ས་སྐྱ་ལེགས་བཤད། ༼༡༡༽
མཁས་པ་ཡོན་ཏན་དཔག་མེད་ཀྱང་།
།
གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།
།
དེ་ལྟར་རྒྱུན་དུ་སྤྱད་པ་ཡིས།
།
མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ།
།
ང་རྒྱལ་མེད་པར་ཡོན་ཏན་ཆུང་ངུ་སྣེ་རེ་རེ་ནས་བླངས་ན།
ཆུ་ཐིགས་བསགས་པའི་རྒྱ་མཚོ་ལྟར་མྱུར་དུ་ཤེས་བྱ་ཀུན་ཤེས་པའི་མཁས་པར་འགྲོ་བ་དེ་བསྟན་པ་ཡིན་ནོ།
།
མཁས་པ་རང་ཉིད་ལུང་རྟོགས་ཀྱི་ཡོན་ཏན་དཔག་མེད་དེ་གཞལ་དུ་མེད་པ་དང་ལྡན་ཡང་།
གཞན་གྱི་ཡོན་ཏན་ཆེན་པོ་ལྟ་ཅི་ཆུང་ངུའང་ང་རྒྱལ་སྤངས་ཏེ་ལེན་པར་བྱེད་དེ།
དེ་ལྟར་སྙུགས་སྲིང་སྟེ་རྒྱུན་དུ་སྤྱད་པ་ཡིས། ལས་འབྲས་མི་བསླུ་བ་ཆོས་ཉིད་ཡིན་པས།
མགྱོགས་ནས་མྱུར་དུ་ཤེས་བྱ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བར་འགྱུར་རོ། ཞེས་པའོ། །
འཇམ་མགོན་བླ་མ་ཙོང་ཁ་པ་ཁོང་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ནའང་།
གཞན་གྱི་ཡོན་ཏན་ཆེན་པོ་ལྟ་ཅི།
ཐ་ན་ཚིག་གཅིག་ཡིན་ནའང་གཏེར་རྙེད་པ་ལྟ་བུའི་སྤྲོ་སྣང་དང་བཅས་ཏེ་བཞེས་མཁན་ཞིག་ཡིན་ཏེ།
ཉིན་ཞིག་རྩོད་གྲྭར་རྩོད་ཟླ་དགེ་བཤེས་དེར་བཀའ་གདམས་ཞེས་པའི་དོན་གང་ལགས་སམ་ཞེས་བཀའ་འདྲི་མཛད་པར།
དགེ་བཤེས་དེས། བཀའ་གདམས་ཞེས་པ། རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འདོར་དུ་མེད་པར།
གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་འཆར་བ་ལ་ཟེར་བ་ལགས་ཞེས་ཞུས་པས།
བཀའ་བཅུ་པས་བློ་བསྐྱེད་སྦྱིན་བྱུང་ཞེས་བསྔགས་པ་མཛད་དེ་དང་ལེན་མཛད་པ་ལྟར་རྒྱུན་བསྲིངས་ཏེ་མཛད་པས།
གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པ་བཞིན་ནོ། །
|