ས་སྐྱ་ལེགས་བཤད། ༼༢༢༽
སྨྲས་ཤིང་བསྐུལ་བར་གྱུར་པ་ན། །
དུད་འགྲོ་ལ་ཡང་གོ་བ་སྐྱེས། །
མ་བསྐུལ་གཞན་གྱིས་མ་སྨྲས་པར། །
བསམ་པ་ཤེས་ན་མཁས་པ་ཡིན།།
གཞན་གྱིས་འདི་གྱིས་ཞེས་སྐུལ་བ་ལ་མ་བལྟོས་པར། རང་གིས་བསམ་པས་དཔྱད་དེ་འཇུག་ལྡོག་བྱེད་པ་མཁས་པ་ཡིན་པ་དེ་བསྟན་པ་ཡིན། །
སྐྱེ་བོ་གཞན་གྱིས་འདི་དང་འདི་གྱིས་ཞེས་སྨྲས་ཤིང་བསྐུལ་བར་གྱུར་པ་ན། མི་ལྟ་ཅི། དུད་འགྲོ་ལའང་སྨྲས་པ་ལྟར་གོ་བ་སྐྱེས་ཏེ་འཇུག་ལྡོག་བྱེད་པ་མངོན་སུམ་གྱིས་མཐོང་ལ། གཞན་གྱིས་འདི་དང་འདི་གྱིས་ཞེས་མ་སྨྲས་ཤིང་མ་བསྐུལ་བར་རང་གི་བསམ་པས་དཔྱད་དེ་འཇུག་ལྡོག་ཤེས་པ་ནི་མཁས་པ་ཡིན་པའི་རྟགས་ཡིན་ནོ། ཞེས་པའོ། །
མ་བསྐུལ་མ་སྨྲས་པར་བསམ་པ་ཤེས་ནས་འཇུག་ལྡོག་བྱེད་པའི་ཚུལ་ནི། དེ་ཡང་བྲམ་ཟེ་ཞིག་ལ་བུ་གསུམ་ཡོད་ལ། དེས་མུ་གེའི་དུས་སུ་བུ་གཅིག་བཙོང་བར་དྲིལ་བསྒྲགས་པས། དེ་རྒྱལ་བུ་ཞིག་གིས་ཐོས་པར་གྱུར་ནས། བུ་བསླང་དུ་འོངས་པ་ན། ཕས་བུ་རྒན་པ་པང་དུ་བཟུང་། མས་བུ་ཆུང་བ་པང་དུ་བཟུང་བས། འབྲིང་པོ་ལ་ཁྱོད་བཙོང་ཞེས་མ་སྨྲས་ཤིང་མ་བསྐུལ་ཡང་། ཕ་མ་གཉིས་ཀྱི་བསམ་པ་ཤེས་ཏེ། རྒྱལ་བུ་ལ། ཐུ༷་བོ༷་ཕ་ཡིས་བཙོང་བྱ་མིན། ཐ་ཆུང་བུ་མ་ཡིས་མ་ཡིན་པས། འབྲིང་པོ་བཙོང་བར་འགྱུར་སྙམ་གྱི། རྒྱལ་བུས་ཁོ་བོ་དཀྲི་བར་མཛོད། ཅེས་སྨྲས་ཏེ། རྒྱལ་བུ་དང་མཉམ་དུ་ཕྱིན་པ་བཞིན་ནོ། །༼ཐུ་བོ་སྟེ་ཕུ་བོའམ་རྒན་པ་ལ་ཟེར།༽
|