ས་སྐྱ་ལེགས་བཤད། ༼༡༢༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༢༽
ས་སྐྱ་ལེགས་བཤད། ༼༡༢༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/8/15ལྟ་ཀློག (2872)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༡༢༽

མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །

དགྲ་བོ་མང་ཡང་ག་ལ་ཚུགས། །

འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །

གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །

        དགྲ་བོ་ལས་རྣམ་པར་རྒྱལ་བ་ལུས་ཀྱི་རྩལ་དང་དཔུང་ལས་ཐབས་ལ་མཁས་པའི་རྣམ་དཔྱོད་ཀྱི་བློ་གྲོས་གལ་ཆེ་བས། དགྲ་ལས་རྒྱལ་བར་འདོད་ན་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པར་བྱ་དགོས་པ་དེ་བསྟན་ཡོད། །

        དེ་ཡང་དྲན་ཤེས་དང་ལྡན་པའི་སྒོ་ནས་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་རང་བསྲུང་ལ་གཅིག་ཏུ་སྒྲིམ་ན། དགྲ་བོ་ཉུང་ངུས་ལྟ་ཅི་མང་པོས་ཀྱང་གལ་ཚུགས་ཏེ་གླགས་མི་རྙེད་དེ། དཔེར་ན། གྲོང་ཁྱེར་འཕགས་རྒྱལ་གྱི་བྲམ་ཟེའི་བུ་གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ་ནས་རྣམ་པར་རྒྱལ་བ་བཞིན་ནོ། ཞེས་པའོ། །

        སྔར་གྲོང་ཁྱེར་འཕགས་རྒྱལ་ཞེས་བྱ་བ་ན། བྲམ་ཟེ་མ་བུ་གཉིས་ལ་འཚོ་རྟེན་ར་གཅིག་ལས་མེད་པ་དང་། དེའི་ཉེ་འཁོར་ལ་རྐུན་པོ་འབྱོར་པ་ཅན་ཞིག་ཀྱང་མཆིས་པས། བྲམ་ཟེའི་བུས་རྐུན་པོ་བསླུ་བར་སེམས་ཏེ། གཞན་ལས་གཡར་ཏེ་རྒྱན་གོས་བཟང་པོ་བརྒྱན་ཏེ། ཁོའི་རྒྱུ་ལམ་དུ་བསྡད་དེ་ཟས་ཀྱིས་ཀྱང་ཚིམས་པར་བྱས་སོ། དེའི་ཚེ་འདི་ནི་ངེས་པར་འབྱོར་ལྡན་ཞིག་གོ་སྙམ་སྟེ། རྐུ་བར་བརྩམས་པ་ན། རྐུན་པོས་འབིགས་པའི་ཐད་དུ་བསྡད་དེ་ཡར་ཞུགས་པ་ན། ཁྱེའུས་བཟུང་སྟེ། རྒྱལ་པོ་ལ་གཏད་དོ་ཞེས་བརྗོད་པས། ཁོས་ང་རྒྱལ་པོ་ལ་མ་གཏོད། ཁྱོད་ཅི་དགོས་པའི་འདོད་པ་བསྐང་ངོ་ཞེས་བརྗོད་དེ། ཊམ་ཀ་ལྔ་བརྒྱ་སྤྲད་པས་རྐུན་པོ་བཏང་ངོ་། ཁྱེའུའི་བསམས་པར་ད་ནི་ཡུལ་གཞན་དུ་མ་སོང་ན་ཁོས་འཁོན་བཟུང་སྟེ་གསད་དུ་འོང་ སྙམ་སྟེ། ཕྱོགས་གཞན་དུ་ཆས་སོ། ར་མ་དེ་ལ་ཊམ་ཀ་ལྔ་བརྒྱ་པོ་ལོ་མས་བཏུམས་ནས་བྱིན། མ་རྒན་དང་བཅས་པ་སོང་སྟེ། ལམ་བར་དུ་འབྱོར་ལྡན་ཞིག་ལ་གནས་ཚང་གཡར་ཏེ། ནན་གྱིས་གནས་ཚང་ཁྱིམ་མི་དང་ལྷན་དུ་བསྡད་དོ། དེ་ནས་ཁྱེའུས་ར་མའི་ལྟོ་ལ་ཁུ་ཚུར་བསྣུན་པས་ཊམ་ཀ་གཅིག་བྱུང་བ་ཁྱིམ་བདག་ལ་ བྱིན་པས། ཁྱིམ་བདག་ཧ་ལས་དེ་ཅི་ཡིན་བྱས་པས། འདི་རིན་ཆེན་སྣ་ཚོགས་འབྱུངབའི་འདོད་འཇོའི་ར་ཡིན་ནོ་བྱས་པས། ཁྱིམ་བདག་གིས་ནན་གྱིས་བཙོང་རྒྱུའི་རེ་འདུན་བྱས་པས། མཐར་གསེར་ཊམ་ཁྲི་ཕྲག་ཏུ་བྱས་ཏེ་བཙོངས་ཏེ་ར་མ་ལས་ཊམ་ཀ་ལེན་ཚུལ་བསླབས་ཏེ་དེ་ ནས་ཐོན། ཁྱིམ་བདག་གིས་ཁོས་བསླབ་པ་ལྟར་ཊམ་ཀ་བླངས་པས་ཅུང་ཟད་བྱུང་ནས་མཐར་མ་བྱུང་བས་ བསླུས་པ་ཤེས། དེ་ནས་ཁྱེའུས་རྗེས་འདེད་ཡོང་དོགས་ཀྱིས་མ་བུ་གཉིས་ཝཱ་རཱ་ཎ་སཱིར་འཛོམས་དུས་ བྱས་ཏེ། ཁྱེའུས་རི་ལམ་བརྒྱུད་དེ་ཕྱིན་པས་དོམ་བཀྲེས་པས་ཉེན་པ་སྟེ་མནར་བ་ཞིག་དང་འཕྲད་ དེ་ཕན་ཚུན་ཡུན་རིང་འཛིངས་པ་ལ་གསེར་ཊམ་གྱི་རྐྱལ་པ་ཐོར་ཏེ་ཡོད་པ། རྒྱལ་པོའི་བུ་རྒྱན་གོས་བཟང་པོས་སྤྲས་ཏེ་སྐྱོ་བསངས་ལ་བྱོན་པས་གཟིགས་ནས། ཁྱོད་ཅི་བྱེད་གསུངས་པས། ཁོས་ཁྱོད་ཀྱིས་བདག་ལ་བར་ཆད་ཆེན་པོ་བྱས་ཏེ། བདག་ནོར་ལྷ་སྒྲུབ་པ་ཡིན་ཏེ། དོམ་འདི་གནོད་སྦྱིན་དོམ་གཟུགས་བྱ་བ་ཡིན་པས། འདིའི་སྒྲུབ་ཐབས་ཤེས་ན་གང་ལ་ཅི་འདོད་ཀྱི་གྲུབ་ཆར་བཞིན་འབབ་པ་ཡིན་ཏེ། གསེར་ཊམ་གྱིས་ཆར་འབབ་པ་ལ་གཟིགས་བྱས་པས། རྒྱལ་པོ་ངོ་མཚར་སྐྱེས་ཏེ་གདམས་པ། འདི་ང་ལ་བྱིན་ཅིག   ངས་རྒྱན་གོས་རྟ་དང་བཅས་པ་ཁྱོད་ལ་སྦྱིན་གསུངས་པས། ཁོས་དཀའ་དཀའ་ལྟར་བྱས་ཏེ་མཐར་ཁས་བླངས་ཏེ། རྒྱལ་པོ་ལ་ནོར་ལྷ་སྒྲུབ་ཐབས་རྫུམ་མ་ཞིག་བསྟན་ཏེ། གསེར་ཊམ་རྣམས་བསྡོགས། རྒྱལ་པོའི་རྒྱན་གོས་གྱོན་ནས་རྟར་བཞོན་ཏེ་ཝཱ་རཱ་ཎ་སཱིར་ཕྱིན། དེར་ར་མས་བསླུས་པའི་ཁྱིམ་བདག་གིས་ཁྱེའུ་ཁོ་ཡིན་པ་ངོ་ཤེས་ཏེ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ལ་གཏད་པས། རྒྱལ་པོས་ཁོ་ནོར་གྱི་བདག་པ་རང་ལ་གཏོད་ཅིག་གསུངས་ཏེ་གཏད་པས། ནོར་གྱི་བདག་པོས་ཁོ་ཆ་བོ་གང་གཱ་ལ་བསྐྱུར་ཕྱིར་ཁོའི་མགོ་ལ་རས་ཀྱིས་བཏུམས་ཏེ་ཕྲག་པར་འཁྱེར་ཏེ་སོང་བས། ཁོས་ནོར་བདག་གི་མགོར་དྲི་ཆུ་ཕབ་པས། ནོར་བདག་གིས་ཁོ་བ་གླང་རྫི་བོ་ཞིག་ལ་བཅོལ་ནས་འཁྲུད་བྱ་བར་སོང་། བར་དེར་བ་གླང་རྫི་བོས་འདི་ལྟར་ནོངས་པའི་རྒྱུ་མཚན་དྲིས་པས། ཁོས་ང་རྒྱལ་པོའི་བུ་ཡིན་པས་རྒྱལ་ས་མ་འདོད་ནས་ཆོས་ལ་འགྲོ་དགོས་བསམ་པ་མ་སྟེར་བས་འདི་ལྟར་གྱུར་རོ་ཞེས་སྨྲས་པས། བ་གླང་རྫི་བོ་རྒྱལ་པོ་ལས་སྐྱིད་པ་མེད་པས་གྱིས་ཤིག་སྨྲས་པ་ན། ང་རྒྱལ་པོ་རྩ་བ་ནས་མི་འདོད་པས་འདོད་ན་ཁྱོད་རང་གྱིས་ཞེས་སྨྲས་པས། རྫི་བོས་ང་རྒྱལ་པོ་བྱེད་ཚུལ་ཇི་ལྟར་ཡོད་བརྗོད་པས། ཁྱོད་རང་ང་བཅུག་སའི་སྣོད་དུ་ད་ལྟ་ཞུགས་ན། ཁྲི་སྟེང་དུ་མ་སླེབས་བར་ཁ་མི་ཕྱེ་བར། ཁྲི་སྟེང་དུ་སླེབས་ཕྱིན་མི་སུ་ཡིན་ལ་མི་ལྟོས་པར་རྒྱལ་པོར་ངེས་སོ་བྱས་པས། ཁོ་དགའ་སྟེ་སྣོད་ནང་ཞུགས་པས་ནོར་བདག་རོགས་དང་བཅས་པས། བ་གླང་རྫི་བོ་ཆུ་བོ་གང་གཱ་ལ་བསྐྱུར་ཏེ། ཁོ་ཐར་བས་ཁོས་རྒྱན་གོས་བཟང་པོས་བཀླུབས་ཏེ་ཆུར་སྐྱུར་མཁན་གྱི་ནོར་བདག་གི་སར་ཕྱིན་ཏེ། ཁྱོད་ཀྱིས་ང་ཆུར་བསྐྱུར་བས། ཆུ་ནང་གི་ལྷ་བསམ་གྱིས་མི་ཁྱབ་པ་ཡོད་པས། ཇོ་བོ་གཅིག་ཤི་བས་གདན་སར་ཁོ་བོ་དབང་བསྐུར་བས་དེའི་ཆས་ཀྱང་འདི་འདྲ་ལགས་པས། ཁྱོད་ལ་བཀྲ་ཤིས་ལེགས་གསོལ་གྱི་ཕྱིར་བཅར་བ་ལགས་ཞེས་བརྗོད་དེ། གསེར་ལ་སོགས་པའི་རིན་ཆེན་མང་དུ་བྱིན་པས་ཁྱིམ་བདག་ན་རེ། ཚུལ་དེ་ཁྱོད་གཅིག་པུའམ་ཡང་ན་ཀུན་ལ་འདུག་ཅེས་དྲིས་པས། ཁོས་དེ་ལྟ་བུ་ཀུན་ལ་འདུག་ཅིང་། དེ་ལྟ་བུའི་རྒྱལ་ས་གཟུང་རྒྱུ་མང་དུ་འདུག་ཅེས་བརྗོད། འོ་ན་ང་ཡང་འགྲོ་ཞེས་བརྗོད་པས། ཁོས་དེ་ལྟ་ན་འགྲོ་ལུགས་ནི་སྔར་ལྟར་རོ་ཞེས་བརྗོད་དེ། ནོར་བདག་རས་ཀྱི་ཁུད་དུ་བསྒྲིལ་ནས་གང་གཱ་ལ་བསྐྱུར་རོ། དེ་ནས་ཝཱ་རཱ་ཎ་སཱིའི་རྒྱལ་པོས་སྔར་སྐྱབས་མ་བྱས་པའི་འཁོན་དྲན་ཏེ། ཁོ་རང་གིས་བསླུས་ཏེ་དོམ་གྱིས་བསད་པའི་རྒྱལ་པོའི་སྲས་ཝཱ་རཱ་ཎ་སིའི་རྒྱལ་པོས་བསད་དོ་ཞེས་ཕྲ་མ་བྱས་ཏེ། དེས་ཝཱ་རཱ་ཎ་སིའི་རྒྱལ་པོ་བཅོམ་སྟེ་བྲམ་ཟེའི་ཁྱེའུས་རྒྱལ་སྲིད་བཟུང་བ་བཞིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41457786
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1