ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ། མགར་ཐར་གནའ་མཁར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་ཚང་གི་བྱ་བཞག »ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ། མགར་ཐར་གནའ་མཁར།
ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ། མགར་ཐར་གནའ་མཁར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/10/12ལྟ་ཀློག (36929)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ། མགར་ཐར་གནའ་མཁར།

མི་ཉག་འོད་ཟེར།

      ཁམས་མི་ཉག་གི་ཡུལ་གྱི་ལྟེ་བ་རུ་གྲགས་པའི་མགར་ཐར་ཞེས་པའི་ཡུལ་འདི་ཉིད་ལ་ཆ་མཚོན་ན་ཁམས་ཕྱོགས་སུ་ལོ་རྒྱུས་ཆེས་རིང་བའི་གནའ་བོའི་གྲོང་མཁར་ཞིག་ཏུ་ངོས་འཛིན་བྱེད་ཆོག  ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ལ་མིང་ནས་འབོད་ཚུལ་དང་འབྲི་ཚུལ་མི་འདྲ་བ་མང་དུ་བྱུང་ཡོད་པ་དེབ་ཐེར་སོ་སོ་ན་བཀོད་ཡོད་ཚུལ་ལྟར་ཡིན་པས་འདིར་རྒྱས་བཤད་བྱེད་པའི་དགོས་གལ་མ་མཐོང་། མགར་ཐར་གནའ་མཁར་ལ་དེང་སྐབས་ཡོངས་གྲགས་ཀྱི་རྒྱའི་ལྕགས་རི་ཞེས་འབོད་བཞིན་ཡོད་ལ་རྟའུ་རྫོང་གི་ལོ་རྒྱུས་ཞེས་པའི་དཔེ་ཆའི་ནང་དུའང་ཆིང་རྒྱལ་རབས་དུས་སྐབས་ཀྱི་དམག་དཔོན་གྲགས་ཅན་ནན་ཀེན་ཡབ年羹尧(1679~1726)ཀྱི་སྐབས་སུ་བཞེངས་པ་ཡིན་ཞེས་བཀོད་ཡོད།

      སྤྱིར་མི་ཉག་མགར་ཐར་གནའ་མཁར་དུས་ནམ་བཞེངས་ཀྱི་སྐོར་ལ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་བཀོད་པ་ལས་སྔ་བ་ད་སྔ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ཀྱང་། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་ནས་མི་ཉག་མགར་ཐར་ནི་ཁམས་ཕྱོགས་ཀྱི་ས་གནས་གཙོ་བོ་ཞིག་ཡིན་པ་ཐང་གི་ས་བཀྲའི་ནང་དུ་ཁམས་ཕྱོགས་སུ་འདན་ཁོག་དང་མགར་ཐར་གཉིས་མ་གཏོགས་བཀོད་མེད་པ་ལས་དཔོག་ཐུབ། དེ་བས་མགར་ཐར་གནའ་མཁར་ནི་བོད་བཙན་པོའི་རྒྱལ་རབས་དུས་སྐབས་ནས་ཡོད་ཅེས་སྨྲ་ན་མི་འགྲིག་པ་མེད་པ་ཞིག་ཏུ་ཆགས་ཡོད། ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་སེ་ཆེན་རྒྱལ་པོས་འཇང་ལ་དཔུང་འཇུག་བྱེད་སྐབས(元宪宗二年1252年)ཡས་མས་སུ་མགར་ཐར་གནའ་མཁར་བཞེངས་པ་ཡིན་ཚུལ་ཡོན་གྱི་ལོ་རྒྱུས་སུ་ཁ་གསལ་བཀོད་འདུག་ཅིང་། དེང་དུས་མི་ཉག་མགར་ཐར་ལ་རྒྱའི་ཡིག་ཚང་དུ(合达)ཞེས་བྲིས་འདུག  དེ་བས་མགར་ཐར་གནའ་མཁར་འདི་ཉིད་བོད་བཙན་པོའི་དུས་སྐབས་ནས་ཡོད་ཅིང་ཡོན་གྱི་དུས་སྐབས་སུ་དམག་དོན་གྱི་ལྟེ་བ་ཞིག་ཡིན་པར་མ་ཟད་མདོ་སྨད་ཕྱོགས་ཀྱི་དངུལ་འབྲུའི་སྤྱི་ཁྱབ་དོ་དམ་བྱེད་གནས་ཤིག་ཀྱང་གནས་འདིར་གཉེར་མྱོང་ཡོད།

      མིང་རྒྱལ་རབས་ཀྱི་དུས་སྐབས་སུ་གནའ་མཁར་འདི་ཉིད་ནི་རྒྱ་བོད་བར་འགྲོ་འོང་བྱེད་སའི་ས་ཚིགས་གལ་ཆེན་ཞིག་ཡིན་ཅིང་། ཁམས་པའི་བྱང་རྒྱུད་ནས་བོད་དུ་བསྐྱོད་ན་ངེས་པར་དུ་བརྒྱུད་དགོས་པའི་འགྲུལ་ཚིགས་ཤིག་ཀྱང་ཡིན། དེ་བས་མིང་རྒྱལ་རབས་ཀྱི་དུས་སྐབས་སུ་དར་ཁྱབ་ཆེ་བའི་ཇ་རྟའི་གནའ་ལམ་གྱི་འགག་གནས་ཤིག་ཀྱང་ཡིན་པ་སྨོས་མེད་རེད།

      རྒྱལ་མཆོག་བདུན་པ་ངག་དབང་སྐལ་བཟང་རྒྱ་མཚོ་མཆོག་བོད་ནས་སྡེ་གཟར་བྱུང་རྐྱེན་མགར་ཐར་དུ་བགྲང་ལོ་དུས་ཡུན་དྲུག་ཙམ་རིང་བཞུགས་བས་མགར་ཐར་ཞེས་པའི་ཡུལ་གྱི་སྙན་པ་དེ་བས་རྒྱས། གོང་མ་གཡུང་ཊིས་མགར་ཐར་ལ“泰宁”ཞེས་པའི་མཚན་གསོལ་བ་ནས་བཟུང་རྒྱའི་ཡིག་ཚང་ཁག་ཏུ་མིང་དེ་བེད་སྤྱོད་བྱས་ཡོད་པ་དང་ཞི་ཁམས་ཞིང་ཆེན་གྱི་ཀྲུའུ་ཞི་ལུའུ་ཝན་ཧྥེ་ཡིས“乾宁”ཞེས་མིང་བཅོས་བྱས་པ་དེ་ལས་གནའ་རབས་དང་ཉེ་དུས་གང་གི་ཆ་ནས་ཀྱང་མི་ཉག་མགར་ཐར་ནི་མདོ་ཁམས་ཕྱོགས་ཀྱི་ཡུལ་གཙོ་བོ་ཞིག་ཡིན་པ་དཔོག་ཐུབ།

      མགར་ཐར་གནའ་མཁར་གྱི་ནང་དུ་རྒྱ་ལུགས་ཅན་གྱི་ལྷ་ཁང་གཉིས་ཡོད་པ་དེ་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་ཀྱི་དུས་སྐབས་གང་གི་དུས་སུ་བཞེངས་པ་ཡིན་པ་ཁ་ཚོན་གཅོད་དཀའ་ནའང་། གེ་སར་ལྷ་ཁང་དང་ས་བདག་ལྷ་ཁང་ཞེས་བྱ་བའི་རྒྱ་ལུགས་ལྷ་ཁང་འདི་གཉིས་ནི་ཡུལ་འདིར་རྒྱ་རིགས་འབོར་ཆེན་སླེབས་པའི་རྗེས་སུ་ཁོ་ཚོས་དད་རྟེན་དུ་བཞེངས་པ་ཡིན་འདུག   ཆིང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་མཆོག་བདུན་པའི་སྐུ་སྲུང་དམག་མི་ཉིས་སྟོང་ཡས་མས་འདི་ན་བཅའ་སྡོད་བྱས་ཡོད་ལ། མིང་དང་ཆིན་གྱི་དུས་སྐབས་སུ་ཚོང་པ་དང་། གཏེར་རྐོ་མཁན་རྒྱ་མི་འབོར་ཆེན་འདི་ན་གནས་བཅས་ཡོད་འདུག

      གནའ་མཁར་འདི་ཉིད་ཀྱི་དབྱིབས་དང་གཞི་ཁྱོན་ཐད་ལ་བཤད་རྒྱུན་མང་པོ་ཡོད་གཤིས། གནའ་མཁར་གྱི་དབྱིབས་ནི་གོང་མའི་ཞབས་ལྷམ་གྱི་དབྱིབས་ལྟར་དུ་བཞེངས་པ་ཡིན་ཚུལ་ངག་རྒྱུན་ན་འདུག་ཀྱང་འདི་ནི་ས་དབྱིབས་ཀྱི་རང་བཞིན་ལས་ལྷམ་གྱི་རྣམ་པ་ཞིག་མངོན་ཡོད་པ་ལས་མིས་ཆེད་དུ་བཟོས་པ་ཞིག་མིན་པ་ཐག་གིས་གཅོད་ཐུབ། ད་དུང་གནའ་མཁར་འདི་ཉིད་ལས་འཕྲོས་ཏེ་གནའ་བོའི་རྗེས་ཤུལ་ཇི་སྙེད་ཅིག་སྔོག་འདོན་བྱ་མ་ཐུབ་པར་ལུས་ཡོད་ལ་བགྲང་ལོ་སྟོང་གི་གནའ་ཤུལ་འདི་ཉིད་ཀྱི་གཞི་ཁྱོན་དང་བརྗིད་ཉམས། རིན་ཐང་སོགས་སྐྱེ་འགྲོའི་མིག་གི་དགའ་སྟོན་དུ་ལོངས་སུ་སྤྱད་ཐུབ་མེད།

     གཞི་ཁྱོན་གྱི་ཐད་ལ་གོང་མའི་ལྷ་སྲས་བཅུ་བདུན་པ་ཀོ་ཆིན་ཝང་མི་ཉག་མགར་ཐར་དུ་རྒྱལ་མཆོག་བདུན་པ་བོད་དུ་ཕེབས་སྐྱེལ་ཞུ་བར་ཕེབས་སྐབས་ཉིན་ཐོའི་རྣམ་པས་བྲིས་པ་ཞིག་ལས་གསལ་བ་ལྟར། མགར་ཐར་མཁར་དེ་མགར་ཐར་ཡུལ་གྱི་ཤར་རིའི་འདབས་སུ་ཡོད་ཅིང་། རྒྱ་ལུགས་ཀྱི་རྣམ་པའི་ཐོག་མཁར་དང་གྱང་མཁར་བཞེངས་ཡོད་ཅིང་གྱང་མཁར་ནི་ས་སེར་པོས་བཞེངས་པ་ཡིན། མཐོ་ལ་སྨི9དང་ཞེང་ལ་རྟ་པ8གྲལ་བསྟར་འགྲོ་ཆོག  གྲོང་མཁར་ལ་སྐོར་བ་ཞིག་རྒྱག་ན་ཆེས་ཆེ་བའི་རྐང་རྗེས་ཤིག་དང་འདྲ་བར་ལྷོ་དང་བྱང་གཉིས་རྒྱ་ཆེ་ཞིང་ཤར་ནུབ་གཉིས་དོག་པོ་ཡོད། མི་རིང་བའི་གནས་སུ་ད་དུང་ཡུལ་མིའི་ཐོག་མཁར་འགའ་ཞིག་ཡོད་ཅེས་བཀོད་ཡོད་པ་ལས་ཤེས་ཐུབ།

     མགར་ཐར་གནའ་མཁར་ད་སྐབས་ཞིག་རལ་དུ་གྱུར་ཏེ་རྗེས་ཤུལ་མ་གཏོགས་མི་འདུག་ཀྱང་འདས་པའི་ལོ་རྒྱུས་ཀྱི་ངོ་གདོང་ངོས་སུ་གནས་འདི་ན་སྲིད་ཀྱི་བ་དན་དགུང་དུ་འཕྱར་མྱོང་ཡོད་ལ། དཔལ་འབྱོར་གྱི་མཚོ་མོ་རླབས་དུ་རྩེན་ཞིང་རིག་གནས་ཀྱི་དུང་སྒྲ་གླིང་བཞིར་བསྒྲགས་མྱོང་། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
khao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/19
ཧ་ཅང་ཡག་སོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45485629
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1