མི་ཉག་ནགས་བྲིམ་གེ་སར་རྩྭ་ཐང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མི་ཉག་ནགས་བྲིམ་གེ་སར་རྩྭ་ཐང་།
མི་ཉག་ནགས་བྲིམ་གེ་སར་རྩྭ་ཐང་།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/8/31ལྟ་ཀློག (2384)རྩོམ་ཁུངས: ཁམས་པའི་དྲྭ།པར་འདེབ།

མི་ཉག་ནགས་བྲིམ་གེ་སར་རྩྭ་ཐང་།

མི་ཉག་ཟླ་བ་ཚེ་རིང་།

          ནགས་བྲིམ་གེ་སར་རྩྭ་ཐང་ཆེན་མོ་ནི་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་རྟའུ་ཉི་མཚོ་ཕྱོགས་ཀྱི་ལེ་དབར་བཞི་བཅུ་ཞེ་གཉིས་ཀྱི་ས་མཚམས་སུ་ཡོད་ལ། ཡུལ་དེ་གའི་མི་རྣམས་ཀྱིས་གནའ་སྔ་མོ་སྔ་མོ་ཞིག་ནས་རྩྭ་ཐང་དེ་ནི་གླིང་སེང་ཆེན་རྒྱལ་པོས་རྟ་རྒྱུག་རྒྱན་འཇོག་བྱེད་ས་ཡིན་པ་དང་ནགས་བྲིམ་ས་ཁུལ་སྤྱི་དེ་གླིང་དཔའ་ཐུལ་སུམ་ཅུའི་སྤྲོ་འཆམ་གཏོང་ཡུལ་ཡིན་ཞེས་བཤད། རྩྭ་ཐང་དེ་ཡངས་ཤིང་རྒྱ་ཆེ་ལ་མཛེས་ཤིང་ལྟ་ན་སྡུག་པ་དང་དབུས་སུ་ཤིང་བཟོ་མཁས་པ་ཞིག་གིས་བཟོས་པའི་གཞོང་པ་ལྟ་བའི་དབྱིབས་ཁྱད་པར་བ་ཞིག་གི་རྗེས་ཤུལ་འབུར་དུ་དོད་པ་ཞིག་ཡོད་པ་དེ་ལ་གེ་སར་སྦྲ་མ་ཞེས་བྱ། རྒྱུ་མཚན་ནི་གེ་སར་གྱི་མཁའ་འགྲོ་སྟེ་འབྲུག་མོས་སྦྲ་ཕུབ་པའི་ཤུལ་དུ་ངོས་བཟུང་ཡོད་པས་སོ། །མདུན་ཕྱོགས་ཀྱི་རི་འགོར་སོང་ནས་ཐུར་དུ་བལྟས་ན་དེ་ནི་དངོས་གནས་སྦྲ་ཕུབ་ཤུལ་མིན་ན་ཅི་ཡིན་སྙམ་པའི་སྣང་བ་སྟེར་འོང་བ་དང་ཆབས་ཅིག་གེ་སར་སྒྲུང་གི་འཆད་སྟངས་མང་པོ་ཞིག་དངོས་ཡོད་མིའི་འཚོ་བའི་གནས་བབ་དང་འཕྲོད་ཐབས་མེད་སྙམ་པའི་དོགས་པ་མང་པོ་ཞིག་རང་བཞིན་གྱིས་འགག་འགྲོ། རྩྭ་ཐང་གི་གཡས་འགྲམ་དུ་མཚེའུ་ཡིད་དུ་འོང་བ་ཞིག་ཡོད་པ་དེ་འབྲུག་མོས་སྐྲ་བཀྲུ་ས་ཡིན་པས་འབྲུག་མོའི་མཚོ་ཞེས་འབོད། མཚེའུ་དེ་དང་དེའི་གཡས་གཡོན་དུ་སྐྱེས་པའི་རྩི་ཤིང་གི་ཁ་དོག་ནི་ཟླ་བ་རེ་རེ་བཞིན་དུ་གྱུར་ཏེ་ལོ་གཅིག་ལ་མདོག་བཅུ་གཉིས་འབྱུང་བཞིན་ཡོད་པ་དང་ལྷག་པར་དུ་ས་གནས་དེ་མཚོ་འཕགས་སྨི་བཞི་སྟོང་ཙམ་གྱི་ས་རུ་ཡོད་པས་དགུན་དུས་གྲང་ངར་ཧ་ཅང་ཆེ་བ་རེད། འོན་ཀྱང་མཚེའུ་དེ་ལ་ཆབ་རོམ་ཆགས་རྒྱུ་གཏན་ནས་མེད། དེ་ཡང་ཏག་ཏག་མཚོ་ངོགས་སུ་སྡོང་རྒན་ཁེར་སྐྱེས་ཤིག་ཡོད་པ་དེ་ལ་གེ་སར་རྟོད་ཕུད་ཟེར། གླིང་གེ་སར་རྒྱལ་པོས་རྟ་གདགས་ས་ཡིན་པར་འདོད་པས་དེ་ལྟར་འབོད་པ་རེད། སྡོང་རྒན་ཁེར་སྐྱེས་དེའི་ཉེ་འགྲམ་དུ་ཤིང་སྡོང་གཞན་དག་གཅིག་ཀྱང་མེད་པས་དེ་ཡང་ངོ་མཚར་བའི་གནས་སམ་ཁྱད་ཆོས་ཤིག་ཏུ་བགྲངས་ཆོག་ཆོག་རེད། མཚེའུ་དེའི་གཡས་འགྲམ་དུ་རྡོ་ཕ་བོང་ཞིག་གི་སྟེང་དུ་རྟ་ཡི་རྨིག་རྗེས་འབུར་དུ་དོད་པ་ཞིག་ཡོད་པ་དེ་ནི་གེ་སར་གྱི་ལྷ་རྟ་རྐྱང་ལུའི་རྗེས་ཤུལ་ཡིན་ཞེས་གྲགས། གཞན་ཡང་ཡ་མཚན་སྐྱེས་འོས་པ་ཞིག་ནི་གེ་སར་རྩྭ་ཐང་གི་གཡས་འགྲམ་ནས་དྲང་ལམ་དེད་དེ་སོང་ན་ལེ་དབར་གཅིག་ཙམ་གྱི་ས་ན་རྒྱ་ཚའི་སྒྲུབ་ཕུག་ཅེས་ས་དོང་ཞིག་ཡོད་པ་སྔོན་སྒྲུབ་ཕུག་ཅིག་ཡིན་པར་ཐེ་ཚོམ་མི་དགོས་ཏེ། དབྱིབས་ལ་བལྟས་ན་ཌ་རུ་དང་དྲིལ་བུ། གླེགས་བམ་དང་ཆ་ལང་སོགས་དང་ཧ་ཅང་འདྲ་བའི་རྡོ་མང་པོ་ད་ལྟ་ཡང་ཆག་འཇིག་མ་སོང་ནས་ཡོད། མཚེའུ་དེའི་ཉེ་འགྲམ་དུ་རབ་སྒང་རི་ཁྲོད་ཆགས་ཡོད་ལ་རི་ཁྲོད་དེས་བཞེངས་སྐྲུན་བྱས་པའི་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཆེན་མོ་ཡང་དེར་ཡོད། རིགས་གཅིག་ཆེད་མཁས་བ་དག་གི་འཆད་སྟངས་ལྟར་ན་འཛམ་གླིང་གི་ཞི་ཁྲོའི་ལྷ་སྐུའི་ཁྱད་ཆོས་ཆེས་འབུར་དུ་ཐོན་པ་དང་འཐུས་སྒོ་ཚང་བ་དེ་འདི་ཡིན་པ་རེད། ཆེས་གླེང་རིན་ཡོད་པ་ཞིག་ནི་ནགས་བྲིམ་ཡུལ་ཚོའི་ཡུལ་མི་རྣམས་ཀྱིས་གེ་སར་རིག་གནས་འཚོ་བ་རོལ་བའི་སྲོལ་རྒྱུན་དེ་ཡིན་ཏེ། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་ནས་ཁོ་ཚོས་ལོ་ལྟར་བོད་ཟླ་ལྔ་བའི་ཚེས་བཅུ་གསུམ་ནས་བཅོ་ལྔའི་བར་ཡུལ་མི་རྒན་གཞོན་ཡོངས་རྫོགས་གེ་སར་རྩྭ་ཐང་དུ་རྩ་འཛུགས་བྱས་ཏེ་རྟ་རྒྱུག་འགྲན་བསྡུར་དང་གླུ་ལེན་གར་རྩེད་སོགས་གླིང་གེ་སར་རྒྱལ་པོ་ལ་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་བ་རེད། རྒན་རབས་པ་ཚོས་ངོ་སྤྲོད་བྱས་པ་ལྟར་ན་བྱ་འགུལ་དེ་རིག་གསར་སོགས་གནོན་ཤུགས་དང་དཀའ་ཚེགས་ཧ་ཅང་ཆེ་བའི་སྐབས་སུ་ཡང་མཚམས་འཇོག་བྱེད་མྱོང་མི་འདུག སྤྱི་ལོ1990ལོ་ནས་བཟུང་ད་དུང་གསེར་གླིང་གཡུལ་འགྱེད་དང་རྟ་རྒྱུག་རྒྱན་འཇོག རྟ་རྒྱུག་ནོར་བུ་ཆ་བདུན་སོགས་འཁྲབ་སྟོན་བྱེད་སྲོལ་བཙུགས་ཏེ་གེ་སར་རྗེས་དྲན་བྱ་འགུལ་དེ་སྔར་ལྷག་གིས་ཕུན་སུམ་ཚོགས་པ་དང་གྱ་ནོམ་པར་བཏང་ཡོད། ཉེ་བའི་ལོ་འདི་འགའི་རིང་འགྲིམ་འགྲུབ་སོགས་རྩ་བའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་བཟང་དང་ཇེ་ལེགས་སུ་སོང་དང་འགྲོ་བཞིན་པའི་སྒང་ཡིན་ལ་ཡུལ་མིའི་སྤུས་ཚད་ཀྱང་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་བུང་བ་སྤྲིན་གྱི་ཚོགས་དེ་དྲི་ལྡན་མེ་ཏོག་གི་ཕྱོགས་སུ་རང་བཞིན་གྱིས་འཁོར་འོང་བ་ཇི་བཞིན་ཕྱོགས་སོ་སོའི་ལྗོངས་རྒྱུ་བ་མང་པོ་ཞིག་ནགས་བྲིམ་གེ་སར་རྩྭ་ཐང་དུ་སྤྲོ་འཆམ་བྱེད་དུ་འོང་བཞིན་ཡོད་པ་དང་ཁོ་ཚོ་མང་པོ་ཞིག་གིས་ནགས་བྲིམ་གེ་སར་རྩྭ་ཐང་ནི་མིང་དོན་མཚུངས་པའི་དག་ཞིང་ཉག་གཅིག་རེད་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བཞིན་འདུག  རེད་ཡ། ནགས་བྲིམ་གེ་སར་རྩྭ་ཐང་དངོས་གནས་དག་ཞིང་ཞིག་རེད། ལྷག་པར་དུ་དབྱར་དུས་ཀྱི་ནགས་བྲིམ་གེ་སར་རྩྭ་ཐང་དེ་མིང་དོན་མཚུངས་པའི་དག་ཞིང་ཉག་གཅིག་རེད།

༢༠༡༦ལོའི་ཟླ༧ཚེས༡༩ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42049744
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1