ས་སྐྱ་ལེགས་བཤད། ༼༥༽
ཤེས་རབ་ལྡན་པས་ཉེས་པ་དག
།
སེལ་བར་ནུས་ཀྱི་བླུན་པོས་མིན།
།
ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ།
།
གསོད་པར་ནུས་ཀྱི་ཁྭ་ཏས་མིན།
།
ཤེས་རབ་དང་ལྡན་ན་ཉེས་སྐྱོན་ཐབས་ཀྱིས་སེལ་ནུས་པར་བསྟན་པ་དེ་ཡིན།
ཐབས་མཁས་ཀྱི་ཤེས་རབ་དང་ལྡན་པས་ཉེས་སྐྱོན་དག་སེལ་ཞིང་འདོད་པའི་དོན་སྒྲུབ་པར་ནུས་ཀྱི།
དེ་ལས་ལྡོག་པས་ཉེས་པ་སེལ་ཞིང་འདོད་དོན་སྒྲུབ་པར་མི་ནུས་ཏེ།
ནམ་མཁའ་ལྡིང་སྟེ་བྱ་ཁྱུང་རྒྱལ་པོས་དུག་དང་ལྡན་པའི་སྦྲུལ་གདུག་པ་ཅན་གསོད་པར་ནུས་ཀྱི།
བྱ་ཁྭ་ཏས་འདུལ་མི་ནུས་པ་བཞིན་ནོ། ཞེས་པའོ། །
སྔོན་རྒྱལ་པོ་ཞིག་གིས་བློན་པོ་ཤེས་རབ་ཅན་བརྟག་པའི་ཕྱིར་རྒྱལ་པོའི་དྲེའུ་ཞིག་བྲམ་ཟེ་ཕ་བུ་གཉིས་ལ་གསོ་བར་བཀའ་གནང་སྟེ།
རིང་པོར་མ་སོང་བར་རྒྱལ་པོས་དྲེའུ་ཐབས་ཀྱིས་ཚུལ་བརྐུ་བར་བཏང་བས།
བྲམ་ཟེ་ཕ་བུ་གཉིས་ལ་རྒྱལ་པོའི་དྲེའུ་བོར་བའི་ཉེས་པ་བྱུང་ཡོད།
ཉེས་པ་དེ་ལས་ཚུར་ཇི་ལྟར་ཐར་བསམ་པ་ན། རྒྱལ་པོ་དྲེའུ་ལེན་པར་ཡོང་བ་མཐོང་སྟེ།
གཞོན་ནུ་དེས་རང་གི་ཕ་ལ་བཞོན་ནས་རྡེག་བཞིན་གནས་པ་ན།
རྒྱལ་པོས་མི་རུང་བ་འདི་ལྟ་བུ་བྱེད་དོན་ཅི་ཞེས་སྨྲས་པས།
བདག་ཕ་འདི་འདུལ་བ་ཡིན་ནོ་ཞེས་སྨྲས།
རྒྱལ་པོས་འཇིག་རྟེན་ན་ཕ་མ་ནི་བཀུར་འོས་ཤིང་ཁྱད་པར་ཅན་ཡིན་པས་ངན་སྤྱོད་དེ་དོར་ཅིག་གསུངས།
བུ་དེས་སྨྲས་པ། བཀུར་འོས་བུ་ཡིན་གྱི་ཕ་མིན་ནོ་ཞེས་བརྗོད་པར་རྒྱལ་པོས། བུ་ཚ་ལས་ཕ་མ་གཙོ་ཆེ་ལུགས་ཞིབ་པར་གསུངས་པར་དེས།
བདག་ཁོ་ནའི་ཕ་མ་གཙོ་ཆེ་བ་ཡིན་ནམ་སེམས་ཅན་ཀུན་གྱི་ཕ་མ་གཙོ་ཆེ་བ་ཡིན། རྒྱལ་པོས།
ཕ་མ་ཡིན་པ་དེ་ཐམས་ཅན་བུ་ལས་བཟང་བ་ཡིན་ཞེས་གསུངས་མཚམས། བུ་དེས།
རྒྱལ་པོའི་དྲེའུ་ནི་བོར་ཏེ་དྲེའུའི་ཕ་ནི་འདི་ལགས་པས་བཞེས་སུ་གསོལ་ཞེས་བོང་བུ་གཏད་པས།
ཁྱེའུའི་རིག་པ་ལ་རྒྱལ་པོ་མགུ་སྟེ་བློན་པོར་བསྐོས་པས།
དྲེའུ་སྟོར་བའི་ཉེས་པ་སེལ་ཞིང་འདོད་དོན་སྒྲུབ་པ་ཤེས་རབ་ལ་རག་ལས་པ་ལྟར་རོ།
|