྱུར། །ཞེས་དང༌། ཇོ་བོ་ཆེན་པོས་རྡོ་རྗེ་གདན་ལ་སྐོར་བ་མཛད་ནས། ཇི་ལྟར་བྱས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་འཐོབ་དགོངས་པར། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་རྣམས་ལ་མྱུར་དུ་འཚང་རྒྱ་བར་འདོད་པས། ང་ལ་བསླབ་པར་བྱ། ཞེས་དྲིས་པ་ན་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་པ་དང༌། གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་བུད་མེད་རྒན་བ་ཞིག་ལ། གཞོན་པ་ཞིག་གི་དྲིས་པ་ལ་ཡང་ལན་སྔར་ལྟར་མཛད་ཅིང༌། སྤྱོད་འཇུག་ལས་ཀྱང༌། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡིས། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་སོ། །སེམས་བསྐྱེད་དངོས་འཕེལ་བའི་ཆེད་དུ་ཚོགས་ཞིང་གསལ་བཏབ་ལ་མཆོད་པ་ཕུལ་ནས། བྱམས་པ་དང་སྙིང་རྗེ་སོགས་སྦྱངས་ཏེ། ལན་དྲུག་ཏུ་གཟུང་བར་བྱའོ། །དེའི་ཆོ་ག་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག ཅེས་པ་སྟེ་ལན་གསུམ་གསུམ་མོ། །བཞི་བ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི། སྨོན་སེམས་གཏོང་བ་དང༌། སེམས་ཅན་བློས་མི་གཏོང་བ་གཉིས་མ་གཏོགས་པའི་བསླབ་བྱ་རྣམས་དང་འགལ་ན། སྟོབས་བཞིས་བཤགས་པར་བྱའོ། །སྨོན་སེམས་ཀྱི་མི་མཐུན་ཕྱོགས་ནག་པོའི་ཆོས་བཞི་ནི། མཁན་སློབ་སོགས་ལ་ཤེས་བཞིན་དུ་རྫུན་གྱིས་དབུ་བསྐོར་བ། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་དུ་གཞུག་པ། བྱང་སེམས་ལ་དོན་གནས་ཀྱི་བསྔགས་པ་མི་བརྗོད་པ། གཡོ་སྒྱུའི་བྱ་བ་ཉེ་བར་སྤྱོད་པའོ། །དཀར་ཆོས་བཞི་ནི། སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་དུ་ཤེས་བཞིན་དུ་རྫུན་མི་སྨྲ་བ། གཡོ་སྒྱུ་མེད་པར་ལྷག་བསམ་དྲང་བོ་ལ་གནས་པ། བྱང་སེམས་ཀྱི་དོན་གནས་ཀྱི་བསྔགས་པ་བརྗོད་པ། རང་གིས་གདུལ་བྱའི་སེམས་ཅན་ཐེག་ཆེན་དུ་གཞུག་པ་དང་བཞིའོ། །གསུམ་པ་ནི། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན། ཐབས་ཤེས་རེ་རེ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ། བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ། །དང་བོ་ནི། དེ་ལྟར་སྨོན་སེམས་བསྐྱེད་ནས་སྦྱིན་སོགས་ཀྱི་བསླབ་བྱ་ལ་མི་སློབ་པ་དེ་ཡང་ཕན་ཡོན་ཆེ་ཡང༌། བསླབ་པ་ལ་མ་བསླབ་ན་འཚང་རྒྱ་བ་མི་སྲིད་པས། སྦྱིན་སོགས་ཀྱི་བསླབ་བྱ་ལ་ངེས་པར་བསླབ་དགོས་ཏེ། ཏིང་ངེ་འཛིན་རྒྱལ་བོ་ལས། དེ་བས་ན་སྒྲུབ་པ་སྙིང་བོར་བྱའོ། །ཞེས་སོགས་གསུངས་སོ། །

གཉིས་པ་ནི། རྒྱ་ནག་ཧྭ་ཤང་ལ་སོགས་པ་ཁ་ཅིག་ན་རེ། རྣམ་རྟོག་ཡིན་ཕྱིན་ཆད་ངན་རྟོག་ཡིན་ན་ལྟ་ཅི་སྨོས་ཏེ། བཟང་རྟོག་ཡིན་ན་ཡང་འཁོར་བར་འཆིང་བས། དེའི་འབྲས་བུ་འཁོར་བ་ལས་མི་འདའ་སྟེ་ཁྱི་དཀར་ནག་གང་གིས་ཕུག་ཀྱང་སྡུག་བསྔལ་བསྐྱེད་པ་དང་འདྲའོ། །དེས་ན་ཅིར་ཡང་མི་རྟོག་པར་བཞག་པ་ཉིད་འཚང་རྒྱ་བའི་ལམ་ཡིན་པར་འདོད་ལ། དེའི་ཤེས་བྱེད་དུ་ཚངས་པས་ཞུས་པ་ལས། སྤྱོད་པ་ཇི་སྙེད་པ་དེ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་པོ། །ཞེས་སོགས་མདོ་ལུང་བརྒྱད་ཅུ་དྲངས་ནས་བསྒྲུབ་པར་གསུངས་ལ། འདིས་ནི་ཐབས་ཀྱི་ཆ་ཐམས་ཅད་སངས་རྒྱས་ཀྱི་ལམ་རྣལ་མ་མིན་ནོ། །ཞེས་སྐུར་བ་ཆེན་པོ་བཏབ་ཅིང༌། བསྟན་པའི་སྙིང་བོ་བདག་མེད་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱོད་པ་བཀག་པས། དོན་དམ་པའི་ཚུལ་རྒྱང་རིང་དུ་སྤངས་པ་འདི་ནི། ཀ་མ་ལ་ཤཱི་ལས། ལུང་རིགས་དྲི་མ་མེད་པས་ལེགས་པར་བཀག་ནས་རྒྱལ་བ་དགྱེས་པའི་ལམ་བཟང་རྒྱས་པར་མཛད་དོ། །ཧྭ་ཤང་རྗེས་འབྲང་དང་བཅས་པའི་འདོད་པ། གཙུག་ན་རིན་པོ་ཆེའི་མདོ་དང༌། རྣམ་པར་འཐག་པ་བསྡུས་པའི་མདོ། ས་བཅུ་བའི་མདོ། མདོ་སྡེ་དགོངས་འགྲེལ་སོགས་དང་དངོས་སུ་འགལ་བ་ལམ་རིམ་ཆེན་མོར་མདོ་དེ་དག་གི་ཚིག་དངོས་སུ་དྲངས་ནས་ཆེས་རྒྱས་པར་གསུངས་ལ། གུང་ཐང་འཇམ་པའི་དབྱངས་ཀྱིས། ལམ་རིམ་ཆེན་མོར་དྲངས་པའི་རྣམ་པར་འཐག་པར་བསྡུས་པའི་མདོའི་ཚིག་འདིས་ཧྭ་ཤང་གི་མིང་སྨོས་པ་ཙམ་ལས། ཞེས་གསུངས་པར་ལམ་རིམ་ཟིན་བྲིས་ལས་གསུངས། དེ་ལྟར་ལམ་ནོར་བ་དང་ཐབས་ཤེས་ཡ་བྲལ་བས་འཚང་མི་རྒྱ་བ་ནི། ལམ་ནོར་བ་ལ་ཅི་ཙམ་བསླབ་ཀྱང་འབྲས་བུ་མི་འབྱུང་བ་འོ་མ་བཞོ་བར་འདོད་པས་རྭ་ལ་འཐེན་པ་དང་འདྲ་བར་གསུངས་ལ། ཐབས་ཤེས་ཆ་མ་ཚང་ན་འབྲས་བུ་མི་འབྱུང་བ་ཡང་རྒྱུའི་ཚོགས་པ་མ་ཚང་ན་འབྲས་བུ་མི་འབྱུང་བ་དང་འདྲ་བར་སྒོམ་རིམ་ལས་གསུངས་ལ། མདོ་ལས་ཀྱང༌། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་བའོ། །ཞེས་སོགས་གསུངས་སོ། །

གསུམ་པ་ལ་གཉིས། ཐེག་ཆེན་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལོ། །དང་བོ་ལ། རྒྱལ་སྲས་ཀྱི་བསླབ་པ་ལ་སློབ་འདོད་སྦྱངས་པ་དང༌། སྦྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་བཟུང་བ། བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ། །དང་བོ་ནི། བསླབ་བྱ་རྣམས་ཤེས་པར་བྱས་ཏེ་ཡིད་ཡུལ་དུ་བྱས་ནས། སློབ་འདོད་སྦྱངས་ཏེ་སྡོམ་པ་བླངས་ན་ཤིན་ཏུ་བརྟན་པས། དེ་ལྟར་བྱའོ། །གཉིས་པ་ནི། དང་བོར་སྡོམ་པ་ཇི་ལྟར་ལེན་ལུགས་དང༌། དེ་མ་ཐག་ནས་རྩ་ལྟུང་དང༌། ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་ཚུལ་དང༌། ཉམས་ན་ཕྱིར་བཅོས་ལུགས་རྣམས་རྒྱས་པར་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་བཞུགས་པས་དེ་ཉིད་ལ་བལྟའོ། །གསུམ་པ་ལ་གསུམ། གང་ལ་བསླབ་པའི་གཞི། དེར་བསླབ་པ་རྣམས་འདུ་ཚུལ། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །དང་བོ་ནི། གསལ་བའི་དབྱེ་བ་མཐའ་ཡས་ཀྱང༌། རིགས་བསྡུ་ན་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་ཕྱིན་དྲུག་གི་ནང་དུ་འདུ་བར་གསུངས་སོ། །གཉིས་པ་ལ། མངོན་མཐོ་ལ་བལྟོས་པའི་གྲངས་ངེས་སོགས་མདོ་སྡེ་རྒྱན་ལས་གསུངས་པ་རྣམས་ལམ་རིམ་ལས་ཤེས་པར་བྱའོ། །ཞར་བྱུང་གོ་རིམ་ངེས་པའི་རིམ་པ་ལ། སྐྱེ་བའི་རིམ་པ། དམན་མཆོག་གི་རིམ་པ། ཕྲ་རགས་ཀྱི་རིམ་པ་དང་གསུམ་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་པ་ལྟར་གོ་སླའོ། །

གསུམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལོ། །དང་བོ་ལ་གཉིས། རང་གིས་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན་དང༌། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞི་ལ་བསླབ་པའོ། །དང་བོ་ལ་དྲུག སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་བསླབ་ཚུལ་ལོ། །དང་བོ་ལ་གསུམ། སྦྱིན་པའི་ངོ་བོ། རབ་དབྱེ། རྒྱུད་ལ་བསྐྱེད་ཚུལ་དང་གསུམ། དང་བོ་ནི། གཏོང་བའི་སེམས་པ་དེ། སྦྱིན་པའི་ངོ་བོ་དང༌། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་གཉིས་ཀྱང་འཇོག ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། སྦྱིནཔའི་ཕར་ཕྱིན་གྱི་དོན་ཡིན་ལ། ཆོས་བཞི་ནི། ཆགས་པ་བདུན་གང་རུང་དང་སེར་སྣ་ཅི་རིགས་ཉམས་པ་དང༌། སྟོང་ཉིད་རྟོགས་པ་དང༌། གཞན་གྱི་རེ་བ་རྫོགས་པ་དང༌། སྦྱིན་པས་བསྡུས་ནས་ཐེག་པ་གསུམ་གང་རུང་དུ་སྨིན་པར་བྱེད་པ་དང་བཞི་ཡིན་ལ། དེ་ལྟར་དུ་མདོ་སྡེ་རྒྱན་ལས། སྦྱིན་པའི་མི་མཐུན་ཕྱོགས་ཉམས་དང༌། །ཞེས་སོགས་གསུངས་སོ། །སྦྱིན་པའི་ཕར་ཕྱིན་རྫོགས་པ་ནི་སྦྱིན་བྱའི་རྫས་གཞན་ལ་བཏང་བས་འགྲོ་བའི་དབུལ་བ་བོར་བ་ལ་མི་བལྟོས་ཀྱི། སེར་སྣའི་འཛིན་པ་བཅོམ་ནས་སྦྱིན་པ་བཏང་བའི་འབྲས་བུ་དང་བཅས་པ་གཞན་ལ་གཏོང་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་ལས་སྦྱིན་པའི་ཕར་ཕྱིན་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་བོ་ཆོས་ཀྱི་སྦྱིན་པ་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པ་གཞན་ལ་སྟོན་པ་དང༌། ཁ་ན་མ་ཐོ་བ་མེད་པའི་འཇིག་རྟེན་པའི་བཟོ་ལ་སོགས་པ་སྟོན་པ་དང༌། བསླབ་པའི་གཞི་འཛིན་དུ་འཇུག་པ་སོགས་སོ། །མི་འཇིགས་པའི་སྦྱིན་པ་ནི། གཞན་འཇིགས་པ་ལས་སྐྱོབ་པའོ། །གསུམ་པ་ཟང་ཟིང་གི་སྦྱིན་པ་ནི། ཟང་ཟིང་གཞན་ལ་གཏོང་བའོ། །དེ་ཡང་བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་ལས་ཟང་ཟིང་གི་སྦྱིན་པ་མི་བྱ་བར་བྱང་སེམས་ཀྱི་སོ་ཐར་ལས་གསུངས་ཤིང༌། ཤ་ར་བའི་ཞལ་ནས་ཀྱང༌། ང་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་ཞེས་རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབ་ནས་སྦྱིན་གཏོང་བྱེད་མི་རིགས་པར་གསུངས་སོ། །གསུམ་པ་ནི། གཏོང་སེམས་ལ་མ་གོམས་པར་ལུས་ལོངས་སྤྱོད་ལ་ཆགས་ཞེན་གྱི་སེར་སྣ་དང་བྲལ་བ་ཙམ་གྱིས་སྦྱིན་པའི་ཕར་ཕྱིན་དུ་མི་འགྱུར་ཏེ། སེར་སྣ་ས་བོན་དང་བཅས་པ་རྩ་བ་ནས་སྤངས་པ་ཐེག་དམན་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་ལུས་ལོངས་སྤྱོད་མི་རྟག་པ་དང་བདག་མེད་པ་རྫུན་པ་སྒྱུ་མ་ལྟ་བུར་བལྟས་ནས་གཏོང་སེམས་མ་སྦྱངས་ན་ལུས་སྲོག་མ་ཟད་ལོངས་སྤྱོད་ཀྱང་གཏོང་མི་ཕོད་མོད། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལ་ཆགས་ཞེན་བཀག་ནས་གཞན་ལ་གཏོང་སེམས་ཡང་ཡང་སྦྱངས་ཏེ་ཡོངས་སུ་གོམས་པས་སྦྱིན་པའི་འཁོར་གསུམ་ག་རང་བཞིན་གྱིས་མི་དམིགས་པའི་རྫུན་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཐོང་ཚེ། ཕྱིའི་དངོས་པོ་ལྟ་ཅི་རང་གི་ལུས་སྲོག་གཏོང་བ་ལ་ཡང་ཆགས་ཞེན་དང་ཞུམ་པ་མི་མངའ་ཞིང༌། ཐུགས་ཤིན་ཏུ་གུས་པ་དང་ལྡན་པས་གཏོང་བའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུ་ཡང་གྱུར། །ཞེས་དང༌། སྡུད་པ་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེའི་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར། སྦྱིན་པ་གཏོང་བ་ལ་ཡང་དེ་ཚེ་ཉན་རང་གི་ཡིད་བྱེད་སྡོམ་པའི་ཚུལ་ཁྲིམས་ནས་སྦྱིན་བྱ་སྦྱིན་བྱེད་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་སྟེ་ཕར་ཕྱིན་དྲུག་ལྡན་དུ་བྱེད་པ་དགོས་སོ། །

གཉིས་པ་ལ་གསུམ། ཚུལ་ཁྲིམས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་དང་གསུམ། དང་བོ་ནི། གཞན་གནོད་གཞི་དང་བཅས་པ་ལས་ཡིད་ཕྱིར་ལྡོག་པའི་སྤོང་བའི་སེམས་པ་དེ། ཚུལ་ཁྲིམས་ཀྱི་ངོ་བོ་དང༌། ཆོས་བཞི་ལྡན་གྱི་སྤོང་བའི་སེམས་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དོན་ཡིན། ཆོས་བཞི་ནི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཅི་རིགས་ཉམས་པ་སོགས་བཞིའོ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཞེས་པ་ཡང་ཕྱིའི་ཡུལ་ལ་མི་བལྟོས་པར་ནང་གི་སྤོང་སེམས་ཡོངས་སུ་གོམས་པས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཏུ་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་བོ་སྡོམ་པའི་ཚུལ་ཁྲིམས་ནི། ལམ་རིམ་ཆུང་ངུ་ལས། སྡོམ་པའི་ཚུལ་ཁྲིམས་ནི། ཀུན་སློང་དང་བཅས་པའི་དབང་དུ་བྱས་ན་མི་དགེ་བ་བཅུ་སྤོང་བའི་སྤོང་བ་བཅུ་ཡིན་ལ། རང་གི་ངོ་བོའི་དབང་དུ་བྱས་ན་ལུས་ངག་གི་བདུན་སྤོང་བས་སྤོང་བདུན་ནོ། །ཞེས་པ་ལྟར་རོ། །བྱང་ས་ལས། བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིགས་བདུན་ལ་གསུངས་ཀྱང༌། དེའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དེ། བྱང་སྡོམ་དངོས་མིན་ནོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཕྱིན་དྲུག་ལ་སོགས་པའི་དགེ་བ་རྣམས་རང་རྒྱུད་ལ་མ་སྐྱེས་པ་དེ་བསྐྱེད་ཅིང་སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བར་བྱེད་པའི་ཚུལ་ཁྲིམས་ཏེ་དེ་ཡིན་ནོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་སྒོ་ནས་སེམས་ཅན་གྱི་འདི་ཕྱིའི་ཕན་བདེ་བསྒྲུབ་པའོ། །གསུམ་པ་རྒྱུད་ལ་བསྐྱེད་ཚུལ་ནི། ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང༌། མ་བསྲུང་བའི་ཉེས་དམིགས་ལེགས་པར་བསམ་སྟེ་བསྲུང་འདོད་ཤུགས་དྲག་སྐྱེ་བ་ལ་རག་ལས་པས། དེས་ན་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ནི། མདོ་སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་ལྟར་རོ། །མ་བསྲུང་བའི་ཉེས་དམིགས་ནི། ཉེས་བྱས་ཕྲ་མོ་ཙམ་དང་འགལ་ནའང་རྣམ་སྨིན་ཤིན་ཏུ་ལྕི་བ་ནི་ཨེ་ལའི་འདབ་ཀླུའི་བྱུང་བ་བཞིན་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང༌། མ་བསྲུང་བའི་ཉེས་དམིགས་ལེགས་པར་བསམ་སྟེ་རང་གི་སྲོག་གི་ཕྱིར་དུ་ཡང་སྡོམ་གསུམ་གྱི་བཅས་མཚམས་ལས་མི་འདའ་བའི་སྡོམ་སེམས་དང༌། རང་བཞིན་གྱི་ཡང་ཁ་ན་མ་ཐོ་བ་ཉེས་དམིགས་ཤིན་ཏུ་ཆེ་བའི་གནད་བསྡུས་པ་ནི་མི་དགེ་བ་བཅུ་ཡིན་པས་དེ་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བའི་སྡོམ་སེམས་ལ་ཡང་དང་ཡང་དུ་འབད་པར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། མཐོ་རིས་ཐར་བའི་བདེ་ལམ་གྱུར་བ་སྟེ། །ལས་ལམ་བཅུ་བོ་འདི་ལས་ཉམས་མི་བྱ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ལ་གསུམ། བཟོད་པའི་ངོ་བོ། རབ་དབྱེ། རྒྱུད་ལ་བསྐྱེད་ཚུལ་ལོ། །དང་བོ་ནི། མི་འཁྲུག་པའི་དགེ་རྩ་དེ། བཟོད་པའི་ངོ་བོ་དང༌། ཆོས་བཞི་ལྡན་གྱི་མི་འཁྲུག་བའི་དགེ་རྩའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བཟོད་པའི་ཕར་ཕྱིན་གྱི་དོན་ནོ། །བཟོད་པའི་ཕར་ཕྱིན་ཞེས་པ་ཡང་ནང་གི་བཟོད་སེམས་གོང་ནས་གོང་དུ་འཕེལ་བའི་ཆ་ནས་བཟོད་པའི་ཕར་ཕྱིན་ཏུ་འགྱུར་བ་ཡིན་གྱི། ཕྱིའི་ཡུལ་ལ་མི་བལྟོས་པ་ནི། སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང༌། །ཞེས་སོགས་ཀྱི་དོན་ཡིན་ནོ། །གཉིས་པ་ལ་གསུམ། གཞན་གྱིས་གནོད་པ་བྱས་པ་ལ་ཅི་མི་སྙམ་པ་དང༌། རང་རྒྱུད་ལ་སྡུག་བསྔལ་བྱུང་བ་དང་དུ་ལེན་པ་དང༌། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་གསུམ་མོ། །གསུམ་པ་ནི། བྱང་སེམས་ཀྱིས་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་སངས་རྒྱས་སྲས་བཅས་ལ་མཆོད་པའི་བསོད་ནམས་ལས། བྱང་སེམས་ཀྱིས་བཟོད་པ་བསྒོམ་པའི་བསོད་ནམས་ཕན་ཡོན་ཆེ་བར་གསུངས་པ་སོགས་བཟོད་པའི་ཕན་ཡོན་དང༌། ཁོང་ཁྲོའི་ཉེས་དམིགས་ནི། བསྐལ་བ་བརྒྱར་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་འཇོམས་པར་གསུང་བ་སོགས། བཟོད་པའི་ཕན་ཡོན་དང༌། ཁོང་ཁྲོའི་ཉེས་དམིགས་ལེགས་པར་བསམ་སྟེ་བཟོད་པ་བསྒོམ་དགོས་སོ། །དེས་ན་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་བསྒོམ་ཚུལ་ནི། བཞི་བརྒྱ་བ་ལས། ཁྲོ་ཡང་འབྱུང་བོས་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་པ་ལྟར་རོ། །སྡུག་བསྔལ་དང་ལེན་གྱི་བཟོད་པ་སྒོམ་ཚུལ་ནི། སྡུག་བསྔལ་བྱུང་བ་དེ་སླར་བཅོས་སུ་འདུག་ན་ནི། ཡིད་མི་དགའ་བ་བྱ་མི་དགོས་ལ། བཅོས་སུ་མི་རུང་ན་མི་དགའ་བ་བྱས་ཀྱང་ཕན་པ་མེད་པར་མ་ཟད་ཉེས་དམིགས་ཀྱང་ཆེ་བས་སྡུག་བསྔལ་དེ་བཟོད་པར་བྱའོ་སྙམ་དུ་སེམས་པའོ། །ཆོས་ལ་ངེས་སེམས་ཀྱི་བཟོད་པ་བསྒོམ་ཚུལ་ནི། དང་བའི་ཡུལ་མཆོག་གསུམ་དང༌། མངོན་དུ་བྱ་བའི་ཡུལ་བདག་མེད་གཉིས་དང༌། སངས་རྒྱས་བྱང་སེམས་ཀྱི་མཐུ་ཆེན་པོ་དང༌། བླང་དོར་གྱི་ཡུལ་ལེགས་སྤྱད་དང་ཉེས་སྤྱད། ཐོབ་བྱ་བྱང་ཆུབ་དང༌། འཐོབ་བྱེད་སེམས་ཀྱི་ལམ་རྣམས་ལ་འདུན་མོས་སྦྱོང་བའོ། །དེ་ལྟར་བཟོད་སེམས་ལ་ཆུང་རིམ་ནས་གོམས་ན་གནོད་པ་ཕྲ་མོ་ལྟ་ཅི། ལུས་སྲོག་གཏོང་བ་སོགས་ཀྱི་དཀའ་སྤྱད་ཆེན་པོ་ཡང་བཟོད་བསྲན་ནུས་པའི་ཕྱིར། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོའང་བཟོད་པར་བྱ། །ཞེས་གསུངས་པས་ཕྱིར། ཕྱིན་དྲུག་གང་བསྒོམ་ཅིང་དམ་པ་དྲུག་ལྡན་ནམ་ཕར་ཕྱིན་དྲུག་ལྡན་དུ་བསྒོམ་དགོས་པ་ཐམས་ཅད་ལ་འདྲའོ། །བཞི་བ་ལ་གསུམ། བརྩོན་འགྲུས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་བསྐྱེད་ཚུལ་ལོ། །དང་བོ་ནི། དགེ་བ་ལ་སྤྲོ་བ། བརྩོན་འགྲུས་ཀྱི་དོན་ཡིན་ཏེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུང་བས་སོ། །ཆོས་བཞི་ལྡན་གྱི་དགེ་བ་ལ་སྤྲོ་བའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་དོན་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་བོ་གོ་ཆའི་བརྩོན་འགྲུས་ནི། སེམས་ཅན་གཅྀག་གི་དོན་དུ་ཡང་དམྱལ་བའི་མེ་ནང་དུ་བསྐལ་བ་རྒྱ་མཚོའི་བར་དུ་གནས་དགོས་ཀྱང་སྙིང་རྗེའི་དབང་གིས་ཐུགས་ལ་སྐྱོ་བ་དང་ཞུམ་པ་མེད་ཅིང་བརྩོན་པ་མི་འདོར་བ། གོ་ཆའི་བརྩོན་འགྲུས་ཀྱི་དོན་ཡིན་ནོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་ནི། ཕྱིན་དྲུག་འགྲུབ་པར་བྱ་བའི་ཕྱིར་དེ་དག་གི་སྦྱོར་བར་སོ་སོར་བརྩོན་པའི་བརྩོན་འགྲུས་སོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི། སྔར་བཤད་པ་དང་འདྲའོ། །གསུམ་པ་ནི། བརྩོན་འགྲུས་བརྩམས་པའི་ཕན་ཡོན་དང་མ་བརྩམས་པའི་ཉེས་དམིགས་སྒོ་སྣ་ཚོགས་ནས་བསམ་སྟེ་དགེ་བ་ལ་སྤྲོ་བའི་སྤྲོ་སེམས་རྒྱུན་དུ་བསྐྱེད་དགོས་སོ། དེས་ན་བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནི། ཕར་ཕྱིན་བསྡུས་པ་ལས། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་པ་ལྟར་རོ། །མ་བརྩམས་པའི་ཉེས་དམིགས་ནི། མདོ་དྲན་པ་ཉེར་བཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ནོ། །མདོར་ན་བྱིས་པ་རྣམས་རྩེད་མོ་ལ་འཇུག་པ་འཕྲོ་མི་གཅོད་པ་ལྟར་རྣམ་པ་ཀུན་ཏུ་ཐང་ལྷོད་མེད་པར་བརྩོན་པ་བསྟེན་ན་རང་གིས་འཐོབ་བྱའི་ཡོན་ཏན་གྱི་ཚོགས་ལ་བཟང་ངན་གྱི་དབྱེ་བ་མེད་པར་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་ཏེ། སློབ་དཔོན་དཔའ་བོས། ཁྱད་པར་འཕགས་པ་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་མཆིས། །དེ་ཕྱིར་ཁྱོད་ཀྱི་ཁྱད་པར་རྣམས། །ཐོག་དྲུང་རིམ་པ་དབྱེར་མ་མཆིས། །ཞེས་གསུངས་པའི་ཕྱིར། ལྔ་བ་ལ་གསུམ། བསམ་གཏན་གྱི་ངོ་བོ། རབ་དབྱེ། རྒྱུད་ལ་བསྐྱེད་ཚུལ་ལོ། དང་བོ་ནི། དགེ་སེམས་རྩེ་གཅིག་པ་དེ། བསམ་གཏན་གྱི་ངོ་བོ་ཡིན་ཏེ། མཛོད་ལས། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་གསུངས་པའི་ཕྱིར། ཆོས་བཞི་ལྡན་གྱི་དགེ་བའི་སེམས་རྩེ་གཅིག་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བསམ་གཏན་གྱི་ཕར་ཕྱིན་གྱི་དོན་ཡིན་ནོ། ངོ་བོའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིསདང༌། ཕྱོགས་ཀྱི་སྒོ་ནས། ཞི་གནས་དང༌། ལྷག་མཐོང་དང༌། དེ་གཉིས་ཟུང་འབྲེལ་གྱི་ཕྱོགས་གསུམ་དང༌། བྱེད་ལས་ཀྱིས་ཕྱེ་ན་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པའི་བསམ་གཏན་དང༌། མངོན་པར་སྒྲུབ་པའི་དེ་དང༌། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་གསུམ་མོ། །ཕྱི་མ་གསུམ་གྱི་དང་བོ་ནི། ལུས་སེམས་ཤིན་སྦྱངས་འདྲེན་བྱེད་ཀྱི་ཏིང་འཛིན་རྣམས་སོ། །གཉིས་པ་ནི། མངོན་ཤེས་དང༌། རྣམ་ཐར་སོགས་སོ། །གསུམ་པ་ནི། དོན་བྱ་བ་བཅུ་གཅིག་གི་དོན་རྣམས་བསྒྲུབ་པའི་བསམ་གཏན་རྣམས་དེ་ཡིན་ནོ། །གསུམ་པ་རྒྱུད་ལ་བསྐྱེད་ཚུལ་ནི། ཞི་གནས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །བསམ་གཏན་བསྒོམ་པའི་ཚེ་ནའང་ཕར་ཕྱིན་དྲུག་ལྡན་དུ་བྱེད་པ་དགོས་སོ། །དྲུག་པ་ལ་གསུམ། ཤེས་རབ་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་བསྐྱེད་ཚུལ་ལོ། །དང་བོ་ནི། ཆོས་རབ་ཏུ་རྣམ་འབྱེད་དེ། ཤེས་རབ་ཀྱི་ངོ་བོ་དང༌། ཆོས་བཞི་ལྡན་གྱི་ཆོས་རབ་ཏུ་འབྱེད་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། ཤེས་རབ་ཀྱི་ཕར་ཕྱིན་གྱི་དོན་ཡིན་ནོ། །གཉིས་པ་ནི། ཀུན་རྫོབ་རྟོགས་པའི་ཤེས་རབ་དང༌། དོན་དམ་རྟོགས་པའི་ཤེས་རབ་དང༌། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་དང་གསུམ་མོ། །དང་བོ་ནི། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་པོ། །གཉིས་པ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་འཇལ་བ་དང༌། མངོན་དུ་གྱུར་བའི་སྒོ་ནས་འཇལ་བའི་ཤེས་རབ་དེ་དེ་ཡིན་ནོ། །གསུམ་པ་ནི། སེམས་ཅན་གྱི་འདི་ཕྱིའི་ཕན་བདེ་སྒྲུབ་ཚུལ་ཤེས་པའི་ཤེས་རབ་པོ། །གསུམ་པ་ནི། ཤེས་རབ་བསྐྱེད་པའི་ཕན་ཡོན་དང་མ་བསྐྱེད་པའི་ཉེས་དམིགས་སེམས་པ་ཡིན་ལ། དེས་ན་ཤེས་རབ་བསྐྱེད་པའི་ཕན་ཡོན་ནི། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར། ཕྱིན་དྲུག་གི་ཉམས་ལེན་ལ་ཡོངས་སུ་གོམས་པའི་བྱང་སེམས་བདག་ཉིད་ཆེན་པོ་དེས་སྦྱིན་པ་གཏོང་བའི་ཚེ་ནའང་ཐུགས་ལ་འཛིན་ཆགས་ཀྱི་དྲི་མ་མི་མངའ་བ་དང༌། ཚངས་སྤྱོད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་རྟག་ཏུ་གནས་པས་སད་པའི་སྐབས་སུ་མ་ཟད་རྨི་ལམ་དུ་ཡང་འཆལ་ཁྲིམས་ཀྱི་དྲི་མ་མི་མངའ་བ། ལུས་ལས་ཤ་ནི་རུས་པ་དང་བཅས་པ་ཡུན་རིང་བོའི་བར་དུ་སྲང་རེ་རེ་ནས་བཅད་པར་གྱུར་ཅིང༌། གཅོད་པར་བྱེད་པ་བོ་དེ་ལ་བཟོད་སེམས་ལྷག་པར་སྐྱེ་བ་དང༌། མུ་དང་མཐའ་མེད་པའི་བསྐལ་བའི་བར་དུ་དམྱལ་བའི་མེ་ནང་དུ་གནས་དགོས་ཀྱང་སྐྱོ་ངལ་མེད་པར་ཐུགས་དགའ་བདེས་བརྒྱན་བཞིན་དུ་གནས་པ་དང༌། དགའ་བ་ཚད་མེད་པ་དང་ལྡན་ཡང༌། སེམས་དམིགས་པ་ལས་གཡེང་བའི་ཡ་ཡོ་མེད་པ་དང༌། བཏང་སྙོམས་ཆེན་པོ་དང་རྒྱུན་དུ་ལྡན་ཡང༌། འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བ་སོགས་ཐམས་ཅད་ཤེས་རབ་ཀྱི་མཐུ་ཡིན་ཏེ༌། ཕར་ཕྱིན་བསྡུས་པ་ལས། རྒྱལ་སྲས་མཐུུ་མཆོག་དེ་འདྲ་རྨད་བྱུང་གང༌། །ཐམས་ཅད་ཤེས་རབ་དེ་ཡི་མཐུ་ལས་བྱུང༌། །ཞེས་གསུངས་པའི་ཕྱིར། དེ་ཡང་མཉམ་བཞག་ཏུ་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ངོས་ནས་མ་གྲུབ་པའི་སྟོང་བ་ནམ་མཁའ་ལྟ་བུ་མངོན་སུམ་དུ་གཟིགས་པས་ཆོས་ཉིད་འདོར་བར་མི་མཛད་ལ། རྗེས་ཐོབ་ཏུ་དོན་དམ་པར་མ་གྲུབ་ཀྱང་ཐ་སྙད་སྒྱུ་མ་ཙམ་དུ་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བ་སོགས་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་ཐམས་ཅད་འཐད་པར་ཤེས་རབ་ཀྱིས་མངོན་སུམ་དུ་གཟིགས་པས་ཀུན་རྫོབ་ཏུ་ཡང་ཤེས་རབ་ཅན་ལ་མི་འགལ་བ་ཡིན་པའི་ཕྱིར་ཏེ། བསྔགས་འོས་བསྔགས་བསྟོད་ལས། ཆོས་ཉིད་འདོར་བར་མི་མཛད་ལ། །ཀུན་རྫོབ་དང་ཡང་རྗེས་སུ་མཐུན། །ཞེས་གསུངས་པའི་ཕྱིར། ཉེས་དམིགས་ནི། ཕར་ཕྱིན་བསྡུས་པ་ལས། ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར། །ཞེས་ཤེས་རབ་དང་བྲལ་ན་སྦྱིན་སོགས་ལྔ་དང༌། ལྟ་བ་དག་པར་མི་འགྱུར་པས། དེས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དགོས་སོ། །དེ་ལྟར་ཕྱིན་དྲུག་གང་བསྒོམ་ཀྱང་ཕར་ཕྱིན་དྲུག་ལྡན་བྱེད་དགོས་པས། དེས་ན་རང་ཤེས་རབ་ལ་གནས་ནས་གཞན་དེ་ལ་འགོད་པ་ཤེས་རབ་ཀྱི་སྦྱིན་པ། དེའི་ཚེ་དམན་པའི་ཡིད་བྱེད་སོགས་ཉེས་སྤྱོད་སྡོམ་པ་ཚུལ་ཁྲིམས། དེའི་ཚེ་སེམས་མི་འཁྲུག་པ་བཟོད་པ། ཤེས་རབ་བསྒོམ་པ་ལ་སྤྲོ་བ་བརྩོན་འགྲུས། དེ་ཚེ་སེམས་རྩེ་གཅིག་ཏུ་བྱེད་པ་བསམ་གཏན་ཏེ་འདི་སྔ་མ་རྣམས་ལའང་འདྲའོ། །

      གཉིས་པ་གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ནི། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་པ་ལྟར་བཞི་ལས། སྦྱིན་པ་ནི། ཕྱིན་དྲུག་གི་སྐབས་དང་འདྲ་ལ། སྙན་སྨྲ་ནི། གདུལ་བྱ་རྣམས་ལ་ཕྱིན་དྲུག་གི་དོན་སྟོན་པའོ། །དོན་སྤྱོད་ནི། ཇི་ལྟར་བསྟན་པའི་དོན་རྣམས་གདུལ་བྱ་ལ་ཉམས་སུ་ཡང་དག་པར་ལེན་དུ་འཇུག་པའོ། །དོན་མཐུན་ནི། གཞན་རྣམས་ལ་འདོམས་པའི་དོན་དེ་ལ་རང་ཚུལ་བཞིན་དུ་གནས་ནས་གཞན་རྣམས་དེ་ལ་འགོད་པའོ། །དེ་ལྟ་བུའི་སྤྱོད་པ་རྨད་དུ་བྱུང་བ་ལ་བློ་མ་སྦྱངས་པས་ཐོས་ན་ཡིད་ལ་གདུངས་པ་བསྐྱེད་པ་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དང་བོ་ནས་ཉམས་སུ་བཞེས་མི་ནུས་པས། སོ་སོའི་སྐྱེ་བོ་རང་འགའ་བས་ལྟ་ཅི་སྨོས། འོན་ཀྱང་རང་གིས་ཉམས་སུ་ལེན་མི་ནུས་པ་རྒྱུ་མཚན་དུ་བྱས་ནས་མི་འདོར་བར་ལམ་དེ་རྣམས་ལ་ཡང་དང་ཡང་དུ་གོམས་པར་བྱེད་པ་དང༌། དེ་རྣམས་ཉམས་སུ་ལེན་ནུས་པའི་རྒྱུར་ཚོགས་བསགས་པ་དང༌། སྒྲིབ་པ་སྦྱོང་བ། སྨོན་ལམ་གདབ་པ་སོགས་ལ་འབད་པར་བྱའོ། །

     གཉིས་པ་ལ་གཉིས། ཞི་གནས་ལ་བསླབ་ཚུལ་དང༌། ལྷག་མཐོང་ལ་བསླབ་ཚུལ་ལོ། །དང་བོ་ལ་གཉིས། ཞི་གནས་བསྒྲུབ་ཚུལ་དང༌། དེ་གྲུབ་ཚད་བཤད་པའོ། །དང་བོ་ནི། ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམ་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཞི་གནས་ཀྱི་ཚོགས་དང༌། ཡན་ལག་སོགས་ཉམས་པའི་སྒོ་ནས་ཇི་ཙམ་བསྒོམས་ཀྱང་འགྲུབ་མི་སྲིད་པས་ཚོགས་ལ་བརྟེན་དགོས། དེ་ཡང་ཉན་ས་ལས། ཚོགས་བཅུ་གསུམ་གསུངས་ཀྱང༌། རྗེ་བླ་མས་ཚོགས་དྲུག་གི་ནང་དུ་བསྡུས་ནས་གསུངས་པས། དེ་དྲུག་པོ་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ། འདོད་པ་ཉུང་བ། ཆོག་ཤེས་པ། བྱ་བ་མང་བོ་སྤོང་བ། ཚུལ་ཁྲིམས་དག་པ། འདོད་པ་ལ་ཉེས་དམིགས་སུ་བལྟ་བ་རྣམས་ཡིན། དང་བོ་མཐུན་པའི་ཡུལ་ཞེས་པ། གང་དུ་བསྒྲུབ་པའི་གནས་དེ་ཉིད་ཆོས་ཀྱི་མཐུན་རྐྱེན་དུ་འགྲོ་ན། མཐུན་པའི་ཡུལ་གྱི་དོན་ཚང༌། མཐུན་རྐྱེན་ཇི་ལྟ་བུ་དང་ལྡན་དགོས་ན། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར། ཟས་གོས་སོགས་རྙེད་སླ་བ་དང༌། དགྲ་རྐུན་གཅན་གཟན་སོགས་སྐྱེ་བོ་མི་བསྲུན་པ་མེད་པས་གནས་བཟང་བ་དང༌། ནད་མི་བསྐྱེད་པས་ས་ཆུ་བཟང་བ་དང༌། རྐྱེན་ངན་ལམ་དུ་མི་སློང་བའི་སྐབས་གྲོགས་ལ་བརྟེན་པ་གལ་ཆེ་བས་ལྟ་སྤྱོད་མཚུངས་པའི་གྲོགས་བཟང་བ་དང༌། ཉིན་མོར་སྐྱེ་བོ་མང་བོས་རྒྱུ་འགྲུལ་ཉུང་ཞིང༌། མཚན་མོར་སྒྲ་ཆུང་བ་སྟེ། ཡོན་ཏན་ལྔ་དང་ལྡན་པའོ། །ཟས་གོས་སོགས་མང་བོ་དང་བཟང་བ་ལ་འདོད་པ་མེད་ཅིང༌། ངན་ངོན་ཙམ་གྱིས་ཆོག་ཤེས་པ་འདོད་པ་ཉུང་བ་དང་ཆོག་ཤེས་པའི་དོན་ཡིན། བྱ་བ་མང་བོ་ཡོངས་སུ་སྤོང་བའི་དོན་ནི། ཉོ་ཚོང་དང་སྨན་རྩིས་བྱེད་པ་སྐྱེ་བོ་རྣམས་དང་འགྲོགས་འདྲེས་བྱེད་པ་སོགས་སྤང་དགོས་པའི་དོན་ཡིན། ཚུལ་ཁྲིམས་དག་པ་ཚོགས་སུ་འགྲོ་ཚུལ་བཤད་ཟིན། འདོད་པ་ལ་ཉེས་དམིགས་སུ་བལྟ་བ་ནི། རྫུན་དང་ཁེ་ཚོང་བུན་ལོག་སྲོག་གཅོད་སོགས་མདོར་ན་འདོད་པའི་ཡོན་ཏན་རྣམས་མནོག་ཆུང་ལ་ཉེན་ཆེ་བར་བལྟ་དགོས་པའི་དོན་ཡིན། དེ་དྲུག་གི་ནང་ནས་ཀྱང༌། མཐུན་པའི་ཡུལ་ན་གནས་པ་དང༌། ཚུལ་ཁྲིམ་དག་པ་དང༌། འདོད་པ་ལ་ཉེས་དམིགས་སུ་བལྟ་བ་གསུམ་གཙོ་བོ་ཡིན་གསུངས། དེ་གསུམ་གྱི་ནང་ནས་ཀྱང་སྔར་བཤད་པ་ལྟར། སྡུག་ཀུན་གྱི་ཉེས་དམིགས་སྙིང་ནས་རིག་སྟེ། ཉེས་ཅན་བཙོན་ལས་ཐར་འདོད་ཀྱི་བློ་དང་ཆོས་མཚུངས་པའི་ངེས་འབྱུང་གིས་ཟིན་པའི་ཚུལ་ཁྲིམས་སམ་སོ་ཐར་གྱི་སྡོམ་པ་ཡོད་ན། ཚོགས་ལྷག་མ་ལྔ་དེའི་ནང་དུ་འདུ་བ་ཡིན། ཚོགས་དེ་དག་ཡོད་པ་ཙམ་གྱིས་ཏིང་ངེ་འཛིན་ཐོབ་ཟིན་པ་མ་ཡིན་པས། དེ་རྒྱུད་ལ་བསྐྱེད་པའི་ཐབས་ཤིག་ལ་བརྟེན་དགོས། དེ་གང་ཡིན་ཞེ་ན། ཞི་གནས་གྲུབ་པའི་ཕན་ཡོན་དང༌། དེ་སྒྲུབ་བྱེད་རྣམས་ལ་དོན་གཉེར་བསྐྱེད་དགོས་པས། ཞི་གནས་གྲུབ་ན། སེམས་རྨུགས་ཤིང་དུབ་པ་དང་ལྕི་བའི་རྣམ་པ་ཅན་གྱི་གནས་ངན་ལེན་ལོག་སྟེ། སེམས་དང་ནམ་མཁའ་སྟོང་སངས་འདྲེས་པའི་ཉམས་དང༌། དགེ་བའི་དམིགས་པ་ལ་ངམ་ངམ་ཤུགས་ཀྱིས་འགྲོ་ཞིང༌། མཐོང་ཆོས་ལ་དགའ་བདེ་རྒྱས་པ་སོགས་སེམས་གསལ་ཉམས་ཆེ་བ་དང༌། ལུས་ལྕི་ཞིང་དབུགས་འཚང་བ་སོགས་ཀྱི་གནས་ངན་ལེན་ལོག་སྟེ། ལུས་ཤིང་བལ་བཞིན་ཡང་ཞིང་ཤིན་སྦྱངས་ཀྱི་བདེ་བ་རྒྱས་པ་དང༌། རྫུ་འཕྲུལ་མྱུར་དུ་འགྲུབ་པ་སོགས་ཀྱི་གཞིའམ་རྐང་བར་གྱུར་ཚུལ་རྣམས་ཡང་ཡང་བསམ་ན་ཡོན་ཏན་དེ་དག་ལ་དད་པ་སྐྱེའོ། །དད་པ་ཞེས་པ་ནི། ཡོད་པ་དང༌། ཡོན་ཏན་དང༌། ནུས་པ་གང་རུང་ལ་དམིགས་ནས། རྣམ་པ་ཡིད་ཆེས་པ་དང༌། དང་བ་དང༌། འདོད་པ་གང་རུང་གི་རྣམ་པ་ཅན། བྱེད་ལས་འདུན་པའི་རྟེན་བྱེད་པའི་ལས་ཅན་ལ་ཟེར། དེའི་ཚུལ་ཡང༌། ཡོད་པའི་དངོས་པོ་ལ་དམིགས་ཏེ། ཡོད་པར་ཡིད་ཆེས་པའི་རྣམ་པ་ཅན་དེ། ཡིད་ཆེས་ཀྱི་དད་པ། ཞི་གནས་ཀྱི་ཡོན་ཏན་ལ་དམིགས་ཏེ། དང་བའི་རྣམ་པ་ཅན་དེ། དང་བའི་དད་པ། ཞི་གནས་བསྒོམ་པས་ལུས་དང་སེམས་ཀྱི་གནས་ངན་ལེན་ལྡོག་ནུས་པ་ལ་དམིགས་ཏེ། དེ་མངོན་དུ་བྱེད་འདོད་པའི་རྣམ་པ་ཅན་དེ། མངོན་འདོད་ཀྱི་དད་པ་ཡིན། དེ་གསུམ་གྱིས་རང་རང་གི་རྣམ་པ་ཅན་དང་མཐུན་པའི་འདུན་པའི་རྟེན་བྱེད་ཚུལ་ཤེས་སླ། འདུན་པ་ནི། ཡིད་དུ་འོང་བ་ལ་དམིགས་ནས། དེ་དང་ལྡན་འདོད་ཀྱི་རྣམ་པ་ཅན། བརྩོན་འགྲུས་ཀྱི་རྟེན་བྱེད་པའི་ལས་ཅན་ཞིག་ལ་ཟེར། བརྩོན་འགྲུས་ཀྱི་ངོ་བོ་དང༌། རབ་དབྱེ་སོགས་ནི་སྔར་ཕྱིན་དྲུག་གི་སྐབས་སུ་བརྗོད་ཟིན་པ་ལྟར་ཡིན་ནོ། །མདོར་ན་དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུུ་འོ། །ཞེས་གསུངས་པ་ལྟར་ཏིང་ངེ་འཛིན་གྱི་བསླབ་པ་ཐུན་མོང་མ་ཡིན་པ། མཚན་ཉིད་ཚང་བ་རྒྱུད་ལ་སྐྱེས་ན་འཁོར་བའི་རྩ་བ་གཅོད་པའི་ལྷག་མཐོང་གི་ཤེས་རབ་མྱུར་དུ་སྐྱེ་ནུས་པ་སོགས་ཀྱི་ཕན་ཡོན་གོང་དུ་བཤད་པ་ལྟར་ལེགས་པར་ངེས་ན། ཏིང་ངེ་འཛིན་ལ་སེམས་དྭངས་པ་དང༌། ཡིད་ཆེས་པ་དང༌། དེ་མངོན་འདོད་ཀྱི་དད་པ་རྣམས་རང་དབང་མེད་པར་སྐྱེའོ། །དེ་སྐྱེས་ན་ཏིང་ངེ་འཛིན་དང་ལྡན་འདོད་ཀྱི་འདུན་པ་རང་ཤུགས་ཀྱིས་སྐྱེ། དེས་བརྩོན་འགྲུས་ཚེགས་མེད་པར་དྲངས་ཏེ། རིང་བོར་མི་ཐོགས་པར་ལུས་སེམས་ཀྱི་གནས་ངན་ལེན་དང་བྲལ་ནས། ནམ་དང་ཉི་མ་འུད་འུད་བཅད་དེ། ལོ་ཟླའི་བར་དུ་མཉམ་པར་བཞག་ཀྱང༌། ཡུད་ཙམ་གྱི་སྣང་བ་ལས་མི་འཆར་བའི་ཏིང་ངེ་འཛིན་བདེ་བླག་ཏུ་འགྲུབ་པོ། །སེམས་དམིགས་པ་ལ་གཏོད་པའི་སྔོན་དུ་བློ་དེ་ལྟར་སྦྱོང་བ་གལ་ཆེ་བར་གསུངས། ཏིང་ངེ་འཛིན་གྱི་ངོ་བོ་ནི། བཏགས་པའི་ངོ་བོ་ལ་སེམས་རྩེ་གཅིག་པ་སྟེ། ཤེས་པའི་རྟེན་བྱེད་པའི་ལས་ཅན་ཞེས་ཀུན་བཏུས་ལས་གསུངས་པ་ལྟར། དམིགས་པའི་ཁྱད་པར་དམིགས་པ་རང་མཚན་པ་མ་ཡིན་པར། སེམས་ཀྱིས་བཏགས་པའི་དོན་སྤྱི་ལ་དམིགས་ཏེ། རྣམ་པའི་ཁྱད་པར་དམིགས་པ་ལ་རྩེ་གཅིག་པ་དང༌། བྱེད་ལས་ཤེས་རབ་ཀྱི་རྟེན་བྱེད་པའི་ལས་ཅན་ཏེ་དེ་ཡིན་ནོ། །བཏགས་པའི་ངོ་བོ་ལ་དམིགས་ཞེས་པའི་དམིགས་པ་དེ་སྐབས་འདིར་ཅི་འདྲ་ཞིག་ལ་ངོས་འཛིན་ཟེར་ན། འདོད་ཆགས་ཤེས་ཆེ་བའི་གང་ཟག་ཅིག་དང་སྦྱར་ན། ཆགས་ཡུལ་གྱི་ལུས་མི་གཙང་བའི་རྫས་ཀྱིས་གང་བར་བསམ་སྟེ། མཐར་དེ་འདྲའི་མི་གཙང་བ་དམིགས་རྟེན་དུ་བྱས་ཏེ་སེམས་འཛིན་པར་གསུངས་པ་བཞིན། ཞེ་སྡང་དང༌། གཏི་མུག་དང༌། རྣམ་རྟོག་དང༌། ང་རྒྱལ་རྣམས་ཤེས་ཆེ་བས་རིམ་པ་བཞིན། དགྲ་གཉེན་བར་མར་སེམས་ཅན་ལ་བྱམས་པའི་དམིགས་རྣམ་གསལ་བཏབ་སྟེ་བྱམས་པ་དང༌། དུས་གསུམ་གྱི་ཆོས་དང་གང་ཟག་རང་རང་གི་འཇོག་བྱེད་ལ་མ་བལྟོས་པར་འགྲུབ་ཚུལ་མེད་པར་བསམ་སྟེ། རྟེན་འབྲེལ་དང༌། དབུགས་འབྱུང་རྔུབ་དང༌། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་གི་ཆ་སོ་སོར་བསལ་ཏེ་དམིགས་རྟེན་བྱས་ནས་སེམས་བཟུང་ན། རང་རྒྱུད་ཀྱི་ཉོན་མོངས་ཤེས་ཆེ་བ་སྦྱོང་བྱེད་ཁྱད་པར་ཅན་དུ་འགྲོ་བས་ན། དེ་རྣམས་ལ་སྤྱད་པ་རྣམ་སྦྱོང་གི་དམིགས་པ་ཟེར། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་གནས་དང་གནས་མ་ཡིན་པ་ལ་དམིགས་པ་མཁས་པའི་དམིགས་པ་ཡིན་པས། འདི་དང་སྤྱད་པ་རྣམ་སྦྱོང་གཉིས་ནི་ཞི་གནས་གསར་བསྒྲུབ་སྐབས་ཀྱི་དམིགས་པ་གཙོ་བོར་བྱས་པ་དང༌། ཞི་གནས་གྲུབ་ཟིན་གོང་འཕེལ་དུ་གཏོང་བ་གཙོ་བོར་བྱས་ཏེ། ས་གོང་འོག་གི་སྐྱོན་ཡོན་ལ་དམིགས་པ་ཞི་རགས་རྣམ་ཅན་འཇིག་རྟེན་པའི་ལམ་གྱི་དམིགས་པ་དང༌། མི་རྟག་སོགས་བཅུ་དྲུག་འདས་ལམ་གྱི་དམིགས་པར་བྱས་པ་ལ་ཉོན་མོངས་རྣམ་སྦྱོང་གྀ་དམིགས་པ་ཟེར། དམིགས་བྱེད་ཀྱི་སྒོ་ནས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དམིགས་བྱའི་སྒོ་ནས། དངོས་པོའི་མཐའ་དང༌། འབྲས་བུའི་སྒོ་ནས། དགོས་པ་ཡོངས་གྲུབ་བཞི། ཁྱབ་པའི་དམིགས་པ་ཡིན་ཀྱང༌། སྤྱད་པ་རྣམ་སྦྱོང༌། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་གསུམ། ཁྱབ་པའི་དམིགས་པའི་ནང་དུ་འདུའོ། །ཏིང་ངེ་འཛིན་གྱི་མདོ་ལས་གསུངས་པའི་རྗེས་སུ་འབྲང་ནས། སློབ་དཔོན་བྱང་ཆུབ་བཟང་བོས། ལུས་དང་ལུས་ལ་བརྟེན་པ་ལ་དམིགས་པ་ཁ་ནང་བལྟས་དང༌། སྐུ་དང་གསུང་ལ་དམིགས་པ་ཁ་ཕྱིར་བལྟས་ཀྱི་དམིགས་པ་གཉིས་གསུངས་པས། ཕྱི་མའི་རྗེས་སུ་འབྲང་སྟེ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ན། དམིགས་པ་སྔ་མ་དེ་དག་ལ་བརྟེན་ནས་ཏིང་ངེ་འཛིན་ཇི་ལྟར་སྐྱེ་བའི་དགོས་པ་དེ་དག་གྲུབ་པར་མ་ཟད། སངས་རྒྱས་རྗེས་སུ་དྲན་པའི་ཚོགས་བསགས་ཚབ་ཆེ་བ་དང༌། སྔགས་ལུགས་ཀྱི་རང་ལུས་ལྷར་བསྒོམས་པའི་ཚེ། ལམ་ལ་མྱུར་ཁྱད་ཆེ་བ་སོགས་དགོས་པ་དུ་མ་ཡོད་ཅེས་ཡོངས་སུ་གྲགས་ཆེ་བས། ཕྱག་ལེན་ལ་ཡང་འདེབས་སྣང༌། དེས་ན་སྐུ་དེ་བློས་གསར་དུ་བཟོས་པའི་རྣམ་པ་མི་བྱ་པར། དང་བོ་ཉིད་ནས་ལྷུན་གྱིས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་དམིགས་རྟེན་དུ་བྱའོ། །ལུས་ཀྱི་ཀུན་སྤྱོད་ནི། སྟན་འཇམ་ཞིང་རྒྱབ་མཐོ་ལ་མདུན་དམའ་བའི་སྟེང་དུ། ལུས་དྲང་བོར་བསྲང༌། ལག་པ་མཉམ་བཞག རྐང་བ་རྡོ་རྗེའི་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། སོ་མཆུ་རང་བབས་སུ་བཞག མིག་འབྱེད་འཛུམ་རན་པར་སྣ་རྩེར་ཕབ། དཔུང་བ་རྒོད་གཤོག་ལྟར་ཅུང་ཟད་བརྒྱངས་ཏེ་མཆན་གསེང་ཕྱེ། ལྕེ་རྩེ་ཡ་རྐན་ལ་སྦྱར།དབུགས་གཏོང་ཐང་དལ་བུར་བྱ་བ་སྟེ། རྣམ་སྣང་གི་ཆོས་བརྒྱད་དང་ལྡན་པར་བྱས་ན། སྤྱོད་ལམ་དེས་ལུས་མི་ངལ་བ་དང༌། གཞན་གྱིས་མཐོང་ན་དད་པ་སྐྱེ་བ་དང༌། ཤིན་སྦྱངས་ཀྱི་བདེ་བ་མྱུར་དུ་སྐྱེ་བ་དང༌། མུ་སྟེགས་པ་སོགས་དང་ཐུན་མོང་མ་ཡིན་པའི་དགོས་པ་དུ་མ་ཡོད་པར་གསུངས། དེ་ནས་སེམས་ལ་ཆགས་སྡང་སོགས་དགའ་སྡུག་གི་རྟོག་པ་མངོན་གྱུར་ཡོད་བཞིན་དུ། ཅི་འདྲའི་ཨུ་ཚུགས་བྱས་ཏེ་དགེ་བ་བསྒོམས་ཀྱང༌། དམིགས་པ་ཇི་བཞིན་འཆར་དཀའ་བས་སེམས་ལུང་མ་བསྟན་ལ་འཇོག་ཐབས་ཤེས་དགོས། དེའི་ཚུལ་ནི། དབུགས་ཕར་འགྲོ་ཚུར་ལེན་གཉིས་ལ་ཁུག་པ་གཅིག་གི་ཐ་སྙད་བྱས་ཏེ། དབུགས་ཕར་འགྲོའི་མགོ་བརྩམས། དཀྱིལ་དུ་སླེབ། མཇུག་རྫོགས། ཚུར་ལེན་གྱི་མགོ་བརྩམས། དཀྱིལ་དུ་སླེབ། མཇུག་རྫོགས། སྙམ་དུ་དམིགས་པ་མ་གཡེང་བར་རིགས་པའི་ཟུར་ཞིག་གིས་ཁ་གྲངས་བཟུང་ནས་ཁུག་པ་ཉེར་གཅིག་བརྩི། དེས་ཀྱང་ད་དུང་སེམས་མ་ཞི་ན། སླར་ཡང་སྔར་བཞིན་ཇི་སྲིད་འཚམ་པར་སེམས་བཟུང་ན། མཚམས་ཤིག་ནས་སེམས་བཏང་སྙོམས་སུ་འགྲོ་བས། དེ་འདྲའི་གདམས་ངག་ཐུན་ཐམས་ཅད་ཀྱི་ཐོག་མར་གལ་ཆེ། ཏིང་ངེ་འཛིན་སྐྱོང་བའི་ཐུན་རིང་ཐུང་གང་ཡིན་ཀྱང༌། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་ཀྱིས་བསྒྲུབ་དགོས་པས། ཉེས་པ་ལྔ་ནི། ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ་ལེ་ལོ་ཉེས་པ། ཏིང་ངེ་འཛིན་ལ་རྩོལ་བའི་ཚེ་དམིགས་རྟེན་བརྗེད་པ་ཉེས་པ། མཉམ་པར་བཞག་པའི་ཚེ་བྱིང་རྒོད་ཉེས་པ། བྱིང་རྒོད་བྱུང་བའི་ཚེ་དེ་སེལ་ཐབས་འདུ་མི་བྱེད་པ་ཉེས་པ། བྱིང་རྒོད་དང་བྲལ་ཚེ་འདུ་བྱེད་པའི་སེམས་པ་ཉེས་པ་ཡིན། ཉེས་པ་དེ་དག་གི་ངོ་བོ་ངོས་ཟིན་དགོས་པས། ལེ་ལོ་ཞེས་པ། དགེ་བའི་ཆོས་གང་ལ་དམིགས་ཀྱང༌། དེ་ལ་སེམས་མི་སྤྲོ་བའི་རྣམ་པ་ཅན། བྱེད་ལས་དགེ་བ་ལ་བར་དུ་གཅོད་པའི་སེམས་བྱུང་སྟེ། མདོར་ན་རྣམ་དཀར་དོན་ལྡན་གྱི་ལས་ལ་མི་སྤྲོ་ཞིང༌། དོན་མེད་ཀྱི་ལས་ལ་སྤྲོ་བའི་རྣམ་པ་ཅན་ཞིག་ཡིན། བརྗེད་ངེས་ནི། ཉོན་མོངས་ཀྱི་གཞི་གང་རུང་ལ་དམིགས་ནས། དགེ་བའི་ཕྱོགས་ལ་སེམས་མི་གསལ་ཞིང་བརྗེད་པའི་རྣམ་པ་ཅན། བྱེད་ལས་རྣམ་གཡེང་གི་རྟེན་བྱེད་པའི་སེམས་བྱུང་དེ་ཡིན། དགེ་བ་བསྒོམ་པའི་ཚེ་སེམས་ཀྱི་གསལ་ངར་ཞུམ་པའི་སེམས་བྱུང་ནང་གི་གཡེང་བ་དེ་བྱིང་བའི་ངོ་བོ་ཡིན། བྱིང་ཕྲ་དགེ་ལ་རགས་པ་ལུང་མ་བསྟན། །གསུངས་པ་ལྟར། དེ་ལ་ཕྲ་རགས་གཉིས་ཡོད་པས། ཕྱི་རོལ་ཏུ་མ་གཡེང་བར་དྭངས་ཆ་ཡོད་ཀྱང་དམིགས་རྟེན་བོར་བའམ། དམིགས་རྟེན་མ་བོར་ཀྱང་གྲིམ་ཆ་དང་གསལ་ཆའི་ངར་ཤོར་བའི་ནང་གི་གཡེང་བ་བྱང་བ་རགས་པའི་ངོ་བོ་དང༌། དམིགས་རྟེན་མ་བོར་བར་དྭངས་ཆ་གནས་ཆ་སོགས་གསལ་ཉམས་ཡོད་ཀྱང༌། ངར་ཅུང་ཟད་ཤོར་བའི་ནང་གི་གཡེང་བ་བྱིང་བ་ཕྲ་མོའི་ངོ་བོ་ཡིན། དེ་འདྲའི་བྱིང་བ་འདྲེན་བྱེད་ཀྱི་རྒྱུའི་གཙོ་བོ་རྨུགས་པ་ཡིན་པས་དེའི་ངོ་བོ་ནི། གཏི་མུག་གི་ཆར་གཏོགས་པའི་སེམས་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་གྱི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་བུའི་རྨུགས་པའི་རྒྱུ་ཡང༌། དབང་བོའི་སྒོ་མི་སྡོམ་པ་དང༌། གཉིད་དང༌། ཉལ་བ་དང༌། སྙོམ་ལས་ལ་དགའ་བ་དང༌། ཁ་ཟས་ཚོད་མི་ཟིན་པར་ཟ་བ་རྣམས་ཡིན་གསུངས། རྒོད་པ་ནི་སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་གྱི་སེམས་བྱུང་དེ་ཡིན། བྱིང་རྒོད་བྱུང་ཚེ་དེ་སེལ་ཐབས་ལ། བློ་གཡོ་བའི་སེམས་པ་མངོན་དུ་མ་བྱས་པ་ལ་འདུ་མི་བྱེད་དང༌། བྱིང་རྒོད་དང་བྲལ་ནས་ཏིང་ངེ་འཛིན་ཤར་བའི་ཚེ་རྩོལ་བ་ཧ་ཅང་བསྟེན་དྲག་པ་ལ་འདུ་བྱེད་པ་ཟེར། ཉེས་པ་ལྔ་བོ་དེ་དག་ཏིང་ངེ་འཛིན་ལ་ཉེས་པར་འགྲོ་ཚུལ་ནི། ལེ་ལོས་དབང་དུ་སོང་ན་ཏིང་ངེ་འཛིན་བསྒོམ་འདོད་མི་སྐྱེ། དམིགས་རྟེན་བརྗེད་ན་དེའི་རིང་ལ་ཏིང་ངེ་འཛིན་གཞི་མེད་དུ་འགྲོ། བྱིང་བས་ཏིང་ངེ་འཛིན་གསལ་ཆའི་ངར་དང་ལྡན་པ་ལ་བར་དུ་གཅོད་ཅིང༌། རྒོད་པས་ཏིང་ངེ་འཛིན་དེ་རྩེ་གཅིག་ཏུ་གནས་པའི་མི་རྟོག་པའམ་གནས་ཆ་བརྟན་པ་ལ་བར་དུ་གཅོད། འདུ་མི་བྱེད་པས་བྱིང་རྒོད་གཅོད་མི་ཐུབ་ཅིང་འདུ་བྱེད་པས་ཏིང་ངེ་འཛིན་གནས་སུ་མི་སྟེར་བ་ཡིན། ཉེས་པ་ལྔ་བོ་དེ་དག་གི་གཉེན་པོ་འདུ་བྱེད་བརྒྱད་ནི། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུུ་འོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་ལ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པ་འོ། །ཞེས་པ་ལྟར་ཡིན་པས། དད་འདུན་རྩོལ་བ་ཤིན་སྦྱངས་བཞི་ལེ་ལོའི་གཉེན་པོར་འགྲོ་ཚུལ་ནི། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཞི་གནས་ཀྱི་ཡོན་ཏན་ཡང་ཡང་བསམ་ན། ཏིང་ངེ་འཛིན་ལ་དགའ་བའི་དད་པ་སྐྱེ། དེས་ཏིང་ངེ་འཛིན་རྒྱུད་ལ་ལྡན་འདོད་ཀྱི་འདུན་པ་འདྲེན། དེས་ཏིང་ངེ་འཛིན་ལ་སྤྲོ་བའི་བརྩོན་འགྲུས་ཚེགས་མེད་དུ་འདྲེན་པའི་ཆ་ནས་ལེ་ལོའི་གཉེན་པོར་སོང་ཚུལ་སྔར་བཤད་པས་ཤེས། དྲན་པ་ཞེས་པ། འདྲེས་པའི་ངོ་བོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་གྱི་སེམས་བྱུང་ཞིག་ལ་ཟེར་བས། དེ་འདྲའི་དྲན་པ་སྟོབས་ལྡན་ཇི་ཙམ་ཡོད་པའི་རང་ལ་གདམས་ངག་བརྗེད་པ་འགོག་ནུས་པ་དང༌། དྲན་པ་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས་ཤེས་བཞིན་སྟོབས་ཇེ་ཆེར་འགྲོ་བས་བྱིང་རྒོད་ངོས་མི་ཟིན་པའི་སྐྱོན་འགོག་སླ། ཤེས་བཞིན་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས། བྱིང་རྒོད་འགོག་ཐབས་འདུ་བྱེད་པའི་སེམས་པ་སྟོབས་ཇེ་ཆེར་འགྲོ་བ་ཡིན། སེམས་པ་སྟོབས་ཆེན་དེས་བྱིང་རྒོད་གཅོད་ཐབས་ཅི་འདྲ་མངོན་དུ་བྱེད་ཅེ་ན། བྱིང་བའམ་རྒོད་པ་ཉུང་ངུ་ཙམ་ལས་མི་འོང་ན། དམིགས་རྟེན་ལ་གསལ་ཆ་དང་གནས་ཆའི་ངར་ཇེ་ཆེར་བསྐྱེད་དེ་བསྒོམ། བྱིང་རྒོད་ཡང་ཡང་བྱུང་སྟེ་སྒོམ་ཉམས་མི་བདེ་ན། རེ་ཞིག་ཏིང་ངེ་འཛིན་གྱི་འཕྲོ་བཤོལ་ལ། སེམས་ཧ་ཅང་ནང་དུ་བསྡུ་ཆེ་བའི་སྐྱོན་བྱིང་བ་ཤས་ཆེ་ན། ཟླ་བ་སྐར་མ་ཕྱོགས་དང་ཕྱོགས་མཚམས་སོགས་སུ་བལྟ་བ་དང༌། ཆུ་གྲང་མོས་གདོང་བཀྲུ་བ་དང༌། ཉི་ཟླ་མར་མེའི་འོད་ལ་སོགས་པའི་སྣང་བའི་མཚན་མ་ཡིད་ལ་བྱེད་པ་དང༌། ཡང་ན་ལྟེ་བའི་བུ་གའི་ཐད་ཀྱི་ནང་ན་རང་སེམས་ཐིག་ལེའི་རྣམ་པར་ཡོད་པར་བསམ་ལ། ལུས་ཀྱི་ནང་གྱེན་དུ་བརྒྱུད་དེ་སྤྱི་བོ་ནས་ཐོན། ནམ་མཁའ་སྟོང་སངས་དང་འདྲེས་པར་བསམ་ལ་མཉམ་པར་འཇོག་པའམ། ཡང་ན་དགེ་བའི་ཕན་ཡོན་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ནས་སེམས་གཟེངས་བསྟོད་དེ། བྱེད་བ་ཞི་བ་དང༌། ཏིང་ངེ་འཛིན་གྱི་འཕྲོ་སྐྱོང༌། རྒོད་པ་ཤས་ཆེ་ན། འཁོར་བ་དང་ཁྱད་པར་ངན་སོང་གི་སྡུག་བསྔལ། འཆི་བ་མི་རྟག་པ། མི་དགེ་བའི་ཉེས་དམིགས་སོགས་སྐྱོ་བ་བསྐྱེད་པའི་དམིགས་རྣམ་དྲན་པའི་སྒོ་ནས་སེམས་ཀྱི་མགོ་འཕང་སྨད་དེ་རྒོད་པ་ཞི་བ་དང༌། དེ་ནས་ཐུན་གྱི་འཕྲོ་སྐྱོང༌། དེ་ལྟར་བྱིང་རྒོད་བཅད་དེ་ཏིང་ངེ་འཛིན་ལ་གནས་པའི་ཚེ་བྱིང་ཟོན་དང་རྒོད་ཟོན་འདུ་བྱེད་པའི་རྩོལ་བ་དམ་དྲག་ན་ཏིང་ངེ་འཛིན་གནས་སུ་མི་སྟེར་བས། འཛིན་སྟངས་ཀྱི་ངར་མ་ཡལ་བའི་སྒོ་ནས་རྩོལ་བ་ཅུང་ཟད་གློད་པ་ལ་འདུ་བྱེད་བཏང་སྙོམས་བསྒོམ་ཟེར་བ་ཡིན་པས་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་ཀྱི་རྣམ་བཞག་དེ་འདྲ་ཞིག་ཡིན། དམིགས་རྟེན་ཡང་ཇི་ཙམ་ཕྲ་བ་ཙམ་གྱིས་རླུང་སེམས་ཇེ་ཕྲར་སོང་སྟེ། ཏིང་ངེ་འཛིན་སྐྱེ་བ་ལ་དགོས་པ་ཆེ་བས། སྐུ་གཟུགས་ལྟ་བུ་དམིགས་རྟེན་དུ་འཛིན་ཚེ། ཇི་ཙམ་ཆེ་ན་ཡང་མཁྱིད་གང་ངམ། ཚོན་གང་ལས་ཆེ་བ་དམ་པའི་གསུང་རྒྱུན་ན་མེད་པས། མཁྱིད་གང་ཞེས་པ། ལག་པ་ཁུ་ཚུར་བཅིངས་པའི་མཐེ་བོང་ནས་སྲིན་ལག་བར་དང༌། མཐེ་བོང་གི་ཚིགས་དབུས་མ་ཡན་ལ་ཚོན་གང་ཟེར་རོ། །དེ་ལྟ་བུའི་སྐུ་དེ་ཡང༌། ཐོག་མར་བྲིས་འབུར་གྱི་སྐུ་མཛེས་པ་ཅི་རིགས་བཙལ་ལ། ཡང་ཡང་བལྟས་ཏེ་འདྲེས་ཆ་བཏང་བས། ཡུན་རིང་མི་འགོར་བར་མྱུར་དུ་འཆར་ཐུབ་མི་ཐུབ་གཉིས་ཡོད་ཀྱང༌། མདོར་ན་གསལ་བཏབ་རེས་ཀྱིས་ཕྱག་སེན་དང༌། དབུ་སྐྲ། སྤྱན་གྱི་དཀར་ནག་སོགས་སྐུའི་ཆ་ཕྲ་རགས་ཐམས་ཅད་གསལ་ལམ་མེར་མ་ཤར་ཀྱང་བམ་ཙམ་ཞིག་དྲན་ལ་གསལ་བར་འཆར་ཐུབ་ཚེ། དམིགས་རྟེན་རྙེད་པ་ཡིན། དམིགས་རྟེན་རྙེད་ཚད་སོགས་ཇི་བཞིན་མ་ཤེས་པར་ཧབ་རྒྱུག་བྱས་ཏེ་སྒོམ་བྱེད་མཁན་འགའ་ཞིག་ཏིང་ངེ་འཛིན་ལ་དྲེད་ཉེན་ཡང་ཆེ་བས། སྐྱོན་ཡོན་འདི་དག་དང༌། མདོར་ན་གོང་དུ་བཤད་ཟིན་པ་དེ་དག་དངོས་གཞི་ཏིང་ངེ་འཛིན་བསྒོམ་པའི་སྔ་རོལ་ཏུ་སེམས་ལ་ངེས་ཆ་ལེགས་པར་བཏང་སྟེ་ཤ་འཇགས་རུས་འཇགས་སུ་སོང་བ་ཞིག་ངེས་པར་གལ་ཤིན་ཏུ་ཆེ། དེ་ནས་དངོས་གཞི་ཏིང་ངེ་འཛིན་བསྒོམ་པའི་ཚེ་ན། རྩ་བའི་དམིགས་རྟེན་གྱི་དབྱིབས་དང་ཁ་དོག་སོགས་མ་འཆོལ་བར་བྱས་ཏེ་བསྒོམ་པས། སྟོབས་དྲུག་གིས་ཏིང་ངེ་འཛིན་ཇེ་བཟང་ཇེ་བཟང་དུ་སོང་བ་ལ་སེམས་གནས་དགུའི་ཐ་སྙད་བྱས་པ་ཡིན། སྟོབས་དྲུག་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲེས་པའི་སྟོབས་རྣམས་དང༌། སེམས་གནས་དགུ་ནི། ནང་དུ་འཇོག་པ། རྒྱུན་དུ་འཇོག་པ། བརླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་བཞག་པ་རྣམས་སོ། །སེམས་གནས་དེ་དག་སྟོབས་དྲུག་གིས་ཇི་ལྟར་འགྲུབ་པའི་ཚུལ་ནི། སེམས་དང་བོ་ཐོས་པའི་སྟོབས་དང༌། གཉིས་པ་བསམ་པའི་སྟོབས་དང༌། གསུམ་པ་བཞི་བ་གཉིས་དྲན་པའི་སྟོབས་དང༌། ལྔ་བ་དྲུག་པ་གཉིས་ཤེས་བཞིན་གྱི་སྟོབས་དང༌། བདུན་པ་བརྒྱད་པ་གཉིས་བརྩོན་འགྲུས་ཀྱི་སྟོབས་དང༌། དགུ་བ་འདྲེས་པའི་སྟོབས་ཀྱིས་འགྲུབ། གོ་དོན་ནི། སེམས་གནས་དང་བོའི་སྐབས་ཐོས་པ་ཁོ་ན་ལས་བསམ་པས་ཉམས་མྱོང་ཆེར་མེད་པ་དང༌། གཉིས་པའི་ཚེ་ཐོས་པའི་དོན་ལ་ཡང་ཡང་བསམ་བསམ་པའི་སྟོབས་ཀྱིས་ཏིང་ངེ་འཛིན་གྱི་རྒྱུན་ཅུང་ཟད་མཐུད་ནུས་པ་དང༌། གསུམ་པའི་ཚེ་དྲན་པ་ཅུང་ཟད་སྟོབས་ཆེ་བས་བྱིང་རྒོད་བྱུང་ཙམ་ནས་རིག་སྟེ་དམིགས་པ་ལ་མྱུར་དུ་བརླན་ནུས་པ་དང༌། བཞི་བའི་ཚེ་དྲན་པ་སྟོབས་ཇེ་ཆེར་སོང་སྟེ་བྱིང་རྒོད་རགས་པའི་དབང་དུ་ཆེར་མི་འགྲོ་བར་ཏིང་ངེ་འཛིན་ལ་ཇེ་ཉེར་སོང་སྟེ་སེམས་འཇོག་པ་དང༌། ལྔ་བའི་ཚེ་དྲན་པ་སྟོབས་ཆེན་གྱིས་དྲངས་པའི་ཤེས་བཞིན་གྱིས་བྱིང་བ་གཅོད་ཚབ་ཆེ་བས་ཆ་ནས་ཏིང་ངེ་འཛིན་གྱི་གསལ་ངར་ཇེ་ཆེར་སོང་བ་ལ་དགའ་བས་སེམས་དུལ་བ་དང༌། དྲུག་བའི་ཚེ་སྔར་ལས་ཀྱང་ཤེས་བཞིན་སྟོབས་ཆེར་སོང་བས་རྒོད་གཡེང་སོགས་ཀྱི་དཔལ་ཕལ་ཆེར་ཆོག་པའི་ཆ་ནས་སེམས་ཞི་བ་དང༌། བདུན་པའི་ཚེ་གསལ་ཆ་གནས་ཆའི་ངར་ཇེ་ཆེར་སོང་བའི་ཏིང་ངེ་འཛིན་ལ་སྤྲོ་བ་ཆེ་བས་གཡེང་བ་ཕྲ་རགས་ཕལ་ཆེར་རྣམ་པར་ཞི་ནུས་པ་དང༌། བརྒྱད་པའི་ཚེ་རྩོལ་བ་བསྟེན་ན་བྱིང་རྒོད་ཕྲ་མོས་ཀྱང་བར་མི་གཅོད་པར་རྩེ་གཅིག་པའི་ཏིང་ངེ་འཛིན་ཐུན་རིང་བོར་སྐྱོང་ནུས་པ་དང༌། དགུ་བའི་ཚེ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་བའི་རྩོལ་བ་ཅུང་ཟད་བྱས་པ་ཙམ་གྱིས་ཏིང་ངེ་འཛིན་རང་བབས་སུ་ཤར་ཏེ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་དང་འདྲེས་ཐུབ་པ་ལྟར་འབྱུང་ངོ༌། །སེམས་གནས་དང་བོ་གཉིས་ཀྱི་སྐབས་སུ་རྣམ་གཡེང་སོགས་འགོག་པའི་ཕྱིར་རྩོལ་བ་ཧ་ཅང་བསྒྲིམས་པས་སྒོ་ནས་ཏིང་ངེ་འཛིན་ཅུང་ཟད་ཙམ་མངོན་དུ་བྱེད། བར་བ་ལྔའི་སྐབས་སུ་ཏིང་ངེ་འཛིན་དགའ་རབ་ཡོད་ཅིང་བྱིང་རྒོད་ཀྱིས་བར་བཅད་པའི་ཚུལ་གྱིས་ཡིད་ལ་བྱེད། བརྒྱད་པའི་ཚེ་རྩོལ་བ་བསྟེན་ན་བྱིང་རྒོད་ཀྱིས་བར་གཅོད་མི་ནུས་པར་ཏིང་ངེ་འཛིན་རྒྱུན་ཆགས་སུ་གནས་པའི་ཚུལ་གྱིས་ཡིད་ལ་བྱེད། དགུ་བའི་སྐབས་སུ་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་མངོན་དུ་བྱེད་པ་ཡིན་པས། བསྒྲིམས་ཏེ་འཇུག་པ་དང༌། བར་དུ་ཆད་ཀྱང་འཇུག་པ་དང༌། སྐབས་སུ་ཆད་པ་མེད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་བྱེད་བཞིས་སེམས་གནས་རྣམས་མངོན་དུ་བྱེད་ཚུལ་དེ་འདྲ་ཡིན། ས་བཅད་གཉིས་པ་ཞི་གནས་གྲུབ་པའི་ཚད་ནི། སེམས་གནས་དགུ་བའི་སྐབས་ཀྱི་ཏིང་ངེ་འཛིན་རང་བབས་སུ་འཆར་བའི་རྒྱུན་གོམས་པར་བྱས་པ་ལས། མཚམས་ཤིག་ན་ལུས་དང་སེམས་ཀྱི་གནས་ངན་ལེན་གྱི་རླུང་ལོག་པའི་སྔ་ལྟས་སུ། རྣལ་འབྱོར་བ་དེའི་ཀླད་པ་ལྕི་བམ་མེ་བའི་བདེ་སྣང་ཆེན་པོ་སྐྱེ་ལ། དེ་སྐྱེས་མ་ཐག་ཏུ་ལུས་སེམས་ལས་སུ་རུང་བའི་རླུང་ལུས་ཀྱི་རྩ་གནས་རྣམས་སུ་རྒྱུ་བ་ལུས་ཤེས་འཁོར་གྱི་ཚོར་བས་ཟིན་པ་ན། ལུས་ཤིན་སྦྱངས་སྐྱེ་ཞིང༌། དེས་སེམས་ཤིན་སྦྱངས་ཀྱི་བདེ་བ་འདྲེན། དེའི་ཚེ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་མི་གནས་པ་མིན་ཀྱང༌། དགའ་བདེ་ཆེན་པོས་བསྐྱོད་པས་མ་ཞིའི་ཚུལ་གྱིས་གནས། དེ་ནས་རིམ་གྱིས་ཤིན་སྦྱངས་ཟད་སོང་བ་མིན་ཡང༌། གཏམ་སྙན་ཐོས་པ་ལ་རྙིང་རྒྱུ་ཡོང་བ་ལྟར་ཤིན་སྦྱངས་ཇེ་དྭངས་ཇེ་སྲབ་ཏུ་སོང་སྟེ། མཐར་དམིགས་པ་ལ་ལྷུན་ཆགས་པར་གནས་པའི་ཚེ་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པས་སྒོམ་བྱུང་གི་ཏིང་ངེ་འཛིན་ནམ་ཞིག་གནས་སམ་ཉེར་བསྡོགས་མི་ལྕོགས་མེད་ཟེར་བ་དེ་གྲུབ་པ་ཡིན་པས། ཞི་རགས་རྣམ་ཅན་གྱིས་སྲིད་རྩེའི་བར་བགྲོད་ནའང༌། དེའི་ལམ་གྱི་གཞི་ཡང་ཡིན། ཁྱད་པར་འཁོར་བའི་རྩ་བ་དྲུངས་ནས་འབྱིན་པའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པའི་གཞི་ཟིན་པ་ཡང་ཡིན་ནོ།།

      གཉིས་པ་ཤེས་རབ་ཀྱི་བསླབ་པ་འཆད་པ་ལ། ཤེས་རབ་ཀྱི་ངོ་བོ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ཀྱང༌། འདིར་ཤེས་རབ་ཀྱི་གཙོ་བོ་ལྷག་མཐོང་འཆད་པ་སྐབས་སུ་བབ་པས། ལྷག་མཐོང་དེ་ལ་ཡང་ཞི་རགས་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལྷག་མཐོང་ཕྱི་རོལ་བ་རྣམས་དང་ཐུན་མོང་བ་གཅིག་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་སོ་སོར་དཔྱོད་པ་འཇིག་རྟེན་ལས་འདས་པའི་ལྷག་མཐོང་ཐུན་མོང་མ་ཡིན་པ་གཅིག་དང་གཉིས་ལས། དང་བོ་ནི། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱིས་མིག་རིས་བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་གསུངས་པ་ལྟར། ས་གོང་འོག་གི་སྐྱོན་ཡོན་སོ་སོར་དཔྱོད་པའི་ལྷག་མཐོང་གིས་སྒོ་ནས་སྲིད་རྩེའི་བར་གྱི་དངོས་གཞི་རྣམས་རྒྱུད་ལ་བསྒྲུབ་པའི་ཕྱིར་རོལ་བ་སོགས་ཀྱང་ཡོད་མོད། འོན་ཀྱང་ཟབ་མོ་དབུ་མའི་ལྟ་བ་ལ་མོས་པའི་དབང་གིས་རེ་ཞིག་ཉོན་མོངས་མངོན་གྱུར་རྣམས་མགོ་གནོན་བྱས་པ་ཙམ་མ་གཏོགས། འཁོར་བའི་རྩ་བ་མ་རིག་པ་ལ་ཅུང་ཟད་ཀྱང་མ་གནོད་པའི་དབང་གིས་དངོས་གཞི་ལས་ཉམས་པའི་ཚེ། སླར་ཡང་འོག་མའི་ཉོན་མོངས་གང་ཡང་རུང་བ་མངོན་དུ་གྱུར་ཏེ་ཇི་སྲིད་བདག་མེད་ལ་བློ་ཁ་མ་ཕྱོགས་པ་དེ་སྲིད་གྲོལ་ལམ་དངོས་རྒྱུད་ལ་སྐྱེ་བ་མི་སྲིད་པས། དེས་ན་འཇིག་རྟེན་ལས་འདས་པའི་ལྷག་མཐོང་ཐར་འདོད་རྣམས་ཀྱིས་བསྒྲུབ་བྱའི་གཙོ་བོ་ཡིན་པས། དེ་ཇི་ལྟར་བསྒུབ་པའི་ཚུལ་ལ། ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་བསྒོམ་པའི་ཚུལ། བསྒོམ་པའི་ལྷག་མཐོང་གྲུབ་པའི་ཚད་བཤད་པ། དེ་ལ་བརྟེན་ནས་ལམ་ཀྱི་རིམ་པ་ཇི་ལྟར་བགྲོད་པའི་ཚུལ་དང་བཞི། དང་བོ་ནི། སྔར་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པའི་རྟོགས་པའི་ཡོན་ཏན་རྣམས་ཀྱང་ལྷག་མཐོང་གི་ཚོགས་སུ་ངེས་པར་འགྲོ་བ་ཤེས་སླ། དེའི་སྟེང་དུ་ཡང༌། སྐྱེས་བུ་དམ་པ་ལ་བརྟེན་པ། མང་དུ་ཐོས་པ་ཡོངས་སུ་བཙལ་བ། ཚུལ་བཞིན་ཡིད་ལ་སེམས་པ་སྟེ། ཀཱ་མ་ལ་ཤཱི་ལས་བསྒོམ་རིམ་དུ་བཀོད་པ་དེ་རྣམས་ཉམས་སུ་ལེན་དགོས་ཀྱང༌། དེ་དག་ལ་སློབ་འདོད་ཤུགས་དྲག་སྐྱེ་བའི་ཕྱིར་སྔོན་དུ་བདག་མེད་རྟོགས་པའི་ཤེས་རབ་བསྒོམ་པའི་ཕན་ཡོན་སྒོ་དུ་མ་ནས་ཡང་དང་ཡང་དུ་བསམ་ན། མ་བསྒོམ་པའི་ཉེས་དམིགས་ཤུགས་ལ་ཤེས་འོང་བས་རྒྱུ་ཚོགས་དེ་དག་ལ་སློབ་འདོད་རང་ཤུགས་ཀྱིས་སྐྱེ། ཕན་ཡོན་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་དང༌། རྗེ་བླ་མས། ཤེས་རབ་ཟབ་མོའི་དེ་ཉིད་བལྟ་བའི་མིག །ཅེས་སོགས་མང་དུ་གསུངས་པ་ལྟར། རང་རྒྱུད་ལ་མཐོང་ཟིན་དང༌། མ་འོང་བ་ན་མཐོང་འགྱུར་གྱི་ཡོན་ཏན་སོགས། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལས་བྱུང་བ་དང༌། བདག་འཛིན་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྒོ་ནས། གཏི་མུག་གི་མུན་པ་སེལ་བའི་སྒྲོན་མེའི་མཆོག་ཏུ་བསྔགས་པ་དང༌། ཟབ་དོན་བལྟ་བའི་ཤེས་རབ་དེ་ཉིད་སྦྱིན་སོགས་དང་བོ་ལྔའི་མིག་དང་ཡང་འདྲ་བ་ཡིན་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། སློབ་དཔོན་ཟླ་བས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་གསུངས་པ་ལྟར། དམུས་ལོང་རྣམས་ལོང་ཁྲིད་བྱེད་པའི་མིག་ལྡན་གྱི་སྐྱེས་བུའི་གྲོགས་དང་བྲལ་ན་རང་གང་འདོད་ཀྱི་ཡུལ་དུ་ཕྱིན་མི་ནུས་པར་མ་ཟད། འགྲོ་སའི་ལམ་ཙམ་ཡང་མི་མཐོང༌། དེ་བཞིན་དུ་མིག་ལྡན་གྱི་སྐྱེས་བུ་དང་འདྲ་བའི་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་ན། གཞན་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། ངེས་འབྱུང་དང༌། བྱམས་སོགས་ཚད་མེད་བཞི་དང༌། བྱང་ཆུབ་ཀྱི་སེམས་དང༌། ཕར་ཕྱིན་དང་བོ་ལྔ་ལ་སོགས་པས་མཚོན། ཐབས་ཀྱི་ཆ་རྣམས་ལ་དུས་བསྐལ་བའི་བར་དུ་གོམས་ཀྱང་ཐེག་པ་གསུམ་གང་གིས་ཀྱང་བྱང་ཆུབ་ཐོབ་མི་ནུས་པ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་པ་ལྟར། ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ལ་ཅི་ཙམ་འབད་ཀྱང་སྲིད་པའི་་རྩ་བ་གཅོད་མི་ནུས་པའི་རྒྱུ་མཚན་ནི། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་པ་ལྟར། བྱམས་སོགས་ཐབས་ཀྱི་ཆ་རྣམས་རྨོངས་པ་མ་རིག་པའི་འཛིན་ཚུལ་ཕྱིན་ཅི་ལོག་ཏུ་རྟོགས་པའི་རྣམ་ཅན་མིན་པར་དག་འཛིན་དང་འཛིན་སྟངས་དངོས་འགལ་དུ་མ་སོང་བའི་ཆ་ནས་མ་རིག་པའི་དངོས་གཉེན་དུ་མ་སོང་བ་ཡིན། དེས་ན་བརྒྱད་ཁྲི་བཞི་སྟོང་གིས་བསྡུས་པའི་ཉོན་མོངས་རེ་ལ་གཉེན་པོ་མི་འདྲ་བ་རེ་རེ་བསྟན་ནས་སྤོང་དགོས། ཕྱིན་ཆད་ཉོན་མོངས་ལ་ཟད་ཐབས་མེད་པའི་ཕྱིར་ན་ཉོན་མོངས་ཀུན་གྱི་རྩ་བ་བདག་འཛིན་བཟློག་དགོས། དེ་ཇི་ལྟར་བཟློག་པའི་ཚུལ་ཡང༌། བུམ་པ་ཐོ་བས་བཅོམ་པ་ལྟར་བྱེད་ལུགས་མེད་པར། བདག་འཛིན་གྱི་འཛིན་ཚུལ་ཡང་དག་པའི་དོན་ལ་མ་ཞུགས་པར་ཕྱིན་ཅི་ལོག་ཏུ་རྟོགས་པའི་ཤེས་རབ་སྐྱེས་ན། བདག་འཛིན་གྱི་ཞེན་པ་རང་ཤུགས་ཀྱིས་འགག་འགྲོ་བས། དེ་འདྲའི་ཤེས་རབ་དེ་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ཀྱང༌། ངེས་འབྱུང་གི་བསམ་པ་ཤུགས་དྲག་དང༌། བསྐལ་ཆེན་བརྒྱའི་ཚོགས་ལ་སོགས་པ་དང་སྦྲེལ་ན་རང་སྲས་ཉན་རང་འཕགས་པ་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་ན་རང་སྲས་སངས་རྒྱས་འཕགས་པའི་གོ་འཕང་བསྐྲུན་པ་སོགས་ཀྱི་ཕན་ཡོན་ཆེ་བའི་རྒྱུ་མཚན་གྱིས། མངོན་རྟོགས་རྒྱན་ལས། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་དང༌། མདོ་ལས། མ་ནི་ཤེས་རབ་ཕ་ནི་ཐབས། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་ལྟར་ཤེས་རབ་སྤྱི་དང༌། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་བསམ་ན། གནས་ལུགས་ཀྱི་དོན་ཚུལ་བཞིན་དུ་སྟོན་པའི་མཚན་ལྡན་གྱི་སྐྱེས་བུ་དམ་པ་བསྟེན་འདོད་དང༌། དེའི་ཞལ་སྔ་ནས་སྟོང་བ་ཉིད་ཀྱི་གདམས་ངག་ཉན་འདོད་དང༌། དེ་དོན་ཚུལ་བཞིན་ཡིད་ལ་བྱེད་འདོད་རྣམས་ངམ་ངམ་ཤུགས་ཀྱིས་སྐྱེ་འོང་བས་གདམས་དོན་བདག་མེད་ཀྱི་རྣམ་བཞག་ཇི་ལྟར་གཏན་ལ་འབེབས་པའི་ཚུལ་དང༌། གང་ཟག་དང་ཆོས་བདེན་པས་སྟོང་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་དགོས། དེ་ལ་སྟོང་གཞི་ཆོས་ཅན་ངོས་མ་ཟིན་པར་དེའི་སྟེང་གི་སྟོང་ཉིད་དངོས་འཛིན་ལུགས་མེད་པས། ཐོག་མར་གང་ཟག་གམ་ངའམ་བདག་ཅེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་བ་ཡིན། །འདུ་བྱེད་ཕུང་བོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་བོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་པའི་ལུང་འདིས་གང་ཟག་གི་ཁུངས་སྟོན་པར་རང་སྡེ་གྲུབ་མཐའ་སྨྲ་བ་ཀུན་གྱིས་འདོད་ཀྱང༌། དགོངས་པ་ལེན་ཚུལ་མི་འདྲ་སྟེ། བྱེ་སྨྲས་ཡ་གྱལ་གྱི་ཕུང་བོ་རྣམས་ལ་མ་བརྟེན་པར་གང་ཟག་འཇོག་ལུགས་མེད་པས་ཕུང་བོའི་ཚོགས་ཙམ་དེ་ཉིད་གང་ཟག་གི་མཚན་གཞིར་འཇོག་དགོས་པའི་དོན་དུ་འདོད། སེམས་ཙམ་པས་ཕུང་བོ་རྣམས་ལ་མ་བརྟེན་པར་གཞན་ཞིག་ནས་གང་ཟག་འཚོལ་ཐབས་མེད་པས་ཕུང་བོ་འདིའི་ནང་ནས་བཙལ་དགོས། བཙལ་བའི་ཚེ་ཀུན་གཞིའི་རྣམ་ཤེས་གང་ཟག་གི་མཚན་གཞིར་འཇོག་དགོས་པའི་དོན་དང༌། རང་རྒྱུད་པས་ཕུང་བོ་རྣམས་ལ་མ་བརྟེན་པར་གང་ཟག་འཇོག་ཐབས་མེད་ཀྱང༌། ཕུང་བོ་རྣམས་གང་ཟག་གི་འཇོག་བྱེད་མ་ཡིན་པར་ཡུལ་གྱི་རང་མཚན་ལ་མ་འཁྲུལ་བའི་བློ་གནོད་མེད་ཅིག་ལ་སྣང་བའི་དབང་གིས་འཇོག་དགོས། དེ་ལྟར་བཞག་པ་ཙམ་གྱིས་མི་ཆོག་པར་གདགས་གཞིའི་ངོས་ནས་ཀྱང་གྲུབ་དགོས། དེས་ན་རྣམ་ཤེས་ཀྱི་རྒྱུན་གང་ཟག་གི་མཚན་གཞིར་འཇོག་པའི་དོན་དང༌། ཐལ་འགྱུར་བས་གདགས་གཞིའི་ཕུང་བོ་བཞིའམ་ལྔའི་ཚོགས་ཙམ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ཉིད་གང་ཟག་ཏུ་འཇོག་དགོས་པའི་དོན་དུ་འདོད། དེ་ལྟར་རང་རྒྱུད་པ་སོགས་གྲུབ་མཐའ་འོག་མས་ལས་འབྲས་ཀྱི་རྟེན་དུ་བདག་ཇི་ལྟར་བཞག་ཚུལ་དེ། ཐལ་འགྱུར་པས་གཞལ་ན་མདོའི་དགོངས་པར་མ་སོང་སྟེ། བྱེ་སྨྲའི་འདོད་པ་ལྟར་གྱི་ཕུང་བོའི་ཚོགས་ཙམ་གང་ཟག་ཡིན་ན། གདགས་གཞི་བཏགས་ཆོས་གཉིས་གཅིག་ལུགས་མེད་པས། ཕུང་བོའི་ཚོགས་ཙམ་གང་ཟག་གི་གདགས་གཞི་མིན་དགོས། དེ་མ་ཡིན་ན། ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟའི་གདགས་གཞིར་མདོ་ལས་དངོས་སུ་གསུངས་པའི་དཔེ་དང་འགལ། སེམས་ཙམ་པས་ཕུང་བོ་ཞེས་པའི་སྤྱི་སྒྲ་བྱེ་བྲག་ལ་སྦྱར་ཏེ། ཀུན་གཞི་བདག་གི་མཚན་གཞིར་བཞག་པ་ཡང་མདོ་དང་དངོས་སུ་འགལ་ཏེ། མདོ་ལས་གསུངས་པའི་ཚེ། ཆ་མ་ཕྱེ་བར། ཕུང་བོ་རྣམས་བརྟེན་ནས། གསུངས་པ་དང་འགལ་ལོ། །རང་རྒྱུད་པས་གང་ཟག་གདགས་གཞིའི་ངོས་ནས་གྲུབ་དགོས་ཞེས་པ་ཡང་མི་འཐད་དེ། གདགས་གཞིའི་ངོས་ནས་གྲུབ་ན། གང་ཟག་དེ་ལ་བཏགས་པའི་བཏགས་ཆོས་སུ་འགྲོ་ལུགས་མེད་པ། དཔེར་ན། ཚུ་རི་ཕ་རི་ལ་་བལྟོས་ནས་གྲུབ་ཀྱང༌། ཕ་རིའི་ངོས་ནས་མ་གྲུབ་པ་བཞིན་ཡིན་ནོ་གསུངས། རང་སྡེ་ཀུན་གྱིས་ཀུན་བཏགས་སུ་འདོད་པའི་ཕྱི་རོལ་མུ་སྟེགས་པས་བདག་འཇོག་ཚུལ་ཡང༌། རྒྱང་འཕེན་པ་མ་ཡིན་པའི་ཕྱི་རོལ་པ་ཀུན་གྱིས་ལས་དང་འབྲས་པའི་རྟེན་དུ་གྱུར་བའི་བདག་དེ་འདི་ལྟར་ཡོད་པར་འདོད་དེ། གང་ཟག་གི་ཕུང་བོའི་དབྱིབས་དང་ཁ་དོག་སོགས་མཐོང་ཚེ། དབྱིབས་ཁ་དོག་ཁོ་ནས་བློ་མི་སྐྱེ་བར་གང་ཟག་གི་བློ་སྐྱེ་བ་ཕུང་བོ་ལས་དོན་གཞན་པའི་བདག་ཡོད་པའི་རྟགས་ཡིན། དེ་འདྲའི་བདག་དེ། མི་འཇིག་པའི་རྟག་པ། ཆ་མེད་པའི་གཅིག་པུ། རྫས་ཡོད་ཀྱི་རིལ་བོའམ་རང་དབང་བའི་ངོ་བོ་ཡིན་ཏེ། ཚེ་སྟོད་སྨད་ཀྱི་བདག་དེ་རང་བཞིན་མི་གཅིག་བའི་ཐ་དད་དང༌། མི་རྟག་པ་ཡིན་ན་གཞན་གྱིས་ངོ་མི་ཤེས་དགོས་པ་ལ། ངོ་ཤེས་པ་མྱོང་བས་འགྲུབ་པས། སྐྱེ་བ་སྔ་ཕྱིའི་བདག་རང་དབང་བའི་རྟག་པ་ཡིན་ནོ། །དཔེར་ན། སྣོད་ཐ་དད་པའི་དབང་གིས་ནམ་མཁའི་འཆར་ལུགས་སྣ་ཚོགས་ཡོད་ཀྱང༌། ནམ་མཁའ་ནི་ཐོགས་རེག་བཀག་པའི་སྟོང་སངས་ཡིན་པ་ལ་མི་འདྲ་བ་མེད་པ་བཞིན་ཡིན་ཟེར་རོ། །དེ་ལྟར་མུ་སྟེགས་པ་རྣམས་ཀྱིས་སྒྲོ་བཏགས་པའི་བདག་དེ། དེ་ལུགས་ལྟར་གྲུབ་ན། སྐྱེ་འཆི་མི་བྱེད་པར་ཐལ་བ་དང༌། རང་བཞིན་གཅིག་ན་འགྲོ་བ་གཅིག་ཀྱང་རིགས་དྲུག་ཀར་ཐལ་བ་དང༌། ལས་ཉོན་གྱི་གཞན་དབང་ཅན་མིན་དགོས་པས། དེ་འདྲའི་བདག་དེ་ཀུན་བཏགས་དང༌། དེ་ལྟར་གྲུབ་པར་འཛིན་པའི་འཇིག་ལྟ་དེ་བདག་འཛིན་ཀུན་བཏགས་སུ་འདོད་པ་ལ་རང་སྡེ་རྣམས་ཁྱད་མེད་དོ། །མང་བཀུར་པ་རྣམས་ཀྱིས་བདག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཐད་དོ་སྙམ་པའི་མཐར་འཛིན་གྱི་འཇིག་ལྟ་ཡང་ཀུན་བཏགས་སོ། །བྱེ་སྨྲ་ནས་རང་རྒྱུད་པའི་བར་གྱི་བདག་འཇོག་ཚུལ་སྔར་ལྟར་དང༌། དེ་དམིགས་ཡུལ་དུ་བྱེད་པའི་བདག་འཛིན་ལྷན་སྐྱེས་ཇི་ལྟར་འཇོག་པའི་ཚུལ་ནི། གྲུབ་མཐས་རྒྱུད་བསླད་པ་ལ་མ་བལྟོས་པར། བདག་ཕུང་མཚན་ཉིད་མི་མཐུན་ཞིང༌། ཕུང་བོ་དབང་བསྒྱུར་བྱ་དང༌། བདག་དབང་སྒྱུར་བ་བོར་རང་རྐྱ་ཐུབ་པར་ངམ་ངམ་ཤུགས་ཀྱིས་འཆར་བའི་འཇིག་ལྟ་དེ། དུད་འགྲོ་ཚུན་ཆད་ཀྱི་རྒྱུད་ལ་ཡོད་པས། དེ་བདག་འཛིན་ལྷན་སྐྱེས་ཡིན་ཞིང༌། དེ་ལས་ཕྲ་བའི་བདག་འཛིན་ལྷན་སྐྱེས་མེད་པར་བཞེད་དོ། དེས་ན་བདག་མེད་འཇོག་ཚུལ་ཡང༌། བདག་འཛིན་ལྷན་སྐྱེས་དེས་བཟུང་བ་ལྟར་གྲུབ་ན། རྗེ་བོ་ལྟ་བུའི་རང་རྐྱ་བའི་བདག་དེ། རང་གིས་དབང་བསྒྱུར་བྱའི་ཕུང་བོའི་སྟེང་དུ་གྲུབ་དགོས། གྲུབ་ཚུལ་ཡང་གཅིག་ཐ་དད་གང་རུང་དུ་མ་གྲུབ་ན་གྲུབ་ལུགས་མེད་པས། གཅིག་ཏུ་གྲུབ་ན། བླང་བྱ་བླང་བྱེད་གཅིག་ཏུ་ཐལ་བའི་སྐྱོན་དང༌། ཐ་དད་དུ་གྲུབ་ན། ཕུང་བོ་ལ་ཕན་གནོད་བྱུང་བས་བདག་ལ་ཕན་གནོད་མི་འབྱུང་དགོས་པ་ལ། ཕན་གནོད་འབྱུང་བ་མངོན་སུམ་གྱིས་གྲུབ་པས། དེས་ན་བདག་འཛིན་ལྷན་སྐྱེས་དེས་བཟུང་བ་ལྟར་གྲུབ་པའི་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པས། དེ་མངོན་སུམ་དུ་མཐོང་ཟིན་གོམས་པའི་སྟོབས་ཀྱིས་ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་ཐུབ་པར་བཞེད། དེ་ལྟར་རང་རྒྱུད་པ་མན་ཆད་ཀྱི་གྲུབ་མཐས་བཞག་པའི་བདག་དང༌། དེ་ཕུང་བོ་དང་མཚན་ཉིད་མི་མཐུན་པར་རྗེ་ཁོལ་ལྟར་རང་རྐྱ་ཐུབ་པར་འཛིན་པའི་བདག་འཛིན་དང༌། སེམས་ཙམ་པས་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་ཞལ་གྱིས་བཞེས་ཀྱང༌། སེམས་བདེན་གྲུབ་ཏུ་ཁས་བླངས་པ་དང༌། རང་རྒྱུད་པ་རྣམས་ཀྱིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱིས་སྟོང་ཡང༌། ཆོས་ཐམས་ཅད་གདགས་གཞིའི་ངོས་ནས་གྲུབ་པར་འདོད་པ་སོགས་ལ། ཐལ་འགྱུར་པས་བལྟས་ན་དེ་ཐམས་ཅད་འཛིན་པ་ཀུན་བཏགས་དང༌། དེ་དག་གི་ཞེན་ཡུལ་བཀག་པའི་སྟོང་བ་ཡང་ཆོས་ཅན་ཉི་ཚེ་བའི་སྟོང་བ་ཙམ་ལས་མེད་པས། བདག་ལྟ་ལྷན་སྐྱེས་ལ་མི་གནོད་པར་མ་ཟད། ཕུང་བོ་དང་མཚན་ཉིད་གཅིག་འཛིན་གྱི་འཛིན་པ་ཇེ་བརྟན་དུ་བཏང་སྟེ་དགག་བྱའི་ལྷག་མ་ལུས་པས་ན། དེ་འདྲའི་སྟོང་ཉིད་རྟོགས་པའི་བློ་དེ་ཐབས་ཁྱད་པར་ཅན་དང་སྦྲེལ་ནས་བསྒོམ་ཀྱང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ནུས་པ་ལྟ་ཅི། ཐར་བའི་གོ་འཕང་ཙམ་ཡང་ཐོབ་མི་ནུས་པར་བཞེད་དོ། །དེའི་རྒྱུ་མཚན་ཡང༌། སྒོམ་རིམ་བར་བ་ལས། རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ཡུན་ཤིན་ཏུ་རིང་མོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དེ། དཔེར་ན། རྭ་ལས་འོ་མ་བཞོ་བ་བཞིན་ནོ། །གསུངས་པ་ལྟར། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འཐོབ་པ་ལ་གཞིའི་སྐབས་སུ་བདེན་གཉིས་གཏན་ལ་འབེབ་ཚུལ་མ་ནོར་བ་དགོས་པ་ལ་ནོར་བས་ལན་ནོ། །འོན་ཀྱང་གྲུབ་མཐའ་འོག་མའི་ལྟ་བ་འཇོག་ཚུལ་འདི་དག་ལ་གོ་བ་ལེགས་པར་ཆགས་པ། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ལྷན་སྐྱེས་དང༌། དེའི་ཞེན་ཡུལ་བཀག་པའི་སྟོང་ཉིད་ཇི་བཞིན་ངོས་ཟིན་པའི་ཐབས་སུ་འགྲོ་ཕྱིར། ཉམས་ལེན་གྱི་གཙོ་བོ་མིན་ཡང་དགོས་པ་མེད་སྙམ་དུ་འདོར་མི་རུང༌། ཐལ་འགྱུར་བའི་ལུགས་ལ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་ལྟ་ལྷན་སྐྱེས་བདག་འཛིན་ལ་འདོད་ཀྱང༌། དེའི་འཛིན་ཚུལ་གྲུབ་མཐའ་འོག་མས་ངོས་བཟུང་བ་དང་མི་འདྲ་སྟེ། དཔེར་ན། ཚོང་དཔོན་ཚོང་བ་ལས་ཟུར་དུ་མི་བཀར་བར། ཚོང་བའི་རང་བཞིན་ཅན་ཡིན་པ་བཞིན་དུ། བདག་ཕུང་བོ་ལས་ཟུར་དུ་མི་བཀའ་བར་ཕུང་བོའི་རང་བཞིན་ཅན་དུ་འཆར་བར་འདོད། དེ་ཇི་ལྟར་འཆར་ཚུལ་ནི། བདག་ལ་གཞན་གྱིས་གནོད་འཚེ་དང༌། བརྡུང་བརྡེག་དང༌། བདག་གཞན་གྱིས་མཐོང་སྙམ་པ་སོགས་ཀྱི་ཚེ་ཕུང་བོ་དང་གཅིག་འཛིན་གྱི་བློ་ཡོད་པ་ལྟར། འགྲོ་འཆག་ཉལ་འདུག བཀྲེས་སྐོམ། སྐྱེ་འཆིའི་འཚེར་སྣང༌། སྨྲ་བརྗོད་སོགས་ཐམས་ཅད་ཀྱི་སྐབས་སུ་ཕུང་བོ་ལ་བདག་གི་སྣང་བ་འཆར་ཞིང༌། མདོར་ན་ཕུང་བོ་ལ་དམིགས་པའི་ཆོས་ཀྱི་བདག་འཛིན་དེ་སྔོན་དུ་མ་སོང་བར། ངར་འཛིན་ལྷན་སྐྱེས་སྐྱེ་ཐབས་མེད་པ། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་བོ་འཛིན་ཡོད་པ།།དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་པ་ལྟར་ཡིན། འོན་ཀྱང་ཚོང་དཔོན་ཚོང་དང་ཚོང་བ་ལ་དབང་སྒྱུར་བ་བོ་ཡིན་པ་བཞིན། བདག་ཀྱང་ཕུང་བོ་ལ་དབང་སྒྱུར་བའི་རང་རྐྱ་བར་སྣང་ཚེ། རྟག་གཅིག་རང་དབང་ཅན་དང༌། རྗེ་ཁོལ་ལྟར་གྱི་སྣང་ཚུལ་དང་འཛིན་ཚུལ་ཀྱང་མེད་པ་མ་ཡིན་ཏེ། ངའི་ཕུང་བོ། ངའི་ཡན་ལག ངའི་སེམས་ཞེས་སོགས་ཀྱི་སྐབས་ཕུང་བོ་དང་ཐ་དད་པའི་སྣང་བ་འཆར་ཡང༌། ཕུང་བོ་དང་ཡན་ལག་སོགས་ལ་གནོད་པ་བྱས་ཚེ། བདག་ལ་གནོད་པ་བྱས་སྙམ་དུ་ཡང་ཕུང་བོ་དང་གཅིག་འཛིན་གྱི་བློ་སྐྱེ་བ་བཞིན་དུ། ཕུང་བོ་རྙིང་བ་ལུས་གསར་བ་ཞིག་དང་བརྗེ་ཐབས་ཡོད་ན། ངེས་པར་རྗེ་བ་བོ་ཡིན་པའི་བློ་ཡང་འཆར་མོད་ཀྱང༌། དེའི་ཚེ་ནའང༌། བདག་བཟང་ངན་དང་བདག་གསར་རྙིང་གི་བློ་ཞེ་ཕུག་ན་ངམ་ངམ་ཤུགས་ཀྱིས་ཡོད་པས། ཕུང་བོ་དང་ཐ་དད་པའི་འཆར་ལུགས་དེ་འཛིན་ཚུལ་གཙོ་བོ་མ་ཡིན་པར། དུས་ཀུན་ཏུ་ཕུང་བོ་དང་གཅིག་འཛིན་གཙོ་བོ་ཆེ་བ་ཞིབ་ཏུ་བསམ་ན་མྱོང་བས་ཀྱང་འགྲུབ། མདོར་ན་ཐལ་འགྱུར་བའི་ལུགས་ལ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་གང་ཟག་ཕུང་བོ་ལས་ཟུར་དུ་མི་ཕྱེ་བར། ཕུང་བོའི་རང་བཞིན་གྱི་ཕུང་བོ་ལ་དབང་སྒྱུར་བ་བོར་རང་མཚན་གྱིས་གྲུབ་པར་འཛིན་པའི་བདག་ལྟ་ལྷན་སྐྱེས་དེ། གང་ཟག་གི་བདག་འཛིན་ཕྲ་མོ་དང༌། ཆོས་རང་མཚན་གྱིས་གྲུབ་པར་འཛིན་པའི་ལྟ་བ་དེ། ཆོས་ཀྱི་བདག་འཛིན་ཕྲ་མོ་ཡིན་ཀྱང༌། འདིར་ས་བོན་ཙམ་ཞིག་བཀོད་པ་མ་གཏོགས། ཚོགས་བསགས་སྒྲིབ་སྦྱོང་དང་སྦྲེལ་ནས་ཞིབ་ཏུ་བསམ་ཚུལ་ནི། རིག་པ་དྭངས་སྙིགས་ཕྱེ་སྟེ། ངར་འཛིན་རྒྱུད་ལ་སྐྱེར་བཅུག་ནས། དེ་བློས་ཡུལ་ལས་མ་བོར་བར། རིག་པའི་ཟུར་གཅིག་གིས། དེས་ཇི་ལྟར་བཟུང་ཚུལ་ཡུན་བསྲིང་ནས་དཔྱད་ན། བདག་ཕུང་དབྱེར་མེད་ཀྱི་སྟེང་ན། འཇོག་བྱེད་ལ་མ་བལྟོས་པར། གདགས་གཞིའི་ངོས་ནས་རང་རྐྱ་བའི་སྡོད་ལུགས་ཤིག་ཡོད་པར་སྣང་ཞིང༌། སྣང་བ་ལྟར་གྲུབ་པར་ཞེན་པའི་འཛིན་ལུགས་དེ་ངོ་ལེགས་པར་ཤེས་པའི་ཚེ། གནད་བཞིའི་ནང་ནས་དགག་བྱ་ངེས་པའི་གནད་ངོས་ཟིན་པ་ཡིན། དེ་ནས་སྤྱིར་ཆོས་ཐམས་ཅད་གྲུབ་ཚུལ། ཡང་ན་གཅིག་དང༌། ཡང་ན་ཐ་དད་དུ་གྲུབ་དགོས་པ་བཞིན་བྱེ་བྲག་ཕུང་བོ་ལ་དབང་སྒྱུར་བ་བོའི་བདག་དེ་ཡང༌། རང་གི་གདགས་གཞིའི་སྡོད་ལུགས་དང་གཅིག་ཏུ་གྲུབ་པའམ། དུ་མར་གྲུབ། དེ་གང་རུང་མ་གྲུབ་ན་མ་གྲུབ་པར་ཐག་ཆོད་པ་ཁྱབ་པ་ངེས་པའི་གནད་ཡིན། དེ་ནས་བདག་དེ་རང་གི་གདགས་གཞིའི་ཕུང་བོ་དང་གཅིག་ཏུ་གྲུབ་ན། རྩ་ཤེས་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་དང༌། གལ་ཏེ་ཕུང་བོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་དང༌། འཇུག་པ་ལས། གལ་ཏེ་ཕུང་བོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་བོར་འགྱུར། །གསུངས་པ་ལྟར། བདག་ཕུང་བོ་དང་རང་བཞིན་གཅིག་ཡིན་སྙམ་པའི་བློ་སྐྱེ་ཡང༌། ཕུང་བོ་བདག་གོ་སྙམ་པའི་བློ་མི་སྐྱེ་བ་མངོན་སུམ་གྱིས་གྲུབ་པས། ཕུང་བོ་བདག་ཡིན་ན། ཕུང་བོ་ལས་ལོགས་སུ་བདག་ཁས་བླངས་པ་དོན་མེད་པ་དང༌། ཕུང་བོ་ལྔ་ཡོད་པ་བཞིན་དུ་བདག་ལྔ་ཡོད་པའམ། བདག་གཅིག་ལས་མེད་པ་བཞིན་དུ་ཕུང་བོ་ལྔ་གཅིག་ཏུ་ཐལ་བ་དང༌། ཕུང་བོ་བླང་བྱ་དང༌། བདག་ལེན་པ་བོ་མིན་པའི་སྐྱོན་དང༌། སྡོད་ལུགས་ཀྱིས་སྐྱེ་འཇིག་ཡོད་ན། ལས་མ་བྱས་པ་དང་འཕྲད་པ་དང༌། ལས་བྱས་པ་ཆུད་ཟོས་སུ་ཐལ་བ་དང༌། སྐྱེ་བ་དྲན་པ་མི་འཐད་པའི་སྐྱོན་རྣམས་བསམ་སྟེ། གཅིག་ཏུ་མ་གྲུབ་པར་ཐག་ཆོད་པ་ནི་གཅིག་བྲལ་ངེས་པའི་གནད་དང༌། དེ་ནས་བདག་ཕུང་ཐ་དད་དུ་མ་གྲུབ་ཕྱིན་འགྲུབ་ལུགས་མེད་པས། གཅིག་པའི་ཕྱོགས་ལ་བློ་འཁོར་མི་དགོས་པ་ཞེ་ཕུགས་སུ་བཞག་ནས། བདག་ཕུང་གཉིས་རང་རང་གི་སྡོད་ལུགས་ཀྱིས་ཐ་དད་དུ་སོང་ན། རྟ་དང་བ་ལང་བཞིན་འབྲེལ་མེད་དོན་གཞན་དུ་འགྱུར་པས། དེས་ན་ཚ་གྲང་ལྟོགས་སྐོམ་ངལ་དུབ་སོགས་ཀྱིས་གནོད་པས་བདག་ལ་མི་གནོད་དགོས་པ་དང༌། ཕུང་བོ་སྐྱེ་འཇིག་གི་མཚན་ཉིད་ཅན་ཡིན་པ་བཞིན་དུ། བདག་གིས་སྐྱེ་འཇིག་མི་བྱེད་ན། བདག་རང་དབང་བའི་རྟག་པ་ཡིན་དགོས་པས། བཅིང་གྲོལ་སོགས་ཀྱི་རྣམ་བཞག་མི་འཐད་པ་དང༌། མདོར་ན་ཕུང་བོ་མེད་བཞིན་དུ་བདག་གི་བློ་སྐྱེ་ཚུལ་ཡོད་དགོས་པ་ལ་དེ་མེད་པ་རང་མྱོང་གིས་འགྲུབ་པས། དེ་ནི་དུ་བྲལ་ངེས་པའི་གནད་དོ། །དེ་ལྟར་ཞིབ་ཏུ་དཔྱད་ཚེ། བདག་ཕུང་བོ་དང་གཅིག་དུ་མ་གང་དུ་ཡང་མ་གྲུབ་པའི་སྟོང་བ་དེ་གང་ཟག་གི་བདག་མེད་ཕྲ་མོ་དང༌། དེ་རྟོགས་པའི་བློ་ལ་བདག་མེད་རྟོགས་པའི་ཤེས་རབ་དང་དབུ་མའི་ལྟ་བ་ཡང་ཟེར་རོ། །ཆོས་ཀྱི་བདག་མེད་འཇོག་ཚུལ་ནི་མིག་སྣ་སོགས་ཕྱི་ནང་གི་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ངོས་ནས་སྡོད་ལུགས་ཀྱིས་གྲུབ་པར་འཛིན་པའི་ལྟ་བ་ཉོན་མོངས་ཅན་དེ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་དང༌། ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ཆ་ཤས་རྣམས་དང་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པའི་སྟོང་བ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། །བདག་འཛིན་གཉིས་ཀྱི་སྐྱེ་རིམ། ཇི་སྲིད་ཕུང་བོ་འཛིན་ཡོད་པ། །ཞེས་སོགས་ལྟར། ཆོས་ཀྱི་བདག་འཛིན་གྱིས་སྣ་དྲངས་ཏེ་གང་ཟག་གི་བདག་འཛིན་སྐྱེ་བ་ཡིན་ཀྱང༌། དབང་བོ་རྣོ་རྟུལ་ཀུན་དང༌། ཁྱད་པར་དབང་རྟུལ་གྱིས་རྟོགས་སླ་བར་དགོངས་ནས། གང་ཟག་གི་བདག་མེད་སྒོམ་ཚུལ་སྔོན་དུ་གསུངས་པ་མ་གཏོགས། ངེས་ཅན་མིན་ཏེ། ཕྱག་ཆེན་གྱི་སྐབས་སུ་སེམས་བདེན་སྟོང་སྔོན་དུ་བསྒོམ་ཚུལ་ཀྱང་གསུངས་སོ། །དེ་ལྟར་སྟོང་ཉིད་ངེས་པའི་ངེས་ངོ་དེར་སྟོང་སངས་འབའ་ཞིག་འཆར་བ་མ་གཏོགས། དགག་བྱའི་བདག་དང་སྣང་ཙམ་གྱི་ང་གཉིས་ཀའི་སྣང་བ་ལོག་པ་འདྲ་ཡང། རྗེས་ཐོབ་ཀྱི་ཚེ་བདག་གིས་སྣང་བ་འཆར་ཚུལ་སྔར་དང་མི་འདྲ་བར། རང་ངོས་ནས་གྲུབ་གྲུབ་འདྲ་བའི་ཞེན་པ་ཇེ་སྲབ་ཏུ་སོང་བ་སྟེ། དཔེར་ན། ཐག་ཁྲར་སྦྲུལ་འཛིན་གྱི་བློས་འཇིགས་སྣང་བྱུང་ཚེ། དེའི་འཛིན་ཚུལ་ཕྱིན་ཅི་ལོག་ཏུ་མ་ཤེས་པར་འཇིགས་སྣང་དེ་ཟློག་ཐབས་མེད་ལ། ལེགས་པར་བརྟག་ཚེ། དབྱིབས་དང་ཁ་དོག་འཁྱིལ་ལུགས་ཆ་ཤས་སོགས་གང་ཡང་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་མི་རྙེད་པ་བཞིན། མ་བརྟག་མ་དཔྱད་པའི་ཤེས་པ་རང་ག་བའི་ངོར། ཕུང་བོ་ལ་བདག་ཏུ་སྣང་ཡང༌། ཞིབ་ཏུ་བསམ་ཚེ། ཕུང་བོའི་ཚོགས་པ་ཕུང་བོ་ཡན་གར་བ། ཕུང་བོའི་རྒྱུན་སྔ་ཕྱིའི་ཆ་ཤས་སོགས་གང་ཡང་བདག་གི་མཚན་གཞིར་མི་རྙེད་པས། གང་ཟག་བཏགས་ཡོད་མིང་རྐྱང་ཙམ་དུ་འཆར། སྣང་ཕྱོགས་རྟེན་འབྲེལ་དེ་ལྟར་ངེས་པའི་སྟོབས་ཀྱིས། བདག་ཕུང་བོ་ལ་བལྟོས་ཀྱང་ཕུང་བོའི་ངོས་ནས་མ་གྲུབ་པའི་སྟོང་ཕྱོགས་ལ་ངེས་པ་དྲངས་ཏེ་སྣང་བ་སྟོང་བའི་གྲོགས་དང༌། སྟོང་བ་སྣང་བའི་གྲོགས་སུ་འཆར་རོ། །དེའི་ཚེ་རང་མཚན་གྱིས་མ་གྲུབ་པ་དང༌། གཏན་མེད་ཀྱི་ཁྱད་པར་ཡང་བདེ་བླག་ཏུ་རྟོགས་ནུས་པ་འབྱུང་ངོ༌། །རྟག་ཆད་ཀྱི་མཐའ་སྤོང་ཚུལ་ནི། རང་རྒྱུད་པ་མན་ཆད་ཀྱིས། སྣང་བས་མེད་མཐའ་སེལ་ཞིང༌། སྟོང་བས་ཡོད་མཐའ་སེལ་བར་འདོད། ཐལ་འགྱུར་བས། གང་ཟག་གདགས་གཞིའི་སྡོད་ལུགས་ཀྱིས་མ་གྲུབ་ལ་ངེས་པ་གཏིང་ནས་དྲངས་པའི་སྟོབས་ཀྱིས། གདགས་གཞི་ལ་བལྟོས་ནས་གྲུབ་པ་ངམ་ངམ་ཤུགས་ཀྱིས་ཤེས་འོང་བའི་ཕྱིར་ན། སྟོང་བས་མེད་མཐའ་སེལ་ཞིང༌། གདགས་གཞི་ལ་བརྟེན་ནས་འབྲེལ་བ་ངེས་པའི་སྟོབས་ཀྱིས་གདགས་གཞིའི་ངོས་ནས་གྲུབ་པ་ཁེགས་པའི་ཕྱིར། སྣང་བས་ཡོད་མཐའ་སེལ་བར་འདོད། དེ་ལྟར་མཐའ་གཉིས་དང་བྲལ་བའི་དབུས་དང༌། བདེན་གཉིས་ཀྱི་འཇོག་ཚུལ་དཔྱིས་ཕྱིན་པར་མཁྱེན་པའི་ཆ་ནས། གྲུབ་མཐའ་སྨྲ་བ་ཀུན་གྱི་ཡང་རྩེ་དཔལ་ལྡན་ཐལ་འགྱུར་བ་ཟེར་བའི་གནད་ཀྱང་འདི་ལ་ཐུག་གོ །གདམས་དོན་བདག་མེད་ཀྱི་རྣམ་བཞག་ཇི་ལྟར་གཏན་ལ་འབེབས་ཚུལ་དེ་ལྟ་བུ་ཞིག་མ་མཐའ་མཚན་ལྡན་གྱི་སྐྱེས་བུ་དམ་པའི་ཞལ་ནས་ཉན་ཏེ། ཡང་ཡང་ཡིད་ལ་བྱས་ན། དེ་དོན་ཚུལ་བཞིན་སྒོམ་འདོད་སྙིང་ནས་སྐྱེའོ། །ས་བཅད་གཉིས་པ་ལྷག་མཐོང་ཇི་ལྟར་བསྒོམ་པའི་ཚུལ་ནི། ལུས་ཀྱི་ཀུན་སྤྱོད། སྐབས་སུ་བབས་པའི་དམིགས་པ་སྐྱོང་ཚུལ། བྱིང་རྒོད་གཅོད་ཚུལ་སོགས་སྔར་ཞི་གནས་ཀྱི་སྐབས་སུ་བཤད་པ་རྣམས་འདིར་ཡང་ཉམས་སུ་བླངས་པའི་སྟེང༌། གྲུབ་ཟིན་ཉེར་བསྡོགས་ཀྱི་སེམས་ལ་བརྟེན་ནས། བདག་འཛིན་ལྷན་སྐྱེས་ངོས་བཟུང་སྟེ། དེའི་འཛིན་ཚུལ་ལ་གཅིག་དུ་བྲལ་གྱི་རིགས་པས་རྒྱས་པར་དཔྱད་པའི་མཐར་སྟོང་བ་ཉིད་ལ་འཇོག་བསྒོམ་བྱ། དེ་ནས་སླར་ཡང་དཔྱད་སྒོམ་འཇོག་སྒོམ་གཉིས་ཀས་ཉམས་ལེན་གྱི་རྒྱུན་ཡང་ཡང་བསྐྱང་ནས་མ་བསྒོམ་ན། དཔྱོད་པ་འབའ་ཞིག་བྱས་པས་ཞི་གནས་འཇིག་ཅིང༌།  འཇོག་སྒོམ་འབའ་ཞིག་བྱས་ན་དཔྱོད་སྙིང་མི་འདོད་པ་འབྱུང་པས་གཉིས་ཀ་དགོས་སོ། །གསུམ་པ་ལྷག་མཐོང་གྲུབ་པའི་ཚད་བཤད་པ་ནི། འདིར་འདས་ལམ་གྱི་ལྷག་མཐོང་འཆད་པ་སྐབས་སུ་བབས་པས། སྟོང་ཉིད་རྟོགས་པའི་ལྷག་མཐོང་གཞིར་བཞག་བྱས་ནས་བཤད་པ་མ་གཏོགས། སྤྱིར་ཞི་རགས་རྣམ་ཅན་དང༌། མི་རྟག་པ་སོགས་ཇི་སྙེད་པའི་ཆོས་ལ་དཔྱོད་པའི་ལྷག་མཐོང་ཡང་ཡོད་མོད། མདོར་ན་ཇི་ལྟ་ཇི་སྙེད་ཀྱི་ལྷག་མཐོང་གང་ཡིན་ཀྱང་འདྲ། དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡ་བྲལ་དུ་མ་སོང་བར་ཡུན་བསྲིངས་ནས་བསྒོམ་པའི་སྐབས་རྣམས་སུ། སྔོན་ཞི་གནས་གྲུབ་ཟིན་སྟོབས་ཀྱིས། འཇོག་སྒོམ་ལ་བརྟེན་ནས་ཤིན་སྦྱངས་འདྲེན་པ་ཡོད་ནའང༌། དེས་ཞི་གནས་གོང་འཕེལ་དུ་བཏང་བ་ཙམ་ལས། ལྷག་མཐོང་ཐོབ་པ་མ་ཡིན་ལ། ནམ་ཞིག་ན་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཁྱད་པར་ཅན་སྐྱེ་ཞིང༌། དེས་ཟིན་པ་ན་ལྷག་མཐོང་གྲུབ་པ་ཡིན་ནོ། །

       གཉིས་པ་ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་པའི་ཚུལ་ནི། དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་རྣམས་ལ་སྦྱངས་པའི་འོག་ཏུ། ངེས་པར་སྔགས་ལ་འཇུག་པར་བྱ་སྟེ། ལམ་དེ་ནི་གཞན་ལས་ཆེས་དཀོན་པ་དང༌། མྱུར་དུ་ཚོགས་གཉིས་རྫོགས་པར་བྱེད་པའི་ཕྱིར། དེ་ལ་འཇུག་པ་ལ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལ་ངེས་པར་བརྟེན་ཏེ། ཐོག་མར་བླ་མ་མཉེས་པར་བྱ་བ་སྔར་བཤད་པ་ལས་ཀྱང་ལྷག་པ་ཞིག་དགོས་པར་གསུངས་པས་དེ་བཞིན་བྱ། དེ་ནས་དབང་རྣམ་པར་དག་པ་ཉན་ནས་རྒྱུད་སྨིན་པར་བྱ། དེ་ནས་དེའི་ཚེ་བཟུང་བའི་དམ་ཚིག་དང་སྡོམ་པ་རྣམས་ཤེས་པར་བྱས་ལ་ཚུལ་བཞིན་དུ་བསྲུང་བ་ལ་འབད་དགོས་ཏེ། དམ་ཚིག་མི་བསྲུང་བ་དང༌། དབང་བསྐུར་དམན་པ་དང༌། དེ་ཉིད་མི་ཤེས་པ་གསུམ་གྱིས་བསྒྲུབ་ཀྱང་ཅི་ཡང་མི་འགྲུབ་པའི་ཕྱིར་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་གསུངས་པས་སོ། །དེས་ན་རྩ་ལྟུང་དང་སྦོམ་པོའི་ལྟུང་བས་མ་གོས་པ་ལ་འབད་ཀྱང་བརྒྱ་ལ་གོས་ནའང་སླར་ཡང་དབང་ཉན་པ་སོགས་ཕྱིར་བཅོས་དང༌། བཤགས་སྡོམ་སོགས་ལ་འབད་པར་བྱའོ། །དེ་ལྟར་སྔགས་ཀྱི་ལམ་གྱི་རྨང་གཞི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་གཞིར་བྱས་ནས། སྔགས་ཀྱི་ལམ་རྣམས་ཉམས་སུ་ལེན་པ་ལ། རྒྱུད་སྡེ་འོག་མ་ལྟར་ན། མེ་གནས་ཀྱི་བསམ་གཏན་དང༌། སྒྲ་གནས་ཀྱི་བསམ་གཏན་གཉིས་ལ་མཚན་བཅས་ཀྱི་རྣལ་འབྱོར་དང༌། སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་ལ་མཚན་མེད་ཀྱི་རྣལ་འབྱོར་ཞེས་བཤད་པས། མཚན་བཅས་མཚན་མེད་ཀྱི་ལམ་རྣམས་ལ་རིམ་གྱིས་བསླབ་པ་དང༌། རྒྱུད་སྡེ་གོང་མ་ལྟར་ན། རང་གི་ལུས་ལྷར་བསྒོམས་པ་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པ་སྟེ། རིམ་པ་གཉིས་ཀྱི་ལམ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །དེ་ལྟར་ལམ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་རིམ་པ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པའི་ཚུལ་འདི་ནི། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་ལ་མ་ནོར་བ་ཡིན་ནོ། ། ། །སྨྲས་པ། དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད། །ཟབ་དང་རྒྱ་ཆེའི་གདམས་པ་རྒྱ་མཚོ་ལས། །མི་ཕྱེད་དང་བའི་སེམས་ཀྱིས་ཉེར་དྲངས་ཏེ། །ཆུ་ཐིགས་ཙམ་ཞིག་བརྗོད་པ་འདི་བྱས་སོ། །འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཉམ་ངའི་གནས་སུ་ནམ་ཡང་མི་ལྟུང་ཞིང༌། །དལ་འབྱོར་རྟེན་ཐོབ་ལམ་བཟང་འདིར་ཞུགས་ནས། །ཐམས་ཅད་མཁྱེན་པའི་ས་ལ་ཕྱིན་གྱུར་ཅིག །  ། །ཅེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་འདི་ནི། གུས་སློབ་རྣམ་དཔྱོད་དང་ལྡན་པ་བློ་བཟང་རྒྱ་མཚོ་སོགས་དོན་གཉེར་ཅན་དུ་མས་ཡང་དང་ཡང་དུ་ནན་ཏན་ཆེན་པོས་གསོལ་བ་བཏབ་པའི་ངོར། ༧ ཤཱཀྱའི་བཙུན་པ་རྗེ་བསྐལ་བཟང་བསྟན་པ་རྒྱ་མཚོས་རྔ་ཡུལ་མཆོད་རྟེན་ལྕོག་ཐེག་ཆེན་བྱམས་པ་གླིང་དུ་སྦྱར་བ་ལ་སླར་ཞུས་དག་དང་བྲི་སྣོན་ཅུང་ཟད་དང་བཅས་ཏེ་པར་དུ་བསྐྲུན་པའོ། །སརྦ་མངྒ་ལཾ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42012630
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1