མཐའ་མཇུག་གི་རྫི་བོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »མཐའ་མཇུག་གི་རྫི་བོ།
མཐའ་མཇུག་གི་རྫི་བོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/5/20ལྟ་ཀློག (19790)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཐའ་མཇུག་གི་རྫི་བོ།

ཀླུ་ཐར་བཀྲ་ཤིས།   ཀན་ལྷོ།
1
    གསེར་ལུང་སྡེ་བ་ནི་གཞུང་ལམ་213གྱི་འགྲམ་དུ་ཆགས་ཡོད་ལ།  རྒྱང་ནས་བལྟས་ཚེ་གཡག་ཅིག་རྭ་སྒྱེའི་ནང་དུ་བཅུག་ཡོད་པ་དང་འདྲ།སྡེ་བ་འདི་ནི་གྲོང་ཁྱེར་དང་ཁ་ཐག་ཉེ་བས་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་བ་སོགས་ཡུལ་མཐའ་འཁོབ་ཁག་དང་བསྡུར་ན་འཕེལ་རྒྱས་ཅུང་འདུག  ཡིན་ཡང་སྡེ་བ་འདིའི་དཔལ་ཕྱོགས་གོང་འཕེལ་དུ་འཕྱིན་པ་དང་བསྟུན་སྒོ་ཕྱུག་བཙོང་བའི་སྲོལ་ཞིག་མུ་རུ་ཆགས་བཞིན་ཡོད།
           དེ་རིང་ཉི་འོད་དྲོད་ལམ་ལམ་དུ་འཕྲོ་ཞིང་ནམ་མཁའ་ན་སྤྲིན་ལག་མཐིལ་ཙམ་ཡང་མཐོང་རྒྱུ་མེད།  སྡེ་བའི་ནང་དུ་(东风)ཤར་རླུང་རྟགས་ཆེན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོན་བྱུང་ལ།རླངས་འཁོར་སྡེ་བའི་ནང་དུ་ཐོན་མ་ཐག་ཧེ་ཧེ་འགའ་རླངས་འཁོར་ལས་མར་བབས་བྱུང་།སྡེ་མི་འགའ་གཅིག་རྗེས་གཉིས་མཐུད་ཀྱིས་རླངས་འཁོར་གྱི་མཐའ་རུ་རུབ་ཀྱིན་འདུག
"འདི་ཅི་བྱེད་དུ་འོང་བ་རེད།  "རྒད་པོ་ཞིག་གིས་རྡབ་རྡིབ་ངང་དེ་ལྟར་དྲིས།
“ཨ་ཁུ་དོན་འགྲུབ།  ཁོ་ཚོ་སྟོབས་ལྡན་ཚང་གི་ཟོག་ཉོ་རུ་འོང་བ་རེད།  "གཞོན་ནུ་ཞིག་གིས་དེ་སྐད་ཟེར།
"ཨེ་བདེན་ན།  ཁས་ཉིན་ལ་མགོན་པོ་ཚང་དང་དབང་ཕྱུག་ཚང་།  དོན་གྲུབ་ཚང་གསུམ་པོས་ཟོག་ཚང་མ་བཙོངས་ཐལ།  ཨ་བྱ་འདི།    སྟོབས་ལྡན་ཚང་ལ་ཟོག་སུམ་ཅུ་ཙམ་ཡོད་པས་ཡོང་སྒོ་ཡང་མི་བཟང་རྒྱུ་མེད་མོད།ད་བཙོང་ནས་ཅི་བྱ།  ན་གཞོན་འདི་ཚོས་ཅི་ཞིག་བསམ་བཞིན་པ་ངོ་མ་རྟོགས་དཀའ་གི་ཡ།  "རྒད་པོ་དེས་ཤུགས་རིང་ཞིག་འབྱིན་ཞོར་དེ་ལྟར་ལབ་རྗེས་དལ་མོར་ཕྱིར་ཁྱིམ་དུ་ལོག
ཅུང་ཙམ་གྱི་རྗེས་སུ།  སྟོབས་ལྡན་ཚང་གི་ཁྱིམ་མི་ཚོས་ཟོག་རྣམས་རི་སྒང་ནས་མར་དེད་དེ་ཁོ་ཚོང་གི་ར་སྐོར་ནང་དུ་བཅུག    ཧེ་རྒན་དེ་ཚོ་ཡང་ཁོ་ཚང་གི་ར་སྐོར་ནང་དུ་སོང་།   སྟོབས་ལྡན་གྱིས་ཧེར་རྒན་དེ་དག་ལ་ཡར་བཤད་མར་བཤད་མང་པོ་ཞིག་བྱས་རྗེས་ཟོག་རྣམས་རེ་རེ་བཞིན་རླངས་འཁོར་གྱི་འཁོར་སྒམ་ནང་དུ་བཅུག་སོང་།  སྟོབས་ལྡན་གྱི་བུ་ཆུང་སངས་རྒྱས་མིག་མཐའ་མཆི་མས་ཁེངས་བཞིན་རང་གིས་གསོས་པའི་བེའུ་སེར་སྐྱ་དེ་ལ་མིག་གིས་ཅེར་ནས་འདུག     ཧེར་རྒན་ཞིག་གིས་ཕྲག་ནས་གོ་ཁུག་བླངས་ཏེ་ཟོག་རིན་སྤྲད་རྗེས་རླངས་འཁོར་དུ་འཛུལ།  རླངས་འཁོར་ལྡིར་སྒྲ་ཞིག་དང་མཉམ་དུ་གཞུང་ལམ་བརྒྱུད་དེ་གར་སོང་ཆ་མེད་དུ་གྱུར།  ཤུལ་ན་སྡེ་མི་འགས་ལྡབ་ལྡིབ་ཀྱི་སྐད་ཆ་རེ་བཤད་ཀྱིན་ཡོད།
         ས་རུབ་རྗེས།མཁའ་མཐའ་ན་ཟླ་བ་འཚེར་ཅིང་སྐར་ཚོགས་ཁྲ་ལམ་མེར་སྣང་།  ཆོས་སྐྱོང་ཚང་གི་བཟའ་མི་ཚོས་ནུབ་འཚལ་འཐུང་ཞོར་ཁ་བརྡ་གློད་བཞིན་འདུག
        “ཨ་ཕ།  འུ་ཚང་གི་ཟོག་ཆ་བོ་བཙོང་ན་རེད།  ཉེ་ལམ་ཟོག་གི་གོང་ཡང་འཕར་འདུག"སྐྱབས་ལོས་ཐུག་པ་རྡོག་ཙིག་ཁང་ནང་དུ་བརྫངས་རྗེས་དེ་ལྟར་བཤད།
          “ད་ཀློའུ་རྟགས་སྟོན་གི་མ་འདུག  ཟོག་ཆ་བོ་བཙོང་བཞག་ན་རྗེས་ཕྱོགས་འུ་ཚོས་ས་བཟའ་རྒྱུའམ།"ཆོས་སྐྱོང་ཅུང་ཁྲོས་པའི་ཉམས་ཀྱིས་དེ་ལྟར་བཤད།
             “སྤྱིར་ཁྱིམ་ཚང་ཕྱུག་པོ་ཞིག་ལ་མཚོན་ནས་བཤད་ན།ཟོག་བཙོངས་བཞག་ནའང་སྐྱོན་ཆེན་པོ་མི་འདུག    
བུ་ལོ།འུ་ཚང་གནའ་ནས་ད་བར་ཟོག་ལ་བརྟེན་ནས་ཡོང་བས།དེ་ལྟར་བྱ་ཉན་ནི་མ་རེད།"ཨ་མ་སྐལ་མཚོས་སྐད་དམའ་མོས་དེ་ལྟར་བཤད།
          “ཨ་མ།  ཁྱོས་རྡོ་རྗེ་ཚང་དང་བདེ་ལེགས་ཚང་གཉིས་ལ་ལྟོས་དང་།  ཁྱིམ་མཚང་དབུལ་བོ་ཡིན་ཡང་ཟོག་ལུག་བཙོང་སྟེ་གླ་གཏོང་རླངས་འཁོར་ཉོ་བའམ།མགྲོན་ཁང་ཕྱེས་ཏེ་ད་ནི་ཕྱུགས་པོར་ཆགས་ཡོད་པ་མིན་ནམ།"སྐྱབས་ལོས་གཟབ་ནན་སྒོས་དེ་ལྟར་བཤད།
      “ཨ་བྱ་འདི།བྱིས་པ་འདི་ཚོས་ཅི་ཞིག་བསམ་བཞིན་པ་ངས་ཧ་མི་གོ་གི  བོད་མི་ཞིག་ཡིན་ན་གནའ་ནས་ད་བར་སྒོ་ཕྱུགས་ལ་བརྟེན་ནས་འོང་བ་རེད།  ཟོག་བཙོང་བཞག་ན་འུ་ཚོ་སློང་མོར་འགྲོ་དགོས་བསམ་ནི་མ་ར།  གང་ལྟར།ངེད་རྒན་རྒོན་གཉི་ག་མ་ཤི་བར་དུ་འུ་ཚང་གི་ཟོག་བཙོང་དུ་མི་འཇུག"ཆོས་སྐྱོང་གིས་ལྭ་བ་གཡང་བཤམས་བྱས་ཏེ་ཉལ་དུ་ཆས་སོང་།
         “བུ་ལོ།  ད་ཁྱོད་རང་ནར་སོན་འདུག   ཨ་ཕའི་སེམས་ཁམས་དཀྲུགས་ཀི་མ་འདུག"སྐལ་མཚོས་ལྡབ་ལྡབ་ངང་དེ་ལྟར་བཤད་རྗེས་སྒོར་སོང་།
           ཤུལ་དུ་སྐྱབས་ལོས་ཐ་མག་རྐང་གཅིག་མེར་བསྒོས་ཏེ་བསམ་གཞིག་གི་ཀློང་དུ་ཚུད་སོང་།ཁོའི་ཡིད་ལ་ཆུང་དུས་སུ་སྡེ་བའི་མི་དེ་དག་གིས་ལྐོག་ནས་ལབ་ཀྱིན་པ་སྐད་ཆ་རེ་རེ་ཡིད་ལ་འཆར་བྱུང་།
          “བྱིས་པ་འདི་ངོ་མ་ལས་ཅན་ཞིག་རེད།ཁོང་བཟའ་ཚང་འདི་གཉི་གའི་བྱིས་པ་དངོས་མིན་ནའང་རང་གི་བུ་ལྟར་སྐྱོང་གིན་པས།ཤི་བོ་ཚོའི་སེམས་བདེ་བཞག་ན་རེད།"
          “བྱིས་པ་འདི་དྲིན་ཅན་པོ་དང་ཨ་ན་མ་ན་རེད།"
           “བྱིས་པ་འདི་་་་་་"
ཁོས་བསམ་བློ་ཅུང་བཏང་རྗེས་ཁོ་རང་གཞི་ནས་འགྱོད་བྱུང་།ཁོས་ཕ་རྒན་ཆོས་སྐྱོང་ལ་ཕོག་ཐུག་བཟོས་པ་གཏིང་ནས་འགྱོད་པས་སང་ཉིན་ཕ་རྒན་ལ་དགོངས་དག་ཞུ་ན་བསམ།  

2
            སྐྱབས་ལོའི་མིང་དངོས་ལ་སངས་རྒྱས་སྐྱབས་ཟེར།  ཆོས་སྐྱོང་ནི་ཁོང་གི་ཕ་རྒན་དངོས་མིན།  ཁོའི་ཕ་རྒན་ཁོ་རང་སྐྱེས་ནས་རིང་བོ་མ་ཕྱིན་པར་སྡེ་བའི་ས་རྩོད་ཀྱི་ཆེད་དུ་ཚེ་ལས་འཕོས་སོང་།  ཨ་མ་ས་གཞན་ཞིག་ལ་གནས་ལ་ཕྱིན་སོང་།    ཆོས་སྐྱོང་དང་ཁོའི་ཨ་ཕ་གཉི་ག་སྤུན་རེད།  ལོ་གཉིས་ཙམ་གྱི་རྗེས་སུ་ཆོས་སྐྱོང་ནི་ཁྱིམ་ཚང་འདིའི་ཤུལ་འཛིན་མཁན་དུ་གྱུར།  ཡིན་ཡང་ལོ་ངོ་གཉིས་ཙམ་འདས་ནའང་ཁོའི་ཆུང་མ་ལ་བུ་མ་འཁོར་བས་སྐྱབས་ལོ་རང་གི་ཤུལ་འཛིན་བྱེད་དུ་འཇུག་རྒྱུའི་སེམས་ཐག་བཅད་པ་རེད།  

           སྐྱབས་ལོ་ཆོས་སྐྱོང་གི་བུ་ཕྲུག་དངོས་མིན་རུང་།ཁོ་བཟའ་ཟླ་གཉི་གས་སྐྱབས་ལོ་སྔ་མོ་ནས་རང་གི་བུ་ཕྲུག་ཅིག་གི་ལྟ་ཚུལ་བཟུང་ཡོད། ད་ལྟ་སྐྱབས་ལོ་ཕོ་ལོ་བཅོ་བརྒྱད་ལ་སོན་འདུག་མོད།  འདིའི་རིང་ཆོས་སྐྱོང་གིས་སྐྱབས་ལོ་ལ་འགྲམ་ལྕག་ཐེངས་གཅིག་ཀྱང་གཞུས་མ་མྱོང་།    སྐྱབས་ལོ་ཡང་ཆེ་བཀུར་ཆུང་བྱམས་ལྡན་པའི་མི་ཞིག་ཡིན་པས་སྡེ་མི་ཚོའི་གྲས་ན་ཁོང་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།
             ཁོ་རང་ཆུང་དུས་ཤིག་ལ།བྱིས་པ་འགས་ཁོ་ལ་བརྙས་བཅོས་བྱས་ཏེ་"ཁྱོད་ཆོས་སྐྱོང་གི་བུ་མ་རེད"ཅེས་འཕྱ་དམོད་བྱས་པས།ཁོ་རང་སྐྱོ་གདུང་བཟོད་བླག་མེད་པ་སྐྱེས་ཏེ་ངུ་སྔངས་བྱེད་བཞིན་ཆོས་སྐྱོང་གི་གམ་དུ་བརྒྱུགས་ཏེ"ཨ་ཕ།   བྱིས་པ་ཚོས་ང་རང་ཁྱོད་ཀྱི་བུ་མ་རེད་ཟེར"ཆོས་སྐྱོང་གི་གདོང་ལ་འཛུམ་ཞིག་ལངས་ཏེ"ཀུ་རེ་རྩེས་པ་རེད"ཁྱོད་ངའི་བུ་མིན་ན་སུའི་བུ་རེད། ཤོག  ཨ་ཕའི་པང་དུ་ཤོག  ཁྱོད་སྟོབས་ཆེ་ནོ་ལྟོས་དང་།  ང་ལ་ཤིན་ཏུ་འདྲ་གི་མོ།  ད་མ་ངུ"ཁོ་དེ་ལྟར་བཤད་རྗེས་སྐྱབས་ལོས་ངུ་མཚམས་བཞག་བྱུང་།  
         ད་ནི་སྐྱབས་ལོ་ཕ་ལོ་བཅོ་བརྒྱད་ཀྱི་ཐེམ་སྐས་སུ་བུད་ཡོད།  ཁོའི་གཟུགས་སྟོབས་ཆེ་ཞིང་ངོ་གདོང་སྨུག་པ། གནམ་སྣུམ་གྱི་སྐྲ་ལོ་རིང་ཞིང་འཛིངས་ཏེ་ཕྲག་སྟེང་དུ་དཔྱངས་ཡོད།  དཔྲལ་བའི་དཀྱིལ་ཆེ་ལ།སྣའི་གཟེངས་མཐོ་བ། གདོང་ན་ནམ་ཡང་འཛུམ་གྱིས་ཁེངས་ནས་ཡོད།  ཁོ་རང་ནམ་རྒྱུན་བོད་ལྭ་གྱོན་པར་དགའ། སློབ་ཆུང་ལོ་རིམ་གསུམ་པ་མ་གཏོགས་འགྲིམས་པའི་སྐལ་བ་མ་བྱུང་མོད། མདོ་གདུགས་སྒྲོལ་གསུམ་བཏོན་ན་ཐོགས་པ་མེད་པའི་ཚོད་དུ་འདུག   ཁོ་ནི་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་ན་གཞོན་ཞིག་ཡིན་པས་སྡེ་མི་རྣམས་ཁོ་ལ་དགའ་བོ་ཡོད་པ་རེད།

3
         ད་ནི་དབྱར་ཐོན་མ་ཉེ།  གསེར་ལུང་སྡེ་བའི་རྩྭ་ཐང་དེ་ཡང་སྔོ་ལྗང་ལྗང་དུ་སྣང་།  ད་སྔ་རྩྭ་ཐང་སྟེང་དུ་ཟོག་མང་པོ་མཐོང་རྒྱུ་མི་འདུག  ལོ་ངོ་འགའི་སྔོན་ལ་རྩྭ་ཐང་ཆུང་ཆུང་འདི་སྒོ་ཕྱུགས་ཀྱིས་ཁྱབ་ནས་ཡོད།  
          གོ་ཐོས་སུ།  ཟླ་བ་གཉིས་ཀྱི་རིང་ཁྱིམ་ཚང་བརྒྱད་ཀྱི་ཟོག་བཙོངས་ཟིན།  དེ་ཚོས་ཟོག་བཙོངས་རྗེས་ཁྱིམ་ཚང་ལ་ཤས་ཀྱིས་ཇ་ཁང་དང་མགྲོན་ཁང་།སྟེགས་ལྒིང་ཁང་།དྲྭ་ཁང་སོགས་ཕྱེ་བཞིན་འདུག ཡང་ཁྱིམ་ཚང་ལ་ལས་ལྕགས་ཁེམ་བཟུང་སྟེ་ཞོར་ལས་འགྲོ་བཞིན་འདུག  ཁོ་ཚོས་དུ་དུང་ཟོག་བསྐྱངས་ཏེ་སྒོར་མོ་བསགས་པ་ལས་ཞོར་ལས་ལས་ཏེ་སྒོར་མོ་བསགས་ན་སླ་རབས་ཟེར། གང་ལྟར།ཉེ་ལམ་ཟོག་བཟུང་ཡོད་མཁན་ཆོས་སྐྱོང་ཚང་མ་གཏོགས་མེད།  
              ད་ལྟ།  སྡེ་བའི་ན་གཞོན་མང་ཤོས་ཀྱི་སྐད་ཆ་ཤོད་སྟངས་དང་གྱོན་པ་གྱོན་སྟངས་ལ་འགྱུར་བ་ཆེན་པོ་བྱུང་འདུག  ད་ལྟ་ན་གཞོན་མང་ཆེ་བས་དུས་ཆེན་སོགས་ཀྱི་སྐབས་མ་གཏོགས་གླང་རྫིའི་དོར་མ་གྱོན་པའམ་ནུབ་ལྭ་རྐྱང་རྐྱང་གྱོན་པ་ལས་བོད་ལྭ་གྱོན་མཁན་ཤིན་ཏུ་དཀོན།  དབུ་སྐྲ་རིང་བོ་འཇོག་མཁན་ཉུང་ངུ་ལས་མེད།    གལ་ཏེ་མི་ཆ་མེད་ཅིག་གིས་སྐྱབས་ལོ་མཐོང་ཙ་ན།   ཁོ་ནི་བོད་ཀྱི་གློག་བརྙན་འཁྲབ་མཁན་ཞིག་ཡིན་པའི་སྣང་བ་སྐྱེ་བའི་ཚོད་དུ་འདུག
           སྐྱབས་ལོ་ནི་གསེར་ལུང་རྩྭ་ཐང་གི་རྫི་བོ་གཅིག་པོ་རུ་གྱུར།མ་ཟད་ཁོ་ནི་རྩྭ་ཐང་སྟེང་ནས་ལ་གཞས་ལེན་མཁན་གཅིག་པོ་ཡང་ཡིན།ཁོས་རྩྭ་ཐང་འདིའི་སྟེང་དུ་ཟོག་འཚོ་ཞོར་སྐད་གསེང་མཐོན་པོས་གླུ་ལེན་རྒྱུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།   དེ་ནི་ཁོ་རང་ཆུང་དུས་སུ་རྫི་རོགས་ན་གཞོན་ཕོ་མོ་ཚོ་དང་ལྷན་དུ་ཟོག་འཚོ་དུས་ལ་གཞས་འཐེན་རེས་བྱས་མྱོང་བས་ལ་གཞས་ཀྱི་བག་ཆགས་མི་དམན་པ་ཞིག་བཞག  ཁོ་རང་ཕ་ཡུལ་དང་ཁ་གྱེས་མྱོང་མེད་པས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སེམས་གཏིང་ནས་བརྩེ་བ་ཆགས་སོང་།  སྔོན་ཆད་ཁོ་རང་གྲོང་ཁྱེར་ལ་སྨོན་པ་ཤོར་ནས་ཕ་ཡུལ་དང་ཁ་གྱེས་བསམ་མྱོང་མོད། ད་ནི་ཕ་ཡུལ་ནས་བསྡད་ཀྱིན་བསྡད་ཀྱིན་ཕ་ཡུལ་ལ་ཇེ་དུང་ནས་ཇེ་དུང་དུ་འགྱུར་བཞིན་འདུག  
       དེ་རིང་རྩྭ་ཐང་གཡུ་ཡི་མཎྚལ་སྟེང་དུ་སྐྱབས་ལོས་གླིང་བུ་འབུད་བཞིན་འདུག  བར་མཚམས་ཤིག་ལ་ཁོས་གླིང་བུ་འབུད་མཚམས་བཞག་སྟེ་འདང་རྒྱག་གི་ནང་དུ་ལྷུང་སོང་།   ཁོའི་སེམས་ལ།   གལ་སྲིད་མུ་མཐུད་དུ་འདི་ལྟར་སོང་ཚེ།   རྩྭ་ཐང་འདི་ན་ཕྱུགས་ཟོག་ཡོད་སྲིད་རྒྱུ་མ་རེད།  ཕྱུགས་ཟོག་མེད་ཚེ་ང་ཚོར་འཚོ་རྟེན་ཡོད་མི་སྲིད་པར་སྙམ།  ནམ་ཞིག   སྡེ་བ་འདི་ལ་“སློང་མོ་བའི་སྡེ་བ"ཞེས་པའི་མིང་ཐོགས་ངེས་བསམ།    འདི་ལྟར་བསམ་སྟེ་མགོ་བོ་ཡར་དགྱེ་སྟེ་མུ་མཐའ་བྲལ་བའི་རྩྭ་ཐང་ལ་བལྟས་པ་ན།  ཁོའི་ཡིད་ལ་ལོ་བཅུའི་སྔོན་གྱི་རྩྭ་ཐང་གི་འཚོ་བ་དེ་ཡིད་ལ་འཁོར་བྱུང་།  རྫི་རོགས་ཚོ་དང་རྩེད་འཇོ
རོལ་བའི་རྣམ་པ་དེ་དག་བརྙན་འཕྲིན་བཞིན་དུ་ཡིད་ཤར་བྱུང་བས་ཁོའི་ངོ་ལ་སྐྱོ་ཉམས་ཤིག་མངོན་ཏེ་རང་གི་ཟོག་དག་གི་རྗེས་སུ་ཅེར་ནས་འདུག       
 4
         དེ་རིང་།  ནམ་མཁའ་སྔོ་ཞིང་དྭངས།  ཞང་མི་དམངས་སྲིད་གཞུང་གི་རླངས་འཁོར་དེ་རུ་གཙོ་རིག་ལྡན་ཚང་གི་ཕྱོགས་སུ་སྐྱོད་ཀྱིན་འདུག   རིག་ལྡན་ཚང་གི་བཟའ་ཁྱིམ་དུ་མི་ཚོས་ཐག་རིང་གི་ཤ་ཉེ་ཞིག་སླེབས་པ་ལྟར་གདོང་ན་འཛུམ་གྱིས་ཁེངས་ཏེ་བསུ་མ་བྱེད།   ཞང་གི་ལས་བྱེད་པ་དེ་ཚོ་ཧ་ཅང་རྒྱུས་ཡོད་ངང་རིག་ལྡན་ཚང་གི་ཁྱིམ་དུ་ལོག
           ཅུང་ཙམ་འགོར་རྗེས་རུ་གཙོ་དཔལ་ལྡན་གྱིས་ཞང་གི་མི་དེ་དག་ཁྲིད་དེ་ཆོས་སྐྱོང་ཚང་གི་ཕྱོགས་སུ་འོང་གིན་འདུག   ཆོས་སྐྱོང་ཚང་གི་ཁྱི་རྒན་དེས་སྐད་ཆེན་པོས་ཟུག་བྱུང་བས་ཆོས་སྐྱོང་དེ་མ་ཐག་ཏུ་སྒོར་བུད་བྱུང་།
“ཞང་གི་ལས་བྱེད་པ་འདི་ཚོས་ཁྱོད་ཚང་དང་བྱ་བ་ཞིག་གྲོས་བྱ་རྒྱུ་ཡོད་ཀི་ཟེར"རུ་གཙོ་རིག་ལྡན་གྱིས་དེ་ལྟར་བཤད།
“ཨོ་ཡ་ཡ།   ཁྱིམ་དུ་ཤོག   སྐྱབས་ལོ།  སོང་ནས་ཁྱི་སྲུང་ནས་སྡོད།"སྐྱབས་ལོས་ཁྱིའི་ལྕགས་ཐག་ལག་པས་བཟུང་ནས་ཁོ་ཚོ་ཁྱིམ་དུ་འགྲོ་རུ་བཅུག
“ང་འུ་ཚོའི་ཞང་གི་ཧྲུའུ་ཅུས་ཡིན།   ཁྱོད་ཚོའི་སྡེ་བ་འདི་ནི་སྡེ་བ་གཞན་དག་དང་བསྡུར་ན་ཅུང་སྔོན་ཐོན་གྱི་སྡེ་བ་ཞིག་རེད།  ང་ཚོས་རྒྱུན་དུ་ཁྱོད་ཚོའི་སྡེ་བ་མིག་དཔེར་བཟུང་སྟེ་སྡེ་བ་གཞན་ལ་སློབ་གསོ་བཏང་བ་ཡིན།"ཧྲུའུ་ཅུས་ཀྱིས་གདོང་ལ་འཛུམ་ཞིག་མངོན་ཏེ་དེ་ལྟར་བཤད།
“ཧ་ཧ།  ང་ཚོའི་སྡེ་བ་འདི་གནས་ནས་བཟུང་མཐུན་སྒྲིལ་ཆེ་ཞིང་ལས་ལ་བརྩོན་པའི་སྡེ་བ་ཞིག་ཡིན།   དེ་རིང་ཁྱོད་ཚོ་འདི་རུ་འོང་དོན་ཅི་ཡིན"ཆོས་སྐྱོང་གིས་དེ་ལྟར་དྲིས་པ་ན།
“འོ།  རེད།   ཁྱོད་ཚོའི་སྡེ་བ་འདི་ཞང་དང་ཁ་ཐག་ཤིན་ཏུ་ཉེ་བ་མ་ཟད།  རྩྭ་ཐང་ཡང་ཡངས་པོ་ཞིག་ཡོད་ཀི  ཉེ་ལམ་རྩྭ་ཐང་འདིའི་སྟེང་ན་ཟོག་འཚོ་མཁན་ཁྱེད་ཚང་མ་གཏོགས་མེད་ཀི    ཞང་ཀྲང་གིས་ཁྱེད་ཚོའི་སྡེ་བའི་རྩྭ་ཐང་འདི་ལ་ལྕགས་ར་འཐེན་ཏེ་རྩྭ་སར་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་བཀའ་བསྒྲགས་སོང་།  ང་ཚོ་སྲིད་ཇུས་ལག་བསྟར་བྱེད་དུ་འོང་བ་ཡིན།"
“ཨ་བྱ་འདི།  ཟོག་བཙོང་བཞག་ན་ང་ཚོས་རྗེས་ཕྱོགས་འཚོ་བ་ཇི་ལྟར་རོལ་རྒྱུ"
“དེར་སྐྱོན་ནི་མ་རེད།  ཁྱིམ་ཚང་གཞན་པས་སྒོ་ཕྱུགས་ལ་མ་བརྟེན་ཡང་འཚོ་བ་སྔར་བཞིན་རོལ་གྱིན་གདའ།  ད་རུང་དཔལ་འབྱོར་དང་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག "
"འོ་ལེ།  ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་རྒྱུ་དེ་སླ་མོ་ཞིག་མིན་ཡ།"རིག་ལྡན་གྱིས་ཧྲུའུ་ཅུས་ལ་རྒྱབ་སྐྱོར་གྱི་ཚུལ་དུ་དེ་ལྟར་བཤད།"
"ཡ།   དེ་ན་ང་ཚོ་འགྲོ་རན་བྱུང་།  ད་དུང་སྡེ་བ་གཞན་འགའ་ལ་འགྲོ་དགོས།"ཧྲུའུ་ཅུས་ཀྱིས་འཚབ་འཚུབ་ངང་དེ་ལྟར་བཤད་རྗེས་ལས་གྲོགས་ཚོ་དང་མཉམ་ཏུ་སྒོར་བུད།
སྐྱབས་ལོ་ཁོ་ཚོའི་སྔུན་ལ་རྒྱུག་སྟེ་ཁྱི་སྲུང་ནས་ཁོ་ཚོ་བདེ་བླག་ངང་འགྲོ་རུ་བཅུག  
        "ད་ཟོག་ཚང་མ་མི་བཙོང་ཐབས་མེད་བྱུང་སོང་།སང་ཉིན་ང་སོང་ནས་ཉོ་བདག་ཅིག་ཁྲིད་འོང་།"ཆོས་སྐྱོང་གི་གདོང་ལ་ཁྲོ་ཉམས་ཤིག་མངོན་ཏེ་ཐ་མག་རྐང་གཅིག་མེར་སྒྲོན་རྗེས་དེ་ལྟར་བཤད།
5
               ད་ནི་དབྱར་ཁ་སླེབས་སོང་།  གསེར་ལུང་རྩྭ་ཐང་སྟེང་དུ་མེ་ཏོག་སྣ་བརྒྱ་བཞད་ཅིང་ཆུ་བོ་ལྷུང་ལྷུང་བཞུར།  འཇོལ་མོས་གསུང་སྐད་སྒྲོག་ཅིང་རྒོད་པོ་དབྱིངས་སུ་འཁོར།  ཕྱེ་ལེབ་གར་ལ་རོལ།  རྒྱང་ནས་བལྟས་ཚེ་གསེར་ལུང་རྩྭ་ཐང་ནི་རི་མོ་མཁན་གྱི་སྙུ་གུའི་རྩལ་ལས་བྱུང་བའི་མཛེས་སྡུག་གི་རི་མོ་ཞིག་དང་འདྲའོ།།    
           སྐྱབས་ལོས་ནམ་རྒྱུན་ལྟར་རྩྭ་ཐང་གི་སྟེང་ན་གླིང་བུ་འབུད་བཞིན་འདུག    ཅུང་ཙམ་འགོར་རྗེས་།  བུ་མོ་ཞིག་གིས་རྒྱབ་ཏུ་སླེ་བོ་ཞིག་ཁུར་ཏེ་དལ་བ་དལ་བུར་སྡེ་འདབས་ཀྱི་རྐང་ལམ་བརྒྱུད་དེ་རྩྭ་ཐང་གི་ཕྱོགས་སུ་སྐྱོད་མུས་འདུག    དཔལ་ལྡན་གྱིས་སུ་ཡིན་སྙམ་ཏེ་བུ་མོ་དེའི་ཕྱོགས་སུ་མིག་གིས་ཅེར་ཏེ་བསྡད། “འོ། མོ་ནི་ངའི་ཆུང་དུས་ཀྱི་རྩེད་རོགས།  གཞོན་དུས་ཀྱི་དགའ་རོགས་བདེ་སྐྱིད་ལྷ་མོ་མ་ཡིན་ནམ་སྙམ"
             བདེ་སྐྱིད་ལྷ་མོ་རྩྭ་ཐང་གི་ཆུ་བོ་ཆུང་ཆུང་ཞིག་ཡོད་པ་དེའི་འགྲམ་ལ་བུད་སོང་སྟེ་སླེ་བོ་ནང་གི་གོན་པ་རེ་རེ་བཞིན་བླངས་ཏེ་ཆུར་སྦངས།

                བདེ་སྐྱིད་ལྷ་མོ་ནི་ཁོའི་ལོ་འགའི་སྔོན་གྱི་དགའ་རོགས་ཡིན།    མོ་ཁོ་རང་ལས་ལོ་གཉིས་ཙམ་གྱི་ཆེ་མོད། ནར་སོན་གྱི་ལོ་ཟླའི་འཁོར་སྐྱོད་ཁྲོད་ནས་ཁོ་གཉིས་བར་དུ་ལྷད་མེད་དྭངས་གཙང་གི་བརྩེ་དུང་གི་འབྲེལ་བ་ཞིག་ཆགས།   ཁོས་གང་ནུས་ཀྱི་རང་གི་ཕ་རྒན་ལ་མོ་རང་ཆུང་མ་ལེན་རྒྱུ་ཡིན་པའི་སྐོར་བཤད་ཀྱང་ཕ་མ་གཉི་གས་མོ་ཚང་གི་མི་རྒྱུད་མི་གཙང་བ་རྒྱུ་མཚན་དུ་བྱས་ཏེ་ཁོ་གཉིས་ཚེ་གྲོགས་བྱེད་པའི་གོ་སྐབས་མ་གནང་།  ཁོས་འདི་ནི་ལས་ཀྱི་བསྐོས་ཐང་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད།སྔོན་ལས་བཟློག་ཐབས་བྲལ་བས་ད་ནི་དངོས་ཡོང་དེ་དང་ལེན་མི་བྱེད་ཐབས་མེད་དུ་གྱུར།  ཡིན་ཡང་ཁོས་བདེ་སྐྱིད་ལྷ་མོ་ལ་བཅངས་པའི་བརྩེ་བ་ནི་ནམ་ཡང་འགྱུར་མ་མྱོང་།  
 རྗེས་སུ་མོའི་ཕ་མས་མོ་ས་ཆ་གཞན་ཞིག་ལ་གནས་བྱིན་སོང་།  ད་ལྟ་བྱིས་པ་གཉིས་ཀྱི་ཕ་མར་གྱུར་ཡོད།   འོན་ཀྱང་མོའི་ལང་ཚོ་ནི་སྔོན་ལས་མཛེས་སྡུག་ལྡན།   སྐྱེ་གཟུགས་སྨྱུག་མའི་མདའ་ལྟར་དྲང་བ། ངོ་གདོང་དམར་ལ་དཀར་མདངས་ཆགས་པ།   བྱ་རྒྱལ་རྒོད་པོས་གཤོག་པ་བརྐྱངས་འདྲའི་སྨིན་མའི་འོག་ཏུ་ནག་ཅིང་འོད་འཕྲོ་བའི་མིག་ཟུང་ནི་སྐྱ་ཀ་ཁྲ་མོ་ཁུང་དུ་འཛུལ་བ་དང་ཨ་ན་མ་ན་རེད།  མཁྲང་ཟླུམ་གྱི་ནུ་མ་ཟུང་ནི་ཀུ་ཤུ་ལྟར་སྨིན་པ། སྐད་མགོ་དམའ་ཞིང་སྐྱེངས་པའི་ཚུལ་གྱིས་སྐད་ཆ་བཤད་པའི་རྣམ་འགྱུར་བཅས་ལ་བརྟགས་འོང་ན།  མི་ཕོ་སུ་ཞིག་གིས་མོ་མཐོང་ཙ་ན་ཡིད་སེམས་དབང་མེད་དུ་མི་འགུག་པའི་ངེས་པ་མི་འདུག་པའི་ཚོད་དུ་སྣང་།  
          ཆོས་སྐྱོང་མོའི་ཕྱུགས་སུ་འགྲོ་འདོད་སྐྱེས་མོད།འདང་ཞིག་བརྒྱབ་རྗེས་ཁ་པར་ལས་དམངས་གླུ་ཞིག་བཏང་སྟེ་རྒྱང་ནས་མོ་ལ་ཅེར་ནས་བསྡད།  
          ཅུང་ཙམ་གྱི་རྗེས་སུ།  ཁོའི་ཟོག་འགའ་ཞིང་ནང་དུ་འགྲོ་གྲབས་བྱེད་བཞིན་པས་ཁོ་རང་འཚབ་འཚུབ་ངང་ལག་ཏུ་འུར་རྡོ་བསྣམས་ཏེ་ཟོག་གི་རྗེས་སུ་སྙེག     བདེ་སྐྱིད་ལྷ་མོས་ཁོས་ཟོག་གི་སྟེང་དུ་ཀི་འདེབས་བཞིན་པ་མཐོང་བས་ཁོའི་ཟོག་རྣམས་ཕྱིར་དེད་བྱུང་།
         “འོ།  ཁྱེད་རེད་མོད།   "
          ལོ་ལེ།    ཁྱོད་ཟོག་རྫི་ཡིན་ནམ།"མོ་ཅུང་སྐྱེངས་པའི་ཚུལ་གྱིས་དེ་ལྟར་བཤད།
         "ཡིན་ཡ།    ང་རྒྱུན་དུ་ཟོག་རྫི་ཡིན།  ཡང་གཅིག་བཤད་ན་ང་རང་རྩྭ་ཐང་འདིའི་མཐའ་མཇུག་གི་རྫི་བོ་ཡིན།
 ཁྱེད་རང་ཡུལ་ལ་ལོག་བྱུང་ངམ།"
          “ཨིན།   ཉིན་གཉིས་ཀྱི་རྗེས་ནས་ཕྱིར་འགྲོ་རྒྱུ།  དེ་རིང་གནམ་གཤིས་དྭངས་པས་འདི་རུ་ལྭ་བ་བཀྲུ་རུ་འོང་བ་ཡིན།མ་བསམ་ས་ནས་ཁྱེད་ལ་ཐུག་བྱུང་།"
          “ཧ་ཧ།  འུ་གཉིས་མ་ཐུག་ཡུན་རིང་འགོར་སོང་། འོན་ཀྱང་ཁྱོད་སྔོན་གྱི་ཁྱོད་རེད།"
         "བདེན་ནམ།  ཁྱོད་རྒས་ནོ་མགྱོགས་ཀི་ཀོ   ད་རེམ་མར་ཆུང་མ་ལོངས་ཡ།”
          “ཧ་ཧ།  ང་ད་རུང་དེར་བྲེལ་བ་ལངས་ཀི་མེད།"
          "ལོ་འགའི་སྔོན་ལ་རྩྭ་ཐང་འདི་རྟ་ནོར་ལུག་གསུམ་གྱིས་ཁྱབ་ཡོད།   ད་ལྟ་ཟོག་འགའ་ལས་མཐོང་རྒྱུ་མི་འདུག   "མོ་ཅུང་སྐྱོ་བའི་ངང་དེ་ལྟར་བཤད།
          “ལོ་ལེ།  སྡེ་མི་ཚོས་རེ་རེ་བཞིན་དུ་ཟོག་ཚང་མ་བཙོངས་ཟིན།  ད་ལྟ་ངེད་ཚང་མ་གཏོགས་ཟོག་སྐྱོང་མཁན་མེད།  ཡིན་ཡང་སང་ཉིན་ངེད་ཚང་གི་ཟོག་འདི་ཚོ་བཙོང་རྒྱུ་རེད།"
          "དེ་ན་སང་ཉིན་ནས་རྩྭ་ཐང་འདི་ན་ཟོག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་ཡོད་རྒྱུ་མ་རེད།"
          "ད་དེའི་སྐོར་མི་བཤད།    ཕྱིར་འདང་ཞིག་བརྒྱབ་ན་འུ་ཚོའི་བྱིས་དུས་ཀྱི་འཚོ་བ་ནི་དངོས་གནས་མཚར་སྡུག་གི་ཁེངས་འདུག"
        "འོ་ལེ།  དེ་ལྟར་ཡིན་ནའང་ང་ཚོས་འཚོ་བ་སྔར་བཞིན་རོལ་དགོས།  ད་བཀོད་པ་ཡོད་ནི་མ་རེད།"
        "རེད།    ད་ལྟ་ཁྱོའི་འཚོ་བ་སྐྱིད་པོ་ཡིན་ནམ།"
        "མི་ཆོག་རྒྱུ་མེད།ངའི་མག་པ་ནི་མི་བཟང་ཞིག་ཡིན།  ཁོ་རང་ཚོང་བ་ཞིག་ཀྱང་ཡིན།"
        "འོ།  དེ་ན་བཟང་གི"
       " ་་་་་་་་་་"
      " ་་་་་་་་་་་"་
    "   ་་་་་་་་་་་"
         ད་ནི་ཕྱིར་དྲོ་ལ་ཐོན་སོང་།  བདེ་སྐྱིད་ལྷ་མོས་གྱོན་པ་རེ་རེ་སླེ་བོའི་ནང་དུ་བཅུག་རྗེས་སྡེ་བའི་ཕྱོགས་སུ་འགྲོ་བཞིན་འདུག
           ཁོས་བདེ་སྐྱིད་ལྷ་མོའི་རྗེས་སུ་མིག་གིས་ཅེར་ཏེ་མོའི་རྒྱབ་གཟུགས་ལ་བལྟས་ནས་བསྡད།   སྐབས་འདིར་ཁོ་རང་ཚོད་ཚོད་ལ་སྐྱོ་སྣང་ཞིག་སྐྱེས་འོང་།   ཁོས་གློ་བུར་དུ་"ལས་དབང་བསམ་ནག་ཨེ་རེད།"ཅེས་པའི་གླུ་དབྱངས་དེ་ལེན་ན་བསམ་བྱུང་། འོན་ཀྱང་ཁོས་བླངས་མ་སོང་།
               ཁོ་མོ་མཐོང་ལམ་ནས་ཡལ་རྗེས།  སྐྱབས་ལོས་རང་གི་ཟོག་གི་རྗེས་སྙེག  ཁོ་རྩྭ་ཐང་འདིའི་སྟེང་ནས་ཟོག་རྣམས་ལ་ཡང་ཡང་བལྟས།  ཁོ་གློ་བུར་དུ་ཁ་པར་བླངས་འོང་ནས་ཟོག་རྣམས་ལ་པར་མང་དུ་བརྡབས།དེའི་རྗེས་ནས་ཁོས་རང་ཉིད་ལའང་པར་ཞིག་བརྡབས་སོང་།   ཁོས་ཟོག་རྣམས་ལ་ཡང་ཡང་བལྟས།  མཚམས་ལན་རེར་ཁོ་རང་དགོད་རྒྱུ་འོང་གི་འདུག  ཁོས་རང་ཉིད་ནི་རྩྭ་ཐང་འདིའི་མཐའ་མཇུག་གི་རྫི་བོ་ཡིན་པར་བསམ། ཡང་མཚམས་ལན་རེར་ཁོ་རང་སྐྱོ་རྒྱུའང་འོང་།  སང་ཉིན་ནས་བཟུང་རྩྭ་ཐང་འདི་ན་ཟོག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས་རེད།  ཁོས་འདི་ལྟར་ཡར་དྲན་མར་དྲན་ཞིག་བྱས་རྗེས།  འདི་ནི་རྨི་ལམ་ཞིག་ཡིན་པར་འདོད།  
རྨི་ལམ་ཞིག་ཡིན་པར་འདོད་པས་ཁོས་ཀི་རིང་ལན་གསུམ་བཏབས། ཡིན་ཡང་འདི་ནི་རྨི་ལམ་ཞིག་ཡེ་ནས་མ་རེད།
              ད་ནི་གྲིབ་མ་འཁོར་བྱུང་།  ཟོག་རྣམས་ཀྱིས་ད་དུང་ཡང་རྩྭ་ཟ་བཞིན་འདུག  ཁོས་ཟོག་རྣམས་ཀྱི་རྩྭ་ཟ་ནའི་རྣམ་པ་མཐོང་འཕྲལ།  ཁོས་ཟོག་རྣམས་ལ་"ངའི་སྙིང་ཉེ་བའི་ཟོག་རྣམས་པ། ངས་ད་བར་ཁྱོད་ཚོ་བསྐྱངས་ཏེ་འོང་བ་ཡིན། སང་ཉིན་ཁྱོད་ཚོ་གཅིག་ཀྱང་མ་ལུས་པར་ཚང་མ་བཤས་རར་འདེད་རྒྱུ་ཡིན་པས། ངའི་སེམས་ངོ་མ་ཅིག་སྐྱོ་གི    
"འོན་ཀྱང་ཟོག་ཅིག་གིས་མི་སྐད་མི་གོ་བས་ཁོ་རང་ཨ་ཐང་ཆད་བྱུང་།
            དགུང་མོ།   སྐྱབས་ལོ་གཉིད་མ་ཁུག་པར་འདང་རྒྱག་གི་མཚོ་མོའི་ནང་དུ་ལྷུང་འདུག  
"ཟོག་རྣམས་བཤས་རར་དེད་རྗེས་ཇི་ལྟར་མནར་གཅོད་གཏོང་ངམ།"
" ཟོག་བཙོངས་རྗེས་ཕྱོགས་འཚོ་བ་ཇི་ལྟར་རོལ་རྒྱུ"
“སང་ཉིན་ནས་ལོ་ངོ་སྟོང་ཕྲག་དུ་མར་རྒྱུད་བསྐྱངས་ནས་འོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་མཇུག་རྫོགས་པ་མིན་ནམ།"
 2016/4ནང་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/22
གོང་གི་ཡི་གེ་དེ་ཀློགས་སྟངས་རེ་རེ་སེམས་སྐྱོ་གདུང་བཅས་སོང་།
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/22
ཅི་འདྲའི་ས་ཆ་སྐྱིད་པོ་རྩ་ཐང་བདེ་མོ་ཞིག མགོན་པོ་འོད་དཔག་མེད་སྲས་འཁོར་དང་བཅས་ལ་མཆོད་པ་འབུལ། 🙏🙏🙏
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41160178
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1