དགེ་ལུགས་པའི་ཉམས་ལེན་གྱི་བཤད་རྒྱུན་བྱུང་ཚུལ་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 13 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» ནང་བསྟན་གྲུབ་མཐའ། »དགེ་ལུགས་པའི་ཉམས་ལེན་གྱི་བཤད་རྒྱུན་བྱུང་ཚུལ་བཤད་པ།
དགེ་ལུགས་པའི་ཉམས་ལེན་གྱི་བཤད་རྒྱུན་བྱུང་ཚུལ་བཤད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/15ལྟ་ཀློག (33473)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།དགེ་ལུགས་པའི་ཉམས་ལེན་གྱི་བཤད་རྒྱུན་བྱུང་ཚུལ་བཤད་པ།

ཤིས་ཚང་ཚུལ་ཁྲིམས།       

 དང་བོ།  བཀའ་པོད་ལྔའི་ཁྱད་ཆོས་མདོར་བསྟན་པ། 

      དེ་ཡང་བདག་ཅག་ཡོངས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་མོ།སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།བར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས།སྲིད་པ་ཐ་མའི་ཚེ་འོག་མུན་སྟུག་པོ་བཀོད་པའི་ཞིང་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་ནས།ས་བཅུ་རྒྱུན་གྱི་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་སྐད་ཅིག་གཉིས་པར་ཆོས་སྐུའི་བདག་ཉིད་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་ཏེ་ངེས་པ་ལྔ་ལྡན་གྱི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་ཤིང་།དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་གྱི་སྐུའི་སྐྱེས་པ་བཞེས་ཤིང་གཟིགས་པ་ལྔས་གཟིགས་ཏེ་ལྷོ་རྒྱལ་འཛམ་བུ་གླིང་དུ་བྱོན་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལ་སོགས་པ་བསྐོར་ནས་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མཛད་དེ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད།དེ་དག་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་།ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་གྱི་ནང་དུ་འདུ་ཞིང་།འཛམ་གླིང་རིག་པའི་ཁྱུ་མཆོག་རྒྱན་དྲུག་མཆོག་གཉིས་དང་བསྟན་པའི་གཏད་རབས་བདུན་སོགས་ཀྱིས་རྒྱས་པར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད།བོད་གངས་ཅན་གྱི་ལྗོངས་སུ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲུལ་གྱི་བློན་པོ་ཐོན་མི་སམ་བྷོ་ཊ་ཞུ་བས་བོད་ཡིག་ཀ་མད་སུམ་ཅུའི་རིག་བྱེད་གཏན་ལ་ཕབ་ཅིང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བསྒྱུར་བ་ལ་བརྟེན་ནས་སློབ་དཔོན་ཀུ་ས་རས་མངོན་པའི་སྡེ་སྣོད་དང་།ཕ་རོལ་ཏུ་ཕྱིན་པའི་སྐོར།བལ་བོའི་སློབ་དཔོན་སོགས་ཀྱིས་མདོ་སྡེའི་སྡེ་དང་།ཕལ་ཆེན་དང་།བྲམ་ཟེ་ཤང་ཀ་རས་འདུལ་བའི་སྡེ་སོགས་བསྒྱུར་ནས་བོད་ཡུལ་སྲིན་པོ་གདོང་དམར་གྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དབྱར་དུས་ཀྱི་ཆུ་གཏེར་བཞིན་དར་རྒྱས་ཆེན་པོ་བྱུང་ན་ཡང་།རྒྱལ་བོ་གླང་དར་མས་བསྟན་པ་བསྣུབས་རྐྱེན་བོད་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མེད་པར་བྱས།ལོ་ངོ་བདུན་ཅུ་ལྷག་གི་རྗེས་ནས་མཁས་པ་མི་གསུམ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཏེ་བསྟན་པ་ཕྱི་དར་གྱི་སྐབས་སུ་སླར་ཡང་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བཀའ་དང་དགོངས་དོན་ལེགས་པར་བཀྲལ་ཏེ་རང་རང་གི་སློབ་བུ་རྣམས་ལ་ཇི་ལྟར་གདམས་པའི་ཚུལ་ལས་ལྟ་བའི་གོ་བ་འཚོལ་ལུགས་དང་།སྤྱོད་པ་གཙོ་བོར་གྱུར་པའི་གདམས་ངག་ཉམས་སུ་ལེན་ཚུལ་སོགས་གསང་སྔགས་གསར་རྙིང་གི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ལ་བཞེད་ཚུལ་དང་།ཐ་སྙད་སྦྱོར་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བར་བརྟེན་གྲུབ་མཐའ་རིགས་མི་འདྲ་བ་དུ་མར་གྱེས་ཤིང་།དེ་དག་ལས་རབ་དང་ཕུལ་དང་མཆོག་དང་ཡང་རྩེར་གྱུར་པ།གསེར་མདོག་ཅོད་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཡིན་པས།རང་ཅག་གི་འདྲེན་པ་བླ་ན་མ་མཆིས་པ་རྒྱལ་བ་འཇམ་དཔལ་སྙིང་བོ་ངུར་སྨྲིག་གི་གར་དུ་ཟློས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་དེ་ཉིད་ཀྱིས་བསྟན་པ་དག་ཐེར་མཛད་དེ་བྱིན་རླབས་ཀྱི་རྒྱུན་མ་ཆད་པའི་ཆོས་རྒྱུན་ཡང་དག་སྤེལ་བ་ལ།སྔགས་ཟབ་མོ་མདོ་ཡི་དྲིན།ཐུན་ཞིམ་པོ་མར་གྱི་དྲིན་ཞེས་པ་ལྟར།དེ་དག་གི་སྦྱང་བྱའི་གཙོ་བོ་གཞུང་ཆེན་པོ་བཀའ་པོད་ལྔ་ཡིན་པས།དེ་དག་འཁྲུལ་བའི་དྲི་མ་དང་བྲལ་བའི་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་གཏན་ལ་འབེབས་བྱེད་ནི་ལྟ་བ་གཙོ་བོར་གཏན་ལ་འབེབས་བྱེད་དབུ་ཚད་གཉིས།སྒོམ་པ་གཙོ་བོར་གཏན་ལ་འབེབས་བྱེད་མཛོད་ཕར་གཉིས།སྤྱོད་པ་གཙོ་བོར་གཏན་ལ་འབེབས་བྱེད་བསྟན་པའི་ནང་མཛོད་འདུལ་བ་བཅས་ཡིན་ཞིང་།གཞུང་དེ་དག་གི་ཡང་ཉིང་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་ཡིན་ཏེ།དེ་ཡང་རྣམ་འགྲེལ་ནི་ཕར་ཕྱིན་གྱི་རིགས་པ་དང་།དབུ་མ་ཕར་ཕྱིན་གྱི་རང་ལུགས།མངོན་པ་ཕར་ཕྱིན་གྱི་མིང་གི་རྣམ་གྲངས།འདུལ་བ་ཕར་ཕྱིན་གྱི་ཉམས་ལེན་དངོས་ཡིན་པ་དང་།དེ་དག་བརྗོད་བྱའི་སྒོ་ནས་དབུ་ཕར་རྣམ་འགྲེལ་གསུམ་གྱི་གཞུང་དུ་བརྗོད་བྱ་ལྐོག་གྱུར་གཙོ་བོར་སྟོན་ཅིང་།མངོན་པ་དང་འདུལ་བ་གཉིས་ཀྱིས་ནི་བརྗོད་བྱ་མངོན་གྱུར་གཙོ་བོར་བྱེད་པ་དང་།གྲུབ་མཐའ་སྨྲ་བའི་ཁོངས་སུ་བསྡུ་ཚུལ་ཡང་འདུལ་བ་ལྟ་བུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་སྨྲ་བའི་ལུགས་སུ་འགྲེལ།མངོན་པ་མཛོད་ལྟ་བུ་ལ་མཛོད་རྩ་བའི་དངོས་ཟིན་གྱི་དོན་ཁ་ཆེའི་བྱེ་བྲག་སྨྲ་བའི་ལུགས་དང་།མཛོད་རང་ལུགས་ནི་མདོ་སྡེ་བའི་ལུགས་སུ་འགྲེལ།དབུ་མ་ལྟ་བུ་ནི་ཤེར་ཕྱིན་གྱི་མདོའི་དགོངས་དོན་མཐར་ཐུག་ཡིན་པས་དབུ་མ་ཐལ་འགྱུར་བའི་ལུགས་སུ་འགྲེལ།ཕར་ཕྱིན་ལ་མཚོན་ན་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་རྟོགས་རྒྱན་ནི་ཕར་ཕྱིན་གྱི་རང་གཞུང་ཡིན་པས།འདིའི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་མོད་ཀྱང་།སྒྲས་ཟིན་པའི་དོན་ནི་འཕགས་སེང་གཉིས་ཀྱིས་སྣང་བ་རྣམ་པ་གཉིས་ཀྱི་སྐབས་སུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་སུ་འགྲེལ་ནའང་།དྲང་ངེས་ཀྱི་ཁྱད་པར་སོགས་འགའ་ཞིག་ནི་ཐལ་འགྱུར་བའི་ལུགས་ལྟར་ཞལ་བཞེས་མཛད།དེ་ལྟར་ང་ཚོའི་རི་བོ་དགེ་ལུགས་པས་གཞུང་བཀའ་པོད་ལྔ་གཙོ་བོར་འཛིན་པ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་སྡོམ་ལྟ་བུ་ཡིན་པས་སོ།།དེ་ཡང་ཡིན་ཏེ།མདོ་རྩ་འདུལ་བའི་སྡོམ།དབུ་ཚད་མཛོད་གསུམ་མངོན་པའི་སྡོམ།ཕར་ཕྱིན་མདོ་སྡེའི་སྡོམ་བཅས་ཡིན་ནོ།།གཞན་ཡང་བཀའ་པོད་ལྔ་འཁོར་ལོ་གསུམ་གྱི་ནང་དུ་བསྡུ་ཚུལ་ཡང་མི་འདྲ་སྟེ།དབུ་མ་དང་ཕར་ཕྱིན་གྱི་ཐལ་ཕྲེང་ནི་འཁོར་ལོ་བར་མའི་ཁོངས་དང་།ཟུར་བཀོད་རྣམས་ཕལ་ཆེར་མདོ་སྡེ་དགོངས་འགྲེལ་ལ་བརྟེན་པ་ཤས་ཆེ་བས་འཁོར་ལོ་ཐ་མའི་ཁྲོད་དུ་བསྡུ།རྣམ་འགྲེལ་འཁོར་ལོ་ཐ་མ་དང་།མཛོད་འདུལ་གཉིས་འཁོར་ལོ་དང་བོའི་ཁོངས་སུ་གཏོགས་པ་སོགས་བཤད་བྱ་ཧ་ཅང་མང་ཡང་སྐབས་དོན་བསྒྲིབ་པར་དོགས་ནས་འཐུས་པར་བྱས་ནས་དེ་དག་གི་བཤད་རྒྱུན་བྱུང་ཚུལ་ལ་འཇུག་པར་བྱའོ།  །

གཉིས་པ།  ཚད་མ་རྣམ་འགྲེལ་གྱི་བཤད་རྒྱུན་བྱུང་ཚུལ།

     དེ་ལ་འདིར་ཚད་མ་རྣམ་འགྲེལ་གྱི་བཤད་རྒྱུན་བྱུང་ཚུལ་ལ་ཕྱི་རོལ་བར་བྱུང་ཚུལ་དང་ནང་བ་བར་བྱུང་ཚུལ་གཉིས་ཡོད་པ་ལས།འདིར་ཕྱི་མ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་པའི་དབྱངས།  དེ་ནས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་ཞེས་པ་མཛད། དེ་ནས་མཁས་པ་མེ་ཝམ།དེའི་རྗེས་སུ་ཚད་མའི་ཤིང་རྟའི་སྲོལ་འབྱེད་ཕྱོགས་གླང་དང་ཆོས་གྲགས་གཉིས་བྱོན་པ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་ལ་སློབ་མ་ཁྲི་ཕྲག་ཁ་ཤས་ཡོད་པའི་ནང་ནས་སློབ་མ་རང་ལས་མཁས་པ་བཞི་ཡོད་པ་ལས། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་བོས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་པར་གྲགས་ཤིང་། ཁོང་ཉིད་བཞུགས་སའི་བྲག་ཕུག་ཏུ། ཚད་མར་གྱུར་པ་འགྲོ་ལ་ཕན་སོགས་རྩོམ་པར་དམ་བཅའ་འབྲི་བར་མཛད་མཐར་ཚད་མའི་དོན་ཐམས་ཅད་བསྡུས་ནས་ཚད་མའི་མདོ་སྟེ་ཚད་མ་ཀུན་ལས་བཏུས་པ་མཛད།འདི་ལོ་ཙཱ་བ་སེང་གེ་རྒྱལ་མཚན་གྱིས་བོད་དུ་བསྒྱུར་བ་དང་དད་པའི་ཤེས་རབ་ཀྱིས་བསྒྱུར་བ་གཉིས་ཡོད་པ་ལས་ཕྱི་མ་བསྟན་འགྱུར་གྱི་གྲས་སུ་ཡོད། སློབ་དཔོན་ཕྱོགས་གླང་གི་སློབ་མའི་གཙོ་བོ་དབང་ཕྱུག་སྡེས་ཀུན་བཏུས་ཀྱི་འགྲེལ་བཤད་མཛད།དེ་ལ་སྨྲ་བའི་སེང་ཆེན་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་པ་སློབ་མ་གཞན་གྱིས་འགྲན་པའི་ཟླ་དང་བྲལ་བ་ཞིག་བྱུང་བ་དེས་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ལན་གསུམ་གསན་ཞིང་། ལན་དང་བོའི་སྐབས་སློབ་དཔོན་དབང་ཕྱུག་སྡེ་དང་མཉམ།ལན་གཉིས་པ་གསན་པས་སློབ་ དཔོན་ཕྱོགས་གླང་དང་མཉམ།ལན་གསུམ་པ་གསན་པས་སློབ་དཔོན་དབང་ཕྱུག་སྡེས་སློབ་དཔོན་ཕྱོགས་གླང་གི་དགོངས་པ་མ་ལོན་པར་འགའ་ཞིག་ནོར་བ་མཁྱེན་ནས་སློབ་དཔོན་ལ་ཞུས་པས་སློབ་དཔོན་ཐུགས་ཤིན་ཏུ་དགྱེས་ནས་ཚད་མ་ཀུན་བཏུས་ཀྱི་འགྲེལ་བ་རྩོམས་ཤིག་ཅེས་བསྐུལ་བ་དང་།རྒྱལ་བོ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བས་སྦྱིན་བདག་མཛད་པ་ལྟར་ཚད་མའི་མདོ་ཀུན་ལས་བཏུས་པའི་དགོངས་འགྲེལ་ཚད་མ་སྡེ་བདུན་ཞེས་པ་མཛད།དེ་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འབྲིང་དུ་སྟོན་པ་རྣམ་ངེས།བསྡུས་པར་སྟོན་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ།འབྲེལ་བ་བརྟག་པ།རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་རྣམས་ལ་ཚད་མ་སྡེ་བདུན་ཞེས་རླུང་ལྟར་གྲགས་སོ། །

དེ་ནས་སློབ་དཔོན་ཆོས་གྲགས་ཀྱི་སློབ་མ་ལྷ་དབང་བློས་རྣམ་འགྲེལ་རང་འགྲེལ་ལ་ཁ་སྐོང་གི་ཚུལ་དུ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་མཛད།དེའི་སློབ་མ་ཤཱཀྱ་བློས་རང་ འགྲེལ་དང་ལྷ་དབང་བློའི་འགྲེལ་བ་གཉིས་ཀར་འགྲེལ་བཤད་མཛད།དེའི་སློབ་མ་ཤེས་རབ་འབྱུང་གནས་སྦས་པས་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་  རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་མཛད་པས་རྒྱན་མཁན་པོར་ཡང་གྲགས།དེའི་སློབ་མ་ཆོས་མཆོག་གམ་རྒྱལ་རྔ་བདུན་པར་གྲགས་པས་རྣམ་ངེས་ཀྱི་ཊིཀྐ་འཐད་ལྡན་སོགས་མཛད། དེའི་སློབ་མ་ཛ་མ་རིས་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་མཛད། དེའི་སློབ་མ་དུལ་བའི་ལྷས་རིགས་ཐིགས་ཀྱི་འགྲེལ་བཤད་མཛད། དེའི་སློབ་མ་ཤངྐ་ར་ནནྟ་འམ་བྲམ་ཟེ་བདེ་བྱེད་དགའ་བས་ཀྱང་རྣམ་འགྲེལ་གྱི་འགྲེལ་བཤད་མཛད། དེའི་སློབ་མ་ཝཾ་གུ་པཎྡི་ཏ་དང་།དེའི་སློབ་མ་པཎྡི་ཏ་ཤཱཀྱ་ཤྲཱི།དེའི་སློབ་མ་འཇམ་མགོན་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་གྱིས་རྣམ་འགྲེལ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་སྟེ་ཚད་མ་རིགས་གཏེར་རང་འགྲེལ་དང་བཅས་པ་མཛད་པ་རྣམ་འགྲེལ་གྱི་འགྱུར་བྱང་དུ་ཡང་།སྒྲ་དོན་ཇི་བཞིན་ལེགས་པར་བརྡ་སྦྱར་ནས། སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ། ཞེས་གསུངས་པ་དང་། འདི་ནི་འགྱུར་གྱི་གོ་རིམ་དང་བསྟུན་ན་ཚད་མ་གསར་བ་བརགཏོགས་པ་དང་། ད་དུང་ས་སྐྱ་པཎ་ཆེན་གྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་འཕྲོག་བྱེད་སོགས་ཕྱི་རོལ་གྱི་རྒོལ་ངན་དྲུག་རིགས་ལམ་ཡང་དག་ལ་བརྟེན་ནས་ཚར་བཅད། དེའི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེས་རྣམ་འགྲེལ་རིགས་མཛོད་མཛད་ཅིང་འདིས་རྗེ་ རིན་པོ་ཆེའི་ཐུགས་ཕྲོགས་ཏེ་སྤྱན་ཆབ་འཁྲུགས་པར་རྣམ་ཐར་དུ་གསལ་ལོ། །

     དེ་ནས་ཞང་མདོ་སྡེ་དཔལ།འཇམ་སྐྱ་ནམ་མཁའ་དཔལ།དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།བླ་མ་དམ་པ་བསོད་ནམས་རྒྱལ་མཚན།ཉ་དབོན་ཀུན་དགའ་དཔལ་བ། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་བར་རིམ་བཞིན་བརྒྱུད་ཅིང་། རྗེ་རེད་མདའ་བས་དཀའ་ཆེན་བཞི་སོགས་ཀྱི་རྣམ་བཤད་མཛད། དེ་ནས་རྗེ་བདག་ཉིད་ཆེན་མོ་ཉིད་ཀྱི་ཞལ་སྔ་ནས་ཉ་དབོན་དང་རྗེ་རེད་མདའ་བ་གཉིས་ལས་ཚད་མའི་གཞུང་ལུགས་མང་བོ་གསན་ཏེ་ཚད་མ་སྡེ་བདུན་མདོ་དང་བཅས་པ་རྣམས་ལ་གཟིགས་རྟོགས་གང་ཞིབ་གནང་བས་བོད་ཀྱི་བཤད་སྲོལ་ཕལ་ཆེར་གཞུང་དོན་ལས་གོལ་བར་གཟིགས་ཤིང་། ཚད་མའི་ལམ་སྒྲིགས་སོགས་ཐོར་བུ་ཅི་རིགས་མཛད་པར་བརྟེན་བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་གཞུང་ལུགས་སྔར་ལས་ལྷག་པར་དར་རྒྱས་སུ་མཛད་པ་དང་། ཚད་མའི་གཞུང་ལ་ནང་བྱན་ཆུད་པའི་མཁས་པ་མང་བོ་བྱུང་། དེ་དག་གི་ནང་ནས་ཀྱང་ཁྱད་པར་དུ་འཕགས་པ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ བྱོན་ནས་ལྷ་ཤཱཀ་གི་འགྲེལ་བ་གཉིས་ཀྱི་སྟེང་ནས་བཤད་སྲོལ་སོ་སོར་གནང་བའི་རྗེས་སུ་འབྲངས་ནས། རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་སོགས་དང་།མཁས་གྲུབ་རྗེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་སྡེ་བདུན་ཡིད་ཀྱི་མུན་སེལ་སོགས་མཛད་དེ་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་རྒྱས་པར་མཛད་པ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་གཞུང་ལུགས་དང་འཆད་ཉན་གྱི་འཕྲིན་ལས་སྔར་ལས་ཆེ་ཆེར་དར་བར་གྱུར་ཏོ། །

      གཞན་ཡང་དུལ་བའི་ལྷ་ལས་པཎྡི་ཏ་གཞན་ཕན་བཟང་བོས་གསན།དེ་ལས་རྔོག་བློ་ལྡན་ཤེས་རབ་ཀྱིས་གསན་ཏེ་གོང་སྨོས་ལྟར་ཚད་མའི་བསྟན་བཅོས་དུ་མའི་འགྱུར་དང་འཆད་ཉན་མཛད་པས་སློབ་མ་རྣམ་ངེས་འཆད་མཁན་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་དང་།རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ་སོགས་བྱུང་། དེ་ལས་ཁྱུང་རིན་ཆེན་གྲགས་དང་། དེ་ལས་ཆ་བ་ཆོས་ཀྱི་སེང་གེས་གསན། འདིས་རང་གི་རྣམ་དཔྱོད་དང་རིག་པའི་རྩལ་ལ་བརྟེན་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་ཚད་མའི་གཞུང་ལུགས་དང་བསྡུས་གཞུང་མང་དུ་བརྩམས་ཏེ་བོད་རང་གིས་ཚད་མའི་གཞུང་ལུགས་མཛད་པའི་མགོ་བརྩམས་པ་རེད།  དེ་ནས་གཙང་ནག་པ་བརྩོན་འགྲུས་སེང་གེ གཉའ་ཞིག་འཇམ་དཔལ་རྡོ་རྗེ་སོགས་ཀྱིས་གསན་པ་ལས་ཇོ་ནང་བ་དང་ས་སྐྱ་བ་སོགས་སུ་ཡང་བཤད་སྲོལ་མཆེད་དེ་ཡིག་ཆ་མཛད་མཁན་མང་དུ་བྱུང་མོད། འོན་ཀྱང་འདུལ་མངོན་སོགས་ལ་བལྟས་ན་རྣམ་འགྲེལ་གྱི་བཤད་སྲོལ་ཉག་ཕྲ་ཞིང་རྗེ་རིན་པོ་ཆེ་མ་བྱོན་བར་ལ་ཚད་མའི་བསྟན་བཅོས་འདི་དག་རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་ཅིང་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འདོད་པ་ཡང་ཆེས་མང་བོ་བྱུང་ཚུལ་རྗེ་རང་གི་རྟོགས་བརྗོད་མདུན་ལེགས་མ་དང་།  བྱང་ཆུབ་ལམ་རིམ། སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་ཚད་མའི་བསྟན་བཅོས་རྣམས་སུ་གསལ་བ་ལྟར་དང་། རྗེ་བདག་ཉིད་ཆེན་མོས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་ཤིང་རྟའི་ལམ་བཟང་གསལ་བར་མཛད་པ་ནས་བཟུང་སྲས་ཀྱི་ཐུ་བོ་གཉིས་སོགས་བརྒྱུད་ནས་རི་བོ་དགེ་ལུགས་པའི་རྩོད་གྲྭ་ཞིག་ཡིན་ཕྱིན་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་མེད་མི་སྲིད་པ་ལྟ་བུའི་འཕྲིན་ལས་རྒྱས་པར་བྱས་པ་མ་ཟད། འཇམ་དབྱངས་དགའ་བའི་བློ་གྲོས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཐུགས་སྲས་ངག་དབང་བཀྲ་ཤིས། པཎ་ཆེན་བསོད་ནམས་གྲགས་པ། གུང་རུ་རྒྱལ་མཚན་བཟང་བོ། རྗེ་བཙུན་གྲགས་པ་བཤད་སྒྲུབ་སོགས་ཀྱིས་ཚད་མའི་གཞུང་ལུགས་མང་དུ་མཛད་དེ་རིག་གནས་འདིའི་འཕྲིན་ལས་རྒྱ་ཆེར་དར་བར་མཛད་དེ་རི་བོ་དགེ་ལུགས་པའི་མཁས་པ་ཞིག་ཡིན་ཕྱིན་ཕལ་ཆེར་ཚད་མ་ལ་མཁས་པ་ཞིག་དང་། དགེ་ལུགས་པའི་རྩོད་གྲྭ་ལ་ཞུགས་པ་ཞིག་ཡིན་ན་ངེས་པར་དུ་ཚད་མ་ལ་ཐོས་བསམ་བྱེད་པའི་སྲོལ་ལྟ་བུར་ཆགས་པ་དང་། ལྷག་པར་དུ་ཚད་མའི་གཞུང་འདི་ནི་རྗེ་བདག་ཉིད་ཆེན་མོ་ནས་བཟུང་ནང་བའི་བསྟན་བཅོས་རྣམ་དག་ཏུ་བརྩིས་ཤིང་། སྒྲ་རིག་ཟུང་དུ་མ་འབྲེལ་ན་གཞུང་དོན་ལ་གོ་བ་མི་ཆགས་པ་དང་། དབུ་ཚད་ཀྱི་རིག་པ་ཟུང་དུ་མ་འབྲེལ་ན་དབུ་མའི་ལྟ་བ་རྟོགས་དཀའ་བར་འདོད་པས་དབུ་ཚད་སྟག་སེང་ཁ་སྤྲོད་ཅེས་མཁས་པ་རྣམས་ལ་རླུང་ལྟར་གྲགས་སོ། །

      དེ་ཡང་བསྟན་པ་སྔ་དར་གྱི་སྐབས་ལོ་ཙཱ་བ་དད་པའི་ཤེས་རབ་དང་དུལ་བའི་ལྷ། ཞང་ཡེ་ཤེས་སྡེ་སོགས་ཀྱི་སྐུ་དྲིན་ལས་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་དར་ན་ཡང་། བཙན་པོ་གླང་དར་མ་འུ་དམ་བཙན་གྱིས་བོད་ཀྱི་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཡོངས་སུ་བསྣུབས་ཤིང་། བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ལྷག་མེད་དུ་བཏང་ནས་བསྟན་པ་ཕྱི་དར་གྱི་བར་ལ་འདུལ་མངོན་ལྟར་བཤད་རྒྱུན་མ་ནུབ་པར་བཞུགས་པའི་ལོ་རྒྱུས་མེད་པར་མ་ཟད་བཤད་རྒྱུན་ཆད་པར་མངོན་ཞིང་།ཕྱི་དར་ལ་མངའ་རིས་ལོ་ཙཱ་བ་ རིན་ཆེན་བཟང་བོས་ཁ་ཆེའི་མཁན་པོ་ཙནྡན་ཧ་རི་སོགས་བསྟེན་ནས་གཞུང་ལུགས་མང་བོ་ལ་མཁས་པར་སྦྱངས་པ་དང་། ཕྱིར་བོད་དུ་ཕེབས་ནས་ཚད་མའི་བསྟན་བཅོས་མང་བོ་བོད་དུ་བསྒྱུར་བར་བརྟེན་ལོ་ཙཱ་བ་འདི་ཉིད་བསྟན་པ་ཕྱི་དར་གྱི་དུས་མགོར་བྱོན་པའི་ལོ་ཙཱ་བ་ཐོག་མ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། དེ་ལ་དངོས་སློབ་མང་བོ་མཆིས་པ་ལས་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དང་། ཚད་མ་རྣམ་འགྲེལ་དང་དེའི་རང་འགྲེལ་སོགས་བོད་དུ་བསྒྱུར་བ་དང་། དེ་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁྱུང་བོ་གྲགས་སེང་སོགས་ཀྱིས་ཚད་མའི་སྐོར་བསྒྱུར་སྤེལ་གནང་བ་དང་། དེའི་རྗེས་བོད་རབ་བྱུང་དང་བོའི་ཆུ་གླང་(༡༠༧༣)ལོར་མཉམ་མེད་ཇོ་བོ་རྗེའི་དངོས་སློབ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ་པ་དང་ཚད་མའི་བཤད་གྲྭ་བཙུགས་ནས་འཆད་ཉན་རྒྱ་ཆེར་སྤེལ་བར་མཛད་པ་ལ་འཆད་ཉན་གྱི་སློབ་དཔོན་མཛད་ཐུབ་པའི་སློབ་མ་ཆིག་སྟོང་ལྔ་བརྒྱ་ལྷག་བྱོན་ཅིང་འདི་ཡན་ལ་ཚད་མ་རྙིང་མ་དང་། ཁོང་ཉིད་ཀྱི་སློབ་མའམ་དབོན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མ་ཀུན་བཏུས་དང་དེའི་དགོངས་འགྲེལ། ཚད་མ་སྡེ་བདུན་ལས་རྣམ་འགྲེལ་ལ་འགྱུར་བཅོས་དང་བསྟན་བཅོས་གཞན་རྣམས་ཆ་ཚང་བསྒྱུར་བ་མ་ཟད། ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་སོགས་མཛད་དེ་ཚད་མ་རིག་པའི་འཆད་ཉན་རྒྱ་ཆེར་སྤེལ་བ་དང་། ལྷག་པར་དེ་ནས་བཟུང་བོད་ནང་གི་མཁས་པས་མཛད་པའི་ཚད་མའི་གཞུང་ལུགས་ཀྱི་སྟེང་ནས་འཆད་ཉན་སྐྱོང་སྲོལ་དར་བ་ལ་ཚད་མ་གསར་བར་གྲགས་པ་ནས་བཟུང་ཁོང་གི་བུ་ཆེན་བཞིའི་ཡ་གྱལ་དགེ་བཤེས་གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱི་སློབ་མ་ཕྱྭ་བ་ཆོས་ཀྱི་སེང་གེས་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྡེ་བའི་རིག་པ་ལ་བརྟེན་པའི་བསྡུས་གྲྭའི་སྲོལ་ཐོག་མར་བཏོད་དེ་རང་རྐྱ་འཕེལ་བའི་རྩོད་གྲྭ་ཚུགས་པ་ནས་བཟུང་ཚད་མ་རྣམ་འགྲེལ་གྱི་འཕྲིན་ལས་བོད་མཐའ་དབུས་ཀུན་ཏུ་དར་ཁྱབ་བྱུང་བ་ཡིན་ནོ།   །

 གསུམ་པ། ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ།

      དེ་ཡང་རྣམ་འདྲེན་སྟོང་གི་དབུས་ན་པད་མ་དཀར་བོ་ལྟར་བསྔགས་པའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་གདུལ་བྱ་རིགས་ཅན་གསུམ་གྱི་ཁམས་དང་བསམ་པ་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་གཟིགས་  ནས་དམ་པའི་ཆོས་ཇི་སྙད་ཅིག་བཀའ་བསྩལ་བ་ཐམས་ཅད་ནི་ཚིག་གསལ་ལས།ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་གཙོ་བོ་དང་གྱ་ནོམ་པ་ཉིད་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་དེ།ཞེས་གསུངས་པ་ལྟར།རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་བུའི་ལམ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཡིན་ཏེ། འཇུག་ཡོངས་སུ་གཏད་པའི་ལེའུ་ལས། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིགས་པར་བྱའོ།།ཞེས་གསུངས་པའི་ཕྱིར།སྟོན་པ་ཐུབ་པའིདབང་བོ་དེ་ཉིད་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་ནས་རྒྱལ་བ་འོད་སྲུངས་ཀྱི་དུས་ནས་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱལ་བ་མི་ཕམ་མགོན་པོའི་དྲུང་དུ་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ནས་མི་ལོ་ལྔ་བཅུའི་(ས་སྡེ་གནའ་མཆན་ལས་ཟླ་བ་དྲུག་བཞུགས་ཏེ་གསན་ཞེས་དང་མི་ལོ་ཉེར་ལྔར་བཞེད་པ་ཡང་ཡོད)བར་དུ་རྗེ་བཙུན་དེ་ཉིད་ཀྱི་དྲུང་དུ་དམ་པའི་ཆོས་ཇི་སྙེད་ཅིག་གསན་ཞིང་།རྗེ་བཙུན་མི་ཕམ་མགོན་པོས་ཀྱང་འཛམ་བུ་གླིང་བའི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྱིར་དུ་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་མངོན་རྟོགས་རྒྱན་(ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར)། དེའི་ཉམས་ལེན་གྱི་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱས་པར་སྟོན་པ་མདོ་སྡེ་རྒྱན་(ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར)།ཞི་ལྷག་གི་ཉམས་ལེན་ཟུར་དུ་སྟོན་པ་དབུས་མཐའ་རྣམ་འབྱེད་དང་(ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར)ཆོས་ཉིད་རྣམ་འབྱེད་(ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་ལོ་ཙཱ་བ་ཞ་མ་སངས་རྒྱས་ཀྱིས་བསྒྱུར་བ་གཉིས་ཡོད)། རྒྱུད་བླ་མ་(ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར)སྟེ་བྱམས་ཆོས་སྡེ་ལྔ་ཞེས་པ་མི་ཡུལ་ལ་སྐྱེས་སུ་གནང་། འཕགས་པ་ཐོགས་མེད་ཀྱིས་ཀྱང་མངོན་པར་རྟོགས་པའི་རྒྱན་དང་ཡུམ་གྱི་མདོ་སྟོན་པ་དེ་ཉིད་རྣམ་ངེས་དང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོགས་བསྟན་བཅོས་མང་བོ་མཛད། དེ་ལས་ཀུན་མཁྱེན་གཉིས་པ་གཅུང་དབྱིག་གི་གཉེན་པོས་གསན།དེ་ནས་ཕར་ཕྱིན་རང་ལས་མཁས་པའི་སློབ་མ་དབུ་མའི་ལམ་བརྙེས་འཕགས་པ་གྲོལ་སྡེས་གསན་ཏེ་འཛམ་གླིང་དུ་མདོ་རྒྱན་སྦྱར་བའི་ཐོག་མ་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་སོགས་མཛད།དེ་ལས་བཙུན་པ་རྣམ་གྲོལ་སྡེས་གསན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱས་པར་སྟོན་པ་ཉི་ཁྲི་རྣམ་འགྲེལ་མཛད།དེ་ལས་སློབ་དཔོན་ཆེན་པོ་མཆོག་གི་སྡེས་གསན།དེ་ལས་རྒྱལ་སྲས་དུལ་བའི་ལྷ། དེ་ལས་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ། དེ་ལས་ཤེར་ཕྱིན་རྒྱས་མཛད་སློབ་དཔོན་སེང་གེ་བཟང་བོས་གསན་ཏེ་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་དང་། མངོན་རྟོགས་རྒྱན་དང་བརྒྱད་སྟོང་བ་སྦྱར་བའི་མན་ངག་བརྒྱད་སྟོང་འགྲེལ་ཆེན་དང་། འཕགས་པ་གྲོལ་སྡེའི་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། སྡུད་འགྲེལ་རྟོགས་སླ། ཤེར་ཕྱིན་བསྒོམ་པ་སོགས་གཞུང་མང་བོ་མཛད། དེ་ལས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསན།དེའི་སློབ་མ་ཡོན་ཏན་བཤེས་གཉེན་ལས་ལོ་ཆེན་རིན་ཆེན་བཟང་བོས་གསན་ཏེ་ཤེར་ཕྱིན་གྱི་འཆད་ཉན་ཤིན་ཏུ་རྒྱས་པར་མཛད། དེ་ལས་ཤར་ཕྱོགས་ཟླ་བ་བཟང་བོ་དང་།དེ་ལས་སློབ་དཔོན་བསྟན་སྐྱོང་ངམ་འབུམ་ཕྲག་གསུམ་པ། དེ་ལས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གསན་ཞིང་།རྩ་འགྲེལ་གཉིས་ཀྱི་འགྱུར་ཡང་མཛད།ཡིག་ཆ་ཡང་བྱམས་ཆོས་སྡེ་ལྔའི་ཊཱིཀྐ་དང་ཕར་ཕྱིན་གྱི་ཊཱིཀ་ཆུང་སོགས་དང་། དབུ་ཚད་ཀྱི་གཞུང་སོགས་གཞུང་ཤིན་ཏུ་མང་བོ་ཡོད་པར་ཉིད་ཀྱི་རྣམ་ཐར་གྲོ་ལུང་བས་མཛད་པ་ལས་འབྱུང་ངོ་།།འདི་ལ་སློབ་མ་ཤིན་ཏུ་མང་བོ་མཆིས་པ་ལས་འབྲེ་ཤེས་རབ་འབར་དང་། ཨར་བྱང་ཆུབ་ཡེ་ཤེས་གཉིས་ལ་འབྲེ་ཨར་གཉིས་ཞེས་ཡོངས་སུ་གྲགས་ཤིང་།འབྲེ་ཤེས་རབ་འབར་གྱིས་བསྟན་པ་སྔ་དར་གྱི་བཤད་རྒྱུན་ཁམས་སུ་འཕོས་པ་ཡང་གསན་པར་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས།ཨར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་རྣམ་བཤད་མང་བོ་མཛད་པ་ནས་བཟུང་ད་ལྟའི་བར་ཕར་ཕྱིན་གྱི་བཤད་རྒྱུན་མ་ནུབ་པར་འཛིན་ཐུབ་པ་བྱུང་ཞིང་། སྤྱིར་བོད་དུ་ཕར་ཕྱིན་གྱི་གཞུང་འཆད་མཁན་ཕལ་མོ་ཆེ་ནི་འབྲེ་ཨར་གྱི་བཤད་པ་ལ་ཐུག་ཡོད་པར་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས་གསུངས་སོ། །

     ཡང་སློབ་དཔོན་སེང་གེ་བཟང་བོ་ལས་རྒྱལ་བའི་མན་ངག་ཀུན་འཛིན་ཀུ་ས་ལི་ཆེ་བ་སྟེ་རིན་ཆེན་བཟང་བོ་དང་། བརྩེ་བའི་དབང་ཕྱུག་དགེ་བ་ཅན་ནམ་ཀུ་ས་ལི་ཆུང་བ་རིན་ཆེན་སྡེ་གཉིས་ཀྱིས་གསན། དེ་ནས་སེམས་དཔའ་ཆེན་པོ་གསེར་གླིང་བ་ཆོས་ཀྱི་གྲགས་པས་གསན་ཏེ་མངོན་རྟོགས་རྒྱན་གྱི་འགྲེལ་བ་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་སོགས་གསུང་རྩོམ་མང་བོ་མཛད། དེ་ལས་མཉམ་མེད་ཇོ་བོ་རྗེ་ལ་བརྒྱུད་ཅིང་། ཇོ་བོ་ཆེན་པོས་བསམ་ཡས་དང་སྙེ་ཐང་སོགས་སུ་ཉི་སྣང་དང་འགྲེལ་ཆུང་སོགས་ཕར་ཕྱིན་གྱི་བཤད་པ་མང་བོ་གནང་བས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་། འབྲོམ་སྟོན་ཅན་ནམ་མགོ་བླ་མ། དེ་ནས་འབྲེ་ཤེས་རབ་འབར་ལ་བརྒྱུད་པ་ལ་ཕར་ཕྱིན་འབྲོམ་ལུགས་སུ་གྲགས། ཡང་ཇོ་བོས་སྙེ་ཐང་དུ་མངོན་རྟོགས་རྒྱན་རྒྱས་པར་གསུངས་དུས་ཕྱག་དར་སྟོན་པས་ཟིན་བྲིས་སུ་བྱས་ཤིང་དེ་ནས་བརྒྱུད་པ་ལ་ཁམས་ལུགས་སུ་གྲགས་སོ། །

      ཡང་མཉམ་མེད་ཇོ་བོ་རྗེ་ནས་ཁུ་ཆེན་པོ་ལྷ་ལྡིངས་པ།དེ་ནས་རྒྱལ་བ་ཚུལ་ཁྲིམས་སེང་གེ དེ་ནས་ལི་སྟོན་ཆོས་གྲགས་ནས་འབྲེ་ཆེན་པོར་བརྒྱུད་པ་ལ་ཁུ་ལུགས་སུ་གྲགས་ཤིང་། དེ་དག་ལ་ཡིག་ཆ་དང་བཤད་སྲོལ་གྱི་ཆ་མི་འདྲ་བ་སོ་སོར་ཡོད་པར་སྐྱབས་མཆོག་འཇིགས་མེད་དབང་བོའི་སྡེས་གསུངས་པས། འབྲེ་ཆེན་པོ་ལ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གསན་ཏེ་ཕར་ཕྱིན་དང་། མདོ་སྡུད་པ་དང་ཤེར་སྙིང་གི་ཊཱིཀྐ་སོགས་ཡོད་པར་གསུངས། དེའི་སློབ་མ་འདུལ་འཛིན་དཀར་མོ། དེ་ནས་དཀར་ཆུང་རིང་མོ་གཞོན་ནུ་ཚུལ་ཁྲིམས། ཞང་ཡེ་བ་སྨོན་ལམ་ཚུལ་ཁྲིམས། གཉའ་ཞིག་འཇམ་དཔལ་རྡོ་རྗེ། གཟད་རིང་དར་མ་ཚུལ་ཁྲིམས། བོ་དོང་བ་བརྩོན་འགྲུས་རྡོ་རྗེ། ལྷ་སྟོན་གྲུབ་པ་སེང་གེ ཁྲོ་ཕུ་བ་བསོད་ནམས་སེང་གེ ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོ།དེ་ལས་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱིས་གསན་ཏེ་ཕར་ཕྱིན་ལུང་གི་སྙེ་མ་ཞེས་པ་མཛད་པར་བུ་ཊཱིཀ་ཞེས་གྲགས་ཆེ། དེ་ལས་ཉ་དབོན་ཀུན་དགའ་དཔལ་བས་གསན་ཏེ་ཕར་ཕྱིན་གྱི་ཊཱིཀྐ་ཡིད་ཀྱི་མུན་སེལ་ཞེས་པ་མཛད་པ་ལ་ཉ་ཊཱིཀ་ཏུ་གྲགས་ཤིང་རྗེ་རིན་པོ་ཆེའི་ཐུགས་འཕྲོག་ཚུལ་རྣམ་ཐར་དུ་གསལ་ལ།དེ་ནས་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་གསན་ཏེ་ཕར་ཕྱིན་གྱི་ཊཱིཀྐ་མཛད།དེ་ལས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་ཞལ་སྔ་ནས་གསན་ཏེ་ཕར་ཕྱིན་གྱི་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བ་མཛད་པས་མཁས་པའི་དབང་བོ་སྟག་ཚང་ལོ་ཙཱ་བའི་ང་རྒྱལ་གྱི་རི་བོ་བསྙིལ་ཞིང་རྗེ་བླ་མ་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་ཐོབ་སྟེ་རྣམ་དཔྱོད་ཀྱི་རྩལ་དང་མཐུན་པའི་བསྔགས་བརྗོད་མཛད།ཁྱད་པར་རྗེ་བདག་ཉིད་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་གཞུང་ལུགས་གདམས་པར་ཤར་བའི་ཚུལ་ནི་རྟོགས་བརྗོད་མདུན་ལེགས་མ་ལས། དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག།འཇམ་པའི་དབྱངས་ལ་ཤུགས་དྲག་མོས་གུས་ཀྱིས། །དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་པར་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ།།ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཞེས་གསུངས་སོ། །དེ་ནས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསན་ནས་འགྲེལ་བ་དོན་གསལ་རྣམ་བཤད་སྙིང་བོ་རྒྱན་དང་། མངོན་པར་རྟོགས་པ་བརྒྱད་དོན་བདུན་ཅུ་དང་བཅས་པ་ཉམས་སུ་ལེན་ཚུལ་སོགས་མཛད་པ་དང་། ནང་ཐུགས་ཀྱི་སྲས་གཅིག་བུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྗེ་རེད་མདའ་བ་ལས་གསན་ཏེ་ཕར་ཕྱིན་རྟོག་གེའི་སྣང་བ་མཛད། དེ་ལས་ཤར་བ་རིན་ཆེན་རྒྱལ་མཚན་པས་གསན་ནས་ཡིག་འཇོག་མང་དུ་མཛད། རྒྱལ་ཚབ་རྗེ་ལས་གཉལ་རྒོད་རིན་ཆེན་བསམ་འགྲུབ་དང་། དེ་ལས་གསང་ཕུ་ནས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་གསན།དེ་ལས་བློ་གྲོས་རིན་ཆེན་སེང་གེས་གསན་ཏེ་ཕར་ཕྱིན་གྱི་ཡིག་ཆ་མཛད།དེ་ལས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་གསན་ཏེ་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་སོགས་མཛད། དེ་ནས་དོན་ཡོད་དཔལ་ལྡན་གྱིས་གསན་ཏེ་ཕར་ ཕྱིན་གྱི་ཡིག་ཆ་མཛད། དེའི་སློབ་མ་དྭགས་ཉག་རིགས་པའི་རལ་གྲི། དེའི་སློབ་མ་གཙང་སྟོན་དགེ་ལེགས་བཤེས་གཉེན།དེའི་སློབ་མ་ཆག་ཏེའུ་ར་བ་དགེ་འདུན་བསམ་འགྲུབ། དེའི་སློབ་མ་སྒྲོམ་མདའ་བ་བློ་བཟང་ཆོས་འཕེལ། དེའི་སློབ་མ་དཀོན་མཆོག་ཆོས་འཕེལ། དེའི་སློབ་མ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་གསན་ནས་ཕར་ཕྱིན་གྱི་ཡིག་ཆ་མཛད་པ་སོགས་ཕར་ཕྱིན་གྱི་འཆད་ཉན་ཤིན་ཏུ་རྒྱས་པ་དང།གཞན་ཡང་ཕར་ཕྱིན་གྱི་ཡིག་ཆ་མཛད་མཁན་གྲགས་ཆེ་བ་ལ། སྲས་ཀྱི་ཐུ་བོ་གཉིས་དང་རྗེ་འདུལ་འཛིན་པ། རྒྱལ་བ་དགེ་འདུན་གྲུབ།འདུལ་འཛིན་བློ་གྲོས་སྦས་པ། རྗེ་སྨོན་ལམ་དཔལ་བ།གུང་རུ་རྒྱལ་མཚན་བཟང་བོ།ཉན་པོ་ཤཱཀྱ་རྒྱལ་མཚན།དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཤར་བ་རིན་ཆེན་རྒྱལ་མཚན། འཇམ་དབྱངས་དགའ་བའི་བློ་གྲོས། རྒྱལ་བ་དགེ་འདུན་རྒྱ་མཚོ།ཀུན་མཁྱེན་ལེགས་པ་དོན་གྲུབ། བློ་གྲོས་རིན་ཆེན་སེང་གེ ཀུན་མཁྱེན་འཇམ་དབྱངས་བཞད་པ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།པཎ་ཆེན་བསོད་ནམས་གྲགས་པ། རྗེ་དྲུང་ཤེས་རབ་དབང་བོ། སེ་ར་བདེ་ལེགས་ཉི་མ། ཁྱུང་ཕྱུག་བྱམས་པ་བཀྲ་ཤིས། མཁས་གྲུབ་བསྟན་པ་དར་རྒྱས།གུང་རུ་ཆོས་ཀྱི་འབྱུང་གནས།གུང་རུ་རིན་ཆེན་བྱང་ཆུབ།རྟ་ནག་པ་དགེ་འདུན་བློ་བཟང་།དྭགས་ཉག་རིགས་པའི་རལ་གྲི།གཙང་སྟོན་དགེ་ལེགས་བཤེས་གཉེན་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་རྒྱ་ཆེར་འགྲེལ་དང་རྣམ་བཤད་སྤྱི་དོན། མཐའ་དཔྱོད་ཐལ་ཕྲེང་ཟུར་བཀོད་སོགས་བགྲང་གིས་མི་ལང་བ་མཛད་དེ་གཞུང་ཤེར་ཕྱིན་གྱི་འཆད་ཉན་རྒྱས་པར་མཛད་པ་ཡིན་ནོ།    །

 བཞི་བ། དབུ་མའི་བཤད་རྒྱུན་བྱུང་ཚུལ།

      དེ་ཡང་བདག་ཅག་ཡོངས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཞིང་གཞན་དུ་གཤེགས་ནས་ལོ་བཞི་བརྒྱ་ཙམ་ན་འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་ཅོད་པན་དུ་གྱུར་པའི་སངས་རྒྱས་གཉིས་པ།ཟབ་མོ་དབུ་མའི་ཤིང་རྟ་བ་ཆེན་མོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་འཇིག་རྟེན་དུ་བྱོན་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་དྲང་ངེས་དྲི་མ་མེད་པའི་རིགས་པས་ལེགས་པར་ཕྱེ་ནས་ཡང་དག་པའི་དབུ་མའི་ལམ་སྲོལ་ཆེ་ཆེར་གསལ་བར་མཛད་པའི་དབུ་མ་རིགས་ཚོགས་དྲུག་སོགས་མཛད་པར་ཐུགས་སྲས་བསྟན་འཛིན་རྒྱུ་སྐར་གྱི་གྲངས་དང་མཉམ་པ་མཆིས་པ་ལས་གཙོ་བོར་གྱུར་པ་ནི་འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་དྷི།ས་བརྒྱད་ནོན་པ་འཕགས་པ་ལྷ།སྤྱན་རས་གཟིགས་ཞལ་མཐོང་མ་ཏང་ཀི་བ་སྟེ་ཐུགས་སྲས་བཞི་དང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔལ་བོ་སྟེ་ཉེ་བའི་ཐུགས་སྲས་གསུམ་བཅས་སྲས་ཀྱི་ཐུ་བོ་བདུན་ཡོད་པ་ལས།འགྲན་པའི་ཟླ་དང་བྲལ་བ་སློབ་དཔོན་འཕགས་པ་ལྷས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་ཤིང་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་སྟོན་པའི་བསྟན་བཅོས་ཁྱད་པར་དུ་འཕགས་པ་དབུ་མ་བཞི་བརྒྱ་བ་ཞེས་པ་མཛད་དེ་ཡབ་སྲས་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྣམ་བཞག་གསལ་བར་མ་ཕྱེ་བར་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་གནས་པས་སྔོན་གྱི་དབུ་མ་བ་རྣམས་ཀྱིས་འདི་གཉིས་ལ་གཞུང་ཕྱི་མོའི་དབུ་མ་ཞེས་ཁུངས་མཐར་ཐུག་ཏུ་བྱེད་དོ།།དེ་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་སངས་རྒྱས་བསྐྱངས་དང་། དེའི་སློབ་མ་ལེགས་ལྡན་འབྱེད་སོགས་སུ་བརྒྱུད་ཅིང་། དེའི་སློབ་མ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། རྩ་ཤེས་ཚིག་འགྲེལ་ཚིག་གསལ་སོགས་མཛད།དེའི་སློབ་མ་རིགས་པའི་ཁུ་བྱུག དེའི་སློབ་མ་པ་ར་ཧེ་ཏ། དེའི་སློབ་མ་ཧ་སི་མ་ཏི་ལས་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་གསན་པ་མ་ཟད། དེས་ཁ་ཆེ་གཞོན་ནུ་བུམ་པ་དང་ཀ་ན་ཀ་ཝར་མ་ལས་ཀྱང་དབུ་མའི་འཆད་ཉན་གསན། ཀ་ན་ཀ་ཝར་མ་ཞེས་པ་ནི་སློབ་དཔོན་སུ་མ་ཏིའི་སློབ་མ་ཡིན་པར་བཤད་དེ། འདི་དག་ནི་བསྟན་པ་ཕྱི་དར་གྱི་དུས་སུ་དབུ་མའི་བཤད་རྒྱུན་བྱུང་བ་ཡིན་ནོ། །

      གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་དེ་བ་ཤྲར་མས་རྩ་བ་ཤེས་རབ་ཀྱི་འགྲེལ་བ་དཀར་བོ་རྣམ་པར་འཆང་བ་མཛད་པ་དང་།དེའི་སློབ་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བའི་རང་གཞུང་དབུ་མ་སྙིང་བོ་དང་། དེའི་འགྲེལ་བ་རྟོག་གེ་འབར་བ། རྩ་ཤེས་ཚིག་འགྲེལ་ཤེས་རབ་སྒྲོན་མེ་སོགས་མཛད་དེ་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས།དེའི་སློབ་མ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མེའི་འགྲེལ་བཤད་མཛད། དེ་ནས་རིམ་པར་སློབ་དཔོན་སངས་རྒྱས་ཡེ་ཤེས། དེའི་རང་འགྲེལ་མཛད། མཁན་ཆེན་ཞི་བ་འཚོས་རྩ་ཤེའི་ཚིག་དོན་གསལ་བྱེད་དབུ་མ་རྒྱན་དང་།དེའི་རང་འགྲེལ་དང་། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད། དེ་ནས་བློ་གྲོས་ཆེན་མོ་མི་ཕམ་བཤེས་གཉེན།དེ་ནས་ཛ་ཡ་ཨ་ནནྟས་དབུ་མ་འཇུག་པའི་འགྲེལ་བཤད་མཛད་དེ། འདི་ཉིད་ཀྱི་བར་དུ་རིམ་པར་བརྒྱུད་པའི་བཤད་སྲོལ་ཡང་པ་ཚབ་ཀྱིས་གསན་ཞིང་། དེ་ནི་དབུ་མ་རང་རྒྱུད་པའི་བཤད་སྲོལ་ལོ། །

       དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་ཀྱི་སྐུ་དྲིན་ལས་དབུ་མ་རྩ་བ་ཤེས་རབ་དང་།རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ།འགྲེལ་བ་བུདྔྷ་པཱ་ལི་ཏ་སོགས་འཁྲུལ་བྲལ་དབུ་མའི་གཞུང་ལུགས་མང་བོ་བོད་དུ་བསྒྱུར་བ་དང་།མཁན་ཆེན་ཞི་བ་འཚོ་དང་།ཀ་མ་ལ་ཤྲཱི་ལ་ཡང་བོད་དུ་ཕེབས་ནས་དབུ་མའི་བཤད་སྲོལ་བྱུང་ན་ཡང་གླང་དར་མས་བསྟན་པ་བསྣུབས་པས་དབུ་མའི་བཤད་རྒྱུན་ལ་བར་ཆད་ཆེན་པོ་བྱུང་རྐྱེན་ཆད་པར་མངོན་ཞིང་། ཕྱི་དར་གྱི་དུས་སུ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་རྟོག་གེ་འབར་བ་དང་།དབུ་མའི་མན་ངག་ཆེ་ཆུང་སོགས་མཛད་དེ་དབུ་མའི་བཤད་རྒྱུན་མི་འདྲ་བ་ཁ་ཤས་བྱུང་ནའང་པ་ཚབ་ཀྱི་བཤད་པ་ལས་སྲོལ་ཆེ་བ་མ་བྱུང་།པ་ཚབ་ཉི་མ་གྲགས་ཁ་ཆེའི་ཡུལ་དུ་བྱོན་ནས་མི་ལོ་ཉེར་གསུམ་ལ་དབུ་མའི་གཞུང་ལ་སྦྱངས་པ་མཛད། དེ་ནས་སློབ་དཔོན་ཟླ་བས་མཛད་པའི་རྩ་འཇུག་གཞི་གསུམ་སོགས་ཀྱི་འགྲེལ་བ་རྣམས་བོད་དུ་བསྒྱུར་ནས་འཆད་ཉན་རྒྱ་ཆེར་གཏན་ལ་ཕབ་པས་དབུ་མའི་བཤད་རྒྱུན་སྔར་ལས་ལྷག་པའི་སྲོལ་ཆེར་བྱུང་།ཡིན་ནའང་། དགེ་བའི་བཤེས་གཉེན་ཆེན་མོ་ཤ་ར་བས་རང་གི་སློབ་མ་མང་བོ་ཞིག་ཁོང་ལ་དབུ་མ་སློབ་ཏུ་མངགས་ནས་དབུ་མའི་འཆད་ཉན་སྐྱོང་མཁན་གྱི་གྲྭ་བ་མང་དུ་བསྐྱངས་པ་མ་ཟད།སློབ་དཔོན་ཟླ་བ་གྲགས་པའི་དབུ་མའི་གཞུང་ཕལ་ཆེར་སོགས་བོད་དུ་བསྒྱུར། ཕྱིས་སུ་པ་ཚབ་བུ་བཞིའི་ཡ་གྱལ་ཐང་སག་པ་ཡེ་ཤེས་འབྱུང་གནས་ཀྱིས་དབུ་མའི་འཆད་ཉན་ལེགས་པར་མཛད་དེ་འཇུག་པའི་ཊཱིཀྐ་དང་། རིགས་པ་དྲུག་ཅུ་བའི་ཊཱིཀྐ། དབུ་མ་བཞི་བརྒྱ་བའི་ཊཱིཀྐ་སོགས་མཛད་ཅིང་། དབུས་གཙང་གི་དགེ་བཤེས་བཟང་བོས་ཀྱང་འདི་བའི་བཤད་སྲོལ་ལ་གཏུགས་ཏེ་དབུ་མ་ལ་ཕན་པ་རྒྱ་ཆེན་པོ་བྱུང་བར་བཤད། ཕྱིས་ཐང་སག་པའི་བཤད་རྒྱུན་ཉམས་པའི་དུས་ཙ་ན་རྗེ་རེད་མདའ་བས་དབུ་མའི་འཆད་ཉན་ལ་ཕན་པའི་བཤད་པ་མང་དུ་གནང་བ་ལ། རྗེ་དེ་ཉིད་ཀྱི་དྲུང་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བས་གསན་ཞིང་།ལྟ་བའི་གནད་ཐུན་མོང་མ་ཡིན་པ་རྣམས་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ལས་རྫོགས་པར་གསན་ཏེ་རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་དང་། དབུ་སེམས་ཀྱི་ལྟ་བའི་གནད་གཏན་ལ་འབེབས་པ་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ།ལྷག་མཐོང་ཆེ་ཆུང་སོགས་མཛད།དེ་ནས་རྗེ་རང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱིས་གསན་ཏེ་ཟབ་མོ་དབུ་མའི་ལམ་བཟང་གསལ་བར་མཛད།ཁྱད་པར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད་སྙིང་བོའི་དོན་གསལ་བར་བྱེད་པ།དབུ་མ་བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ། རིགས་པ་དྲུག་ཅུ་བའི་ཊཱིཀྐ་སོགས་མཛད་པ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་སྟོང་ཐུན་སྐལ་བཟང་མིག་འབྱེད།དབུ་མའི་ལྟ་ཁྲིད་མུན་སེལ་སྒྲོན་མེ་སོགས་མཛད། རྗེ་དགེ་འདུན་གྲུབ་ཀྱིས་འཇུག་ཊཱིཀ་དགོངས་པ་རབ་གསལ།རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་ཆེན་ཕྲེང་བ་སོགས་གངས་རིའི་ཁྲོད་འདིར་བྱོན་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་དབུ་མའི་གཞུང་གྲགས་ཆེ་བ་མང་བོ་མཛད་ཡོད་པ་དང་། ལྷག་པར་དུ་གདན་ས་སོ་སོའི་ཡིག་ཆ་མཛད་པ་བོ་རྣམ་པས་བསྲེགས་བཅད་བརྡར་གསུམ་གྱིས་ཞུན་མཐར་བཅད་ནས་དབུ་མའི་གཞུང་ལུགས་གྲགས་ཆེ་བ་མང་བོ་མཛད་ཡོད་དེ། དཔེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པས་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་དང་། ཚིགས་གསལ་སྟོང་ཐུན་ཚད་མའི་རྣམ་བཤད།ཀུན་མཁྱེན་འཇིགས་མེད་དབང་བོས་དབུ་མའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་གསུང་ལན་ཀླུ་སྒྲུབ་དགོངས་རྒྱན། པཎ་ཆེན་བསོད་ནམས་གྲགས་པས་དབུ་མའི་ཟབ་དོན་གསལ་བའི་སྒྲོན་མེ་སོགས་མཛད་པ་དང་། ཉེ་རབས་ཀྱི་ལོ་ཙཱ་བ་དགེ་ འདུན་ཆོས་འཕེལ་གྱིས་ཀླུ་སྒྲུབ་དགོངས་རྒྱན། བདག་གི་སློབ་དཔོན་རིན་པོ་ཆེ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གིས་མཛད་པའི་དབུ་མའི་བསྟན་བཅོས་ཀུན་ལས་བཏུས་པ་སོགས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་རྩོད་མེད་ཀྱི་མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱིས་ཟབ་མོ་དབུ་མའི་བསྟན་བཅོས་བགྲང་ལས་འདས་པ་མཛད་པ་དང་།དབུ་མའི་འཆད་ཉན་ཕྱོགས་མཐར་སྤེལ་བས་དགེ་ལུགས་པའི་གདན་ས་མང་བོར་ཐོས་བསམ་གྱི་སྲོག་ཤིང་དུ་གྱུར་ཡོད་དོ།  །

 ལྔ་བ།  མངོན་པ་མཛོད་ཀྱི་བཤད་རྒྱུན་བྱུང་ཚུལ།

      དེ་ཡང་ཆོས་མངོན་པ་མཛོད་ཅེས་བྱ་བ་ནི་ཇི་སྐད་དུ།དགུ་བཅུ་གོ་དགུའི་འབུམ་སྡེ་གཞུང་རྣམས་ཀྱིས།།གང་གི་བློ་གྲོས་མགུལ་བ་རབ་བརྒྱན་ཅིང་། །འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གཉེན།ཞེས་གསུངས་པ་ལྟར།པཎྡི་ཏའི་སྐྱེ་བ་ལྔ་བརྒྱ་བཞེས་ཤིང་གཞུང་ལུགས་འབུམ་སྡེ་དགུ་བཅུ་རྩ་དགུའི་དོན་རྟོགས་པའི་འཛམ་གླིང་ན་ཀུན་མཁྱེན་གཉིས་པར་གྲགས་པ་སློབ་དཔོན་དབྱིག་གི་གཉེན་པོས་མཛད་པ་ཡིན་ལ། ཁོང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་ནས་འཇིག་རྟེན་དུ་བྱོན་ཅིང་འཕགས་པ་ཐོགས་མེད་ཀྱི་གཅུང་བོ་ཡིན་པ་དང་།བོད་ཀྱི་རྒྱལ་བོ་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པར་གྲགས།ཁོང་ནི་ཆུང་ངུའི་དུས་ནས་དཔལ་ན་ལེནྡྲར་རབ་ཏུ་བྱུང་ནས་ཐེག་པ་ཆུང་ངུའི་སྡེ་སྣོད་གསུམ་ཆ་ཚང་བར་གསན་པ་དང་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་བོ་ལས་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་དང་མུ་སྟེགས་ཀྱི་ལྟ་བ་རིགས་མི་འདྲ་བ་དྲུག་གི་གཞུང་ལུགས་མཐའ་དག་ཁོང་དུ་ཆུད་པར་མཛད།མཐར་འཕགས་པ་ཐོགས་མེད་ཀྱི་དྲུང་ནས་ཐེག་པ་ཆེན་པོའི་ཆོས་མང་དུ་གསན་ཞིང་།ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་བོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་གསུངས་ནས་དད་གུས་དཔག་མེད་འཁྲུངས།སློབ་དཔོན་ཐོགས་མེད་ཀྱི་བཀའ་བཞིན་བསྒྲུབས་ཤིང་།སྔར་འཕགས་པ་ཉེན་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་སོགས་དགྲ་བཅོམ་པ་ལྔ་བརྒྱའི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་བཀོད་པའི་བསྟན་བཅོས་གྲགས་ཅན་བྱེ་བྲག་བཤད་མཚོ་ཆེན་མོའི་གཞུང་ཡོངས་ལ་ཤོ་ལོ་ཀ་འབུམ་ཕྲག་གཅིག་དང་བམ་པོ་ཉིས་བརྒྱ་ཡོད་པ་དེ་(བསྟན་བཅོས་འདི་སྔོན་ཆད་བོད་དུ་མ་འགྱུར་ལ། དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་བའི་ནང་རྒྱ་ནག་གི་སློབ་དཔོན་དམ་པ་སྒྲ་སྒྱུར་གྱི་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཞུ་བས་རྒྱ་ནག་སྐད་ལས་བོད་ཡིག་ཏུ་བསྒྱུར་ནའང་།དུས་འགྱུར་ཁྲོད་བོར་བརླགས་བྱུང་ཞིང་། ཉེ་ལམ་གཟན་དཀར་སྤྲུལ་སྐུའི་སྐུ་དྲིན་ལས་ཐེ་ཝན་ནས་མ་ཕྱི་ལག་སོན་བྱུང་ཞིང་བཀའ་བསྟན་དཔེ་བསྡུར་ཁང་གིས་བསྟན་འགྱུར་ཁྲོད་པར་དུ་སྐྲུན་བཞིན་པ་ཐོས་སོ།།)དང་། མངོན་པ་སྡེ་བདུན་དང་འདུལ་ལུང་སྡེ་བཞི་སོགས་བརྗོད་དོན་གྱི་སྙིང་བོ་བསྡུས་ནས་ཐེག་པ་དམན་པའི་ལུགས་སུ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་པ་མཛད་དེ་སྐྱེས་དང་བཅས་རང་གི་སློབ་དཔོན་འདུན་བཟང་ལ་ཕུལ་བ་དང་། སློབ་དཔོན་གྱིས་བསྐུལ་བ་ལྟར་མཛོད་རང་འགྲེལ་འགྲེལ་བཤད་རྒྱལ་སྲས་མ་དང་བཅས་བརྩམས། དེ་ལ་མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་སོགས་བྱོན། དེ་ནས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གང་སྤེལ་གྱིས་གསན།དེའི་སློབ་མ་དྭ་ན་ཤི་ལ་དང་ཛི་ན་མི་ཏྲ་གཉིས་ལས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་གསན་ཞིང་།སྐ་བ་དཔའ་བརྩེགས་ཀྱིས་མངོན་པ་མཛོད་རང་འགྲེལ་འགྲེལ་བཤད་རྒྱས་སྲས་མ་སོགས་བོད་དུ་བསྒྱུར། དེ་ལྟར་བོད་ལྗོངས་སུ་བསྟན་པ་ཕྱི་དར་གྱི་བར་དུ་བཤད་རྒྱུན་མ་ནུབ་པར་བུ་སྟོན་ཆོས་འབྱུང་ལས་གསུངས་ཏེ།ཛི་ན་མི་ཏྲས་སྐ་ཅོག་ཞང་གསུམ།ནམ་སྣང་ཟླ་བའི་རྡོ་རྗེ།དཔལ་གྱི་རྡོ་རྗེ།རྦ་རྒྱལ་ཡེ་ཤེས།ཅོག་གྲུ་མཆོག་གི་ཡེ་ཤེས།སེ་བཙུན་གཞོན་ནུ།གར་མི་ཡོན་ཏན་གཡུང་དྲུང་།ཁུ་སྟོན་ཤེས་རབ་བརྩོན་འགྲུས།ར་ཁྲི་བཟང་འབར།རྒྱ་རྒྱལ་བུ་ཚུལ་ལེ། བྲང་ཏི་དར་མ་སྙིང་བོ།དེའི་སློབ་མ་འབན་རོག་གཉིས་ལ་སོགས་པའི་བར་དུ་མངོན་པའི་བཤད་ཉན་མ་ཆད་པར་བྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །འདིར་འབན་རོག་གཉིས་ལ་བརྒྱུད་པར་གསུངས་པའི་འབན་ལ་བརྒྱུད་ཚུལ་ནི།བྲང་ཏི་དར་མ་སྙིང་བོ་ནས་རིམ་པར་ཀོ་བོ་ཡེ་ཤེས་འབྱུང་གནས་དང་། དེ་ནས་འབན་དཀོན་མཆོག་རྡོ་རྗེ། ཐོ་ཀུན་དགའ་རྡོ་རྗེ།འཇད་པ་སྟོན་སྐྱབས། འཇད་པ་གཞོན་བྱང་། ཞང་འབྲིང་འཚམས་པ། བོ་དོང་བ་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། རྗེ་བཙུན་རེད་མདའ་བ་ཆེན་པོ་ལས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བས་གསན་ཞིང་།དེ་ལས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསན། དེ་ལས་རྗེ་དགེ་འདུན་གྲུབ་ཀྱིས་གསན་ནས་མཛོད་ཊཱིཀྐ་ཐར་ལམ་གསལ་བྱེད་ཅེས་པ་མཛད། དེ་ལས་སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་སོགས་ཀྱིས་གསན་ནས་འདིས་ཀྱང་མཛོད་ཀྱི་ཡིག་ཆ་མཛད་དེ་འཆད་ཉན་གྱི་རྒྱུད་པ་དར་བར་བྱས་སོ། །

       རོག་གི་བཤད་རྒྱུན་ནི།བྲང་ཏི་དར་མ་སྙིང་བོ་ནས་རོག་ཆོས་ཀྱི་བརྩོན་འགྲུས། ཡར་ནག་པ། ཉང་ཐེར་མ།གཟད་རིང་མོ། སྤྱིལ་བུ་བ། སྟག་སྟོན་ཤེས་རབ་འོད་ཟེར། ལྷོ་གྲུབ་པ་སེང་གེ། ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོའི་བར་དང་། དེ་ལས་བུ་སྟོན་རིན་ཆེན་གྲུབ་ཀྱིས་གསན་པ་དང་།དེ་ལས་དམར་སྟོན་ཁུ་དབོན་གྱིས་གསན་པའི་བཤད་རྒྱུན་རྗེ་དགེ་འདུན་གྲུབ་ལ་མངའ་བ་སྟེ།དེ་གཉིས་ནི་བསྟན་པ་སྔ་དར་གྱི་དུས་ནས་བཤད་རྒྱུན་བར་མ་ཆད་པར་བྱུང་བ་ཡིན་ནོ། །

     དེ་ཡང་ཐམས་ཅད་མཁྱེན་པ་སློབ་དཔོན་དབྱིག་གི་གཉེན་པོར་སློབ་མ་རང་ལས་མཁས་པ་བཞི་མཆིས་པ་ལས་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་ནས་ཁ་ཆེ་དྲི་མེད་སྦས་པ།དེའི་སློབ་མ་སྨྲྀ་ཏི་ཛྙཱ་ན་ཀིརྟི་འམ་དྲན་པ་ཡེ་ཤེས་གྲགས་པ་བོད་དུ་ཕེབས་ནས་ཁམས་ཀྱི་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པའི་ཚེ་མཁས་བཙུན་མང་དུ་འདུས་པས་མངོན་པ་འོག་མའི་བསྟན་པའི་གཞི་ཡོངས་སུ་ཚུགས་ཏེ།དེའི་སློབ་མ་གཡས་ཆེན་པོ་ཤེས་རབ་གྲགས་པས་གསན་པ་ནས་རིམ་པ་བཞིན་རྭ་ཞགས་ཟླ་བ།མཆིམས་ཞང་བཙུན།མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེམཆིམས་དོན་གྲུབ་རྒྱལ་མཚན།མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས་རྣམས་ཀྱི་བར་རིམ་པར་བླ་སློབ་ཏུ་བྱོན་ཅིང་། མཆིམས་ནམ་མཁའ་གྲགས་ཀྱིས་ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་མཛད།འདི་ནི་ད་ལྟའི་མཆིམས་མཛོད་དུ་གྲགས་པའི་མཛད་པ་བོ་དང་མི་གཅིག་པར་གདན་རབས་ལྷའི་རྔ་ཆེན་དུ་གསུངས་ཏེ།མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་རིགས་རལ་གྱི་བླ་མ་ལམ་མཆོག་རིན་པོ་ཆེ་རྩོམ་མཁན་དེ་ཉིད་ཡིན་ལ། མཆིམས་མཛོད་དམ་འགྲེལ་བ་མངོན་པའི་རྒྱན་རྩོམ་པ་བོ་ནི་བཅོམ་ལྡན་རིགས་རལ་གྱི་སློབ་མ་མཆིམས་འཇམ་པའི་དབྱངས་ཞེས་གྲགས་པ་དེ་ཡིན། དེ་ནས་མཁས་པ་ཡོན་ཏན་འོད་ཟེར། བཤེས་གཉེན་ཆོས་མགོན་པ། སྐྱོར་ལུང་བ་བློ་གྲོས་བཟང་བོ།དམར་སྟོན་དཔལ་ལྡན་རིན་ཆེན།དམར་སྟོན་རྒྱ་མཚོ་རིན་ཆེན།དེ་ནས་རྗེ་དགེ་འདུན་གྲུབ་ཀྱིས་གསན།

     ཡང་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གང་བ་སྤེལ་ནས་རིམ་བཞིན་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིས་གསན།དེ་ལས་ས་སྐྱ་པཎ་ཆེན་གྱིས་གསན་ཞིང་།དེ་ལས་འཕགས་པ་རིན་ཆེན། ཞང་མདོ་སྡེ་དཔལ། མཉམ་མེད་གྲགས་པ་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཉ་དབོན་ཀུན་དགའ་དཔལ་བ།དེ་ནས་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་བར་དུ་རིམ་བཞིན་བརྒྱུད་ཅིང་།ཉ་དབོན་ཀུན་དགའ་དཔལ་ལས་རྗེ་བདག་ཉིད་ཆེན་མོས་མངོན་པ་བཤད་པར་ཞུས་པས་ཁོ་བོའི་སློབ་མ་རེད་མདའ་བ་ལས་ཉོན་གསུངས་པ་ལྟར་རྗེ་བཙུན་རེད་མདའ་བའི་མདུན་ནས་ཆོས་མངོན་པ་མཛོད་ཀྱི་བཤད་རྒྱུན་གསན། འདི་གཉིས་ནི་བསྟན་པ་ཕྱི་དར་གྱི་དུས་སུ་གསར་དུ་བྱུང་བའི་བཤད་རྒྱུན་ཡིན་ཞིང་།རྗེ་བདག་ཉིད་ཆེན་མོ་ལས་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པ་རིམ་པར་བྱོན་ཏེ་དེང་དུས་ཀྱི་དགེ་ལུགས་པའི་གྲྭ་ས་ཆེ་ཆུང་དུ་མར་མཛོད་ཀྱི་བཤད་རྒྱུན་མ་མཉམ་པར་གནས་ཐུབ་པ་ནི་གོང་ནས་གླེང་བའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་རྨ་མེད་ཡིན་པ་ཞུ་མ་དགོས་ལ།གྲྭ་ས་སོ་སོའི་ཡིག་ཆ་མཛད་པ་བོ་རྣམས་ཀྱིས་གཙོས་མངོན་པ་མཛོད་ཀྱི་འཆད་ཉན་མཛད་མཁན་དང་གཞུང་ལུགས་རྩོམ་མཁན་མང་བོ་བྱུང་ནས་བོད་ཡུལ་དུ་མངོན་པ་མཛོད་ཀྱི་བསྟན་པ་ཉི་འོད་ལྟར་གསལ་བར་མཛད་དོ། །

དྲུག་པ།  འདུལ་བའི་བཤད་རྒྱུན་བྱུང་ཚུལ།

     དེ་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་བསྟན་པའི་ནང་མཛོད་འདུལ་བའི་ཉམས་ལེན་ནི་སྟོན་པ་རང་ཉིད་ལས་ཉན་ཐོས་ཆེན་པོ་འོད་སྲུང་གིས་གསན།དེ་ནས་རིམ་པ་བཞིན་ཀུན་དགའ་བོ།ཤ་ནུའི་གོས་ཅན།ཉེར་སྦས།ངྷི་ངྷི་ཀནག་པོ་བ།ལེགས་མཐོང་སྟེ་བསྟན་པའི་གཏད་རབས་བདུན་གྱིས་གསན་ཞིང་།དེ་ནས་ལེགས་མཐོང་གི་སློབ་མ་ཕྱིར་མི་འོང་དང་། བློས་མི་འབེབས་པར་གྲགས་པ། ཁ་ཆེའི་དགེ་འདུན་བཟང་བོ། སློབ་དཔོན་དབྱིག་གཉེན་བཅས་ཀྱིས་རིམ་བཞིན་གསན། དེ་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད་པ་ལས་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་གསན་ཏེ་འདུལ་བ་མདོ་རྩ་བ་རྣམ་བཤད་དང་བཅས་པ་དང་། ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་བཅས་མཛད་པ་ད་ལྟའི་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་དང་། བར་མ་རབ་བྱུང་།ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེན་པའི་ཆོ་ག་དང་།གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་བདག་ཉིད་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བས་བསྟན་པ་འདི་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་སྐྱེས་བུ་དམ་པ་ཞིག་ཡིན་ནོ། །དེ་བཞིན་དུ་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་བ་ཡན་གྱི་འགྲེལ་བ་དང་།བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ལེའུའི་འགྲེལ་བ་སོགས་བསྟན་པ་རིན་པོ་ཆེའི་རྩ་བར་གྱུར་པའི་དམ་ཆོས་འདུལ་བའི་བདུད་རྩི་མ་ལུས་པ་གསལ་བརབྱེད་པའི་བསྟན་བཅོས་མང་བོ་མཛད། དེའི་སློབ་མ་ཤཱཀྱ་འོད་ཀྱིས་གསན་ཏེ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སྟེ་ཡོངས་གྲགས་སུ་སུམ་བརྒྱ་བར་འབོད་པ་དང་། དེའི་རང་འགྲེལ་འོད་ལྡན་དང་བཅས་པ་མཛད།དེའི་སློབ་མ་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་གསན་ཞིང་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བོད་དུ་ཕེབས་ནས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། དམར་གཡོ་གཙང་གསུམ་སོགས་སློབ་མ་ཤིན་ཏུ་མང་བོ་བྱོན། བོད་དུ་བསྟན་པ་ཕྱི་དར་སྐབས་མཁས་པ་མི་གསུམ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་ནས་འདུལ་བའི་འཆད་ཉན་གསན་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པ་ལ་སྨད་འདུལ་དུ་གྲགས་པ་བྱུང་ཞིང་། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྡི་ཏ་དྷརྨ་པཱ་ལ་དང་། དེའི་སློབ་མའི་གཙོ་བོ་སུདྷུ་པཱ་ལ། གུ་ན་པཱ་ལ། པྲ་ཛྙཱ་པཱ་ལ་སྟེ་པཱ་ལ་གསུམ་དུ་གྲགས་པ་སྤྱན་དྲངས་ཏེ། དེ་དག་ལས་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས། སླད་ནས་བལ་བོར་བྱོན་ནས་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་དང་བཤད་པ་ཞུས། དེའི་སློབ་མ་དཔལ་འབྱོར་ཤེས་རབ་དང་།ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ་ལ་སོགས་པ་ནས་བརྒྱུད་པ་ལ་སྟོད་འདུལ་བ་ཞེས་གྲགས་སོ། །བླ་ཆེན་པོ་ལས་གྲུབ་ཡེ་ཤེས་འབར་གྱིས་གསན།དེ་ལས་ཀླུ་མེས་ཚུལ་ཁྲིམས་དབང་ཕྱུག་དང་། གཟུས་རྡོ་རྗེ་རྒྱལ་མཚན།ཀླེན་ཚུལ་ཁྲིམས་བྱང་ཆུབ།ཀ་ཆུ་བ་ཚུལ་འབྱུང་།སྣེ་བོ་གྲགས་རྒྱལ། འཛིམས་པ་ཤེས་རབ་འོད་ཟེར་དེ་གཟུས་ཀྱི་བུ་ཆེན་བཞིར་གྲགས་པ་ལས་འཛིམས་མ་གཏོགས་པར་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་གསན། འདི་ལ་མཐའ་བཞི་བརྩོན་འགྲུས་འབར།འདར་འདུལ་འཛིན།རྨ་ཚོ་བྱང་ཆུབ་རྡོ་རྗེ།ཇོ་སྟོན་ནག་པོ་དར་ཚུལ་ཏེ་སློབ་མ་ཀ་བ་བཞི་དང་།གདུང་མ་བཅུར་གྲགས་པ་སོགས་བྱུང་བ་ལས།འདར་འདུལ་འཛིན་གྱིས་ཤབ་ལྕང་ར།ར་ས།བོ་དོང་བ་རྣམས་སུ་དང་། མཐའ་བཞི་བརྩོན་འགྲུས་འབར་གྱིས་མྱང་རོ་སོགས་སུ་དང་།ཇོ་སྟོན་ནག་པོ་དར་ཚུལ་གྱིས་ཡར་ཀླུང་ཚ་རོང་སོགས་སུ་དང་།རྨ་ཚོ་བྱང་ཆུབ་རྡོ་རྗེས་དབུས་སུ་འཆད་ཉན་རྒྱ་ཆེན་པོར་མཛད་པ་སོགས་ཀྱིས་འདུལ་བ་འཛིན་པའི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་  བྱུང་།དེའི་ནང་ནས་ཇོ་སྟོན་ནག་པོ་དར་ཚུལ་དང་རྒྱ་འདུལ་བ་འཛིན་པ་ལའང་ཤ་མི་སྨོན་ལམ་ཚུལ་ཁྲིམས་ཀྱིས་གསན།ཤ་མིའི་སློབ་མ་ཀ་བ་དར་སེང་ལ་ཐག་མ་རྡོར་གཞོན་སོགས་ཀྱིས་གསན་པར་བཤད།ཐག་མས་བྱ་འདུལ་བ་བརྩོན་འགྲུས་འབར་ལ་གཏུགས་པར་གྲགས་ཤིང་། དེས་རྨ་ཚོ་བྱང་ཆུབ་རྡོ་རྗེ་ལ་གསན།འདུལ་ཊཱིཀ་མཛད་པར་ཕྱིས་སུ་བྱ་ཊཱིཀ་ཅེས་གྲགས་ཤིང་འདི་དག་ནི་རྒྱ་འདུལ་གྱི་བཤད་རྒྱུན་བྱུང་བའི་རིམ་པའོ། །

     ཡང་། ཐག་མ་རྡོར་གཞོན་གྱི་སློབ་མ་སྦས་ཏི་དགྲ་བཅོམ་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་དགུང་ལོ་ཞེ་གཅིག་པ་བོད་རབ་བྱུང་གསུམ་པའི་ས་གླང་(༡༡༦༩)ལོར་སྐྱོར་མོ་ལུང་དགོན་པ་བཏབ་སྟེ་འདུལ་བའི་བཤད་པ་རྒྱ་ཆེར་སྤེལ་ཞིང་། དེ་ནས་གདན་ས་རིམ་པར་མཁན་ཆེན་ཤེས་རབ་སེང་གེ བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག བདེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བཀའ་བཞི་བ་བློ་གསལ་སོགས་རིམ་པར་བྱོན་ནས་འདུལ་བའི་བཤད་སྲོལ་བསྐྱངས་པ་ལས། རྗེ་ཙོང་ཁ་བ་ཆེན་པོ་དགུང་ལོ་ཉི་ཤུར་ཕེབས་པ་མེ་འབྲུག་(༡༣༧༦)ལོར་སྐྱོར་མོ་ལུང་དུ་ཕེབས་ནས་མཁན་ཆེན་བཀའ་བཞི་བ་བློ་གསལ་གྱི་མདུན་དུ་འདུལ་བའི་བཤད་པ་ཆ་ཚང་བ་གསན་ཏེ་འདུལ་བ་མདོ་རྩ་བའི་ཟིན་བྲིས་དང་། གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས་སོགས་མཛད། དེ་ལས་རྗེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་འདུལའཛིན་གྲགས་པ་རྒྱལ་མཚན་གྱིས་གསན་ཏེ་འདུལ་བའི་བསླབ་བྱ་ ཆེན་མོ་དང་། དགེ་ཚུལ་གྱི་བསླབ་བྱ། གཞི་གསུམ་གྱི་ཆོ་གའི་ཕྱག་ལེན། འདུལ་བའི་གླེང་འབུམ་རྣམས་མཛད་དོ། །

      གཞན་ཡང་།ཤ་མི་ནས་གྲ་མི།རྒྱ་དུར་དར་མ་ཡེ་ཤེས།དེ་ལ་ཟངས་ཆེན་པ་དར་མ་བསོད་ནམས།དེ་ལ་མཚོ་སྣ་བ་ཤེས་རབ་བཟང་བོས་གསན་པ་ལས་གཉལ་གྱི་ཟངས་པོ་ཆེ་དང་པྲ་གོར་དུ་བཤད་པ་བྱུང་བར་དེབ་སྔོན་ ལས་བཤད་ཅིང་།མཚོ་སྣ་བས་འདུལ་ཊཱིཀ་ཉི་མའི་འོད་ཟེར་མཆན་དང་བཅས་པ་མཛད་པ་ལ་མཚོ་ཊཱིཀ་ཏུ་གྲགས་སོ། །ཡང་བཀའ་བཞི་བ་བློ་གསལ། དམར་སྟོན་དཔལ་ལྡན་རིན་ཆེནདང་། དེ་ལ་དམར་སྟོན་རྒྱ་མཚོ་རིན་ཆེན་གྱིས་གསན་ཏེ་འདི་གཉིས་ལ་དམར་སྟོན་ཁུ་དབོན་དུ་གྲགས། དམར་སྟོན་རྒྱ་མཚོ་རིན་ཆེན་གྱིས་བུ་སྟོན་ལ་ཡང་གཏུགས་ཤིང་། འདིས་མདོ་རྩར་འབྲུ་འགྲེལ་ཞིབ་མོ་མེད་པའི་དཀའ་འགྲེལ་ལྟ་བུ་ཞིག་མཛད་པར་དམར་ཊཱིཀ་ཟེར།རྗེ་དགེ་འདུན་གྲུབ་ཀྱིས་འདི་ལས་འདུལ་བའི་བཤད་པ་གསན་ནས་གླེང་འབུམ་ཆེན་མོ་དང་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་སོགས་མཛད་དོ། །ཞེས་དབལ་མངཔཎྡི་ཏས་གསུངས་སོ། །

དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་འདུལ་བའི་བཤད་རྒྱུན་བར་མ་ཆད་པར་བྱུང་བ་ལས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོ་ནས་འདུལ་བའི་འཆད་ཉན་ཉི་འོད་ལྟར་གསལ་བར་མཛད་པ་དང་།སྲས་ཀྱི་ཐུ་བོ་རྣམ་གཉིས་སོགས་བརྟན་མཁས་གཉིས་ལྡན་གྱི་དམ་པ་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱོན་ཏེ་འདུལ་བའི་འཆད་ཉན་མཐའ་དབུས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པ་མ་ཟད།གྲྭ་ས་སོ་སོའི་ཡིག་ཆ་མཛད་པ་བོ་རྣམས་ཀྱི་གཙོས་མཁས་ཤིང་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་འདུལ་བའི་མཐའ་དཔྱོད་དང་འགྲེལ་བ་སོགས་འདུལ་བའི་སྐོར་གྱི་ལྗགས་རྩོམ་གྲགས་ཅན་ཧ་ཅང་མང་བོ་བཞུགས་ལགས་སོ། ། 

བདུན་པ། གསང་སྔགས་རྡོ་རྗེ་ཐེག་པའི་བཤད་རྒྱུན་བྱུང་ཚུལ།

     དེ་ཡང་བདག་ཅག་ཡོངས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་མོ།སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་སྔོན་རྒྱ་མཚོའི་རྡུལ་དུ་འཁྲུངས་པའི་ཚེ་ན་སྨོན་ལམ་ཆེན་པོ་ལྔ་བརྒྱ་ སོགས་བཏབ་ནས་སེམས་བསྐྱེད་པས་བདག་ཅག་གི་སྟོན་པའི་བསྟན་པ་ལ་མདོ་སྔགས་གཉིས་བྱུང་ཞིང་།ཁྱད་པར་རྒྱུད་སྡེ་བཞིའི་ལྷ་ཚོགས་འདི་རྣམས་ཡི་དམ་དུ་བསྟེན་ན་བསྐལ་ཆེན་མང་བོའི་ཚེགས་ལ་བལྟོས་མི་དགོས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་ནུས་པས་བསྐལ་བཟང་གི་སངས་རྒྱས་གཞན་ལས་པད་མ་དཀར་བོ་ལྟར་བསྔགས་པར་སྙིང་རྗེ་པད་མ་དཀར་བོ་སོགས་ལས་བྱུང་།

     སྤྱིར་གསང་སྔགས་ཞེས་པ་ནི་སྣོད་མིན་གྱི་གདུལ་བྱ་མ་ཡིན་པར་སྟོན་དུ་མི་རུང་བས་གསང་བ་དང་། སྔགས་ཞེས་པ་ནི་ཡིད་སྐྱོབ་པའི་དོན་ལ་ཟེར་ཏེ། རྗེ་བླ་མའི་སྔགས་རིམ་ཆེན་མོ་ལས། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་བསྟན་པས་གསང་བའོ།།སྔགས་ཀྱི་སྐད་དོད་མཱནྟཱ་ལ། མཱ་ན་ནི་ཡིད།ཏྲཱ་ཡ་ནི་སྐྱོབ་པས་ན་སྔགས་ཏེ།འདུས་པའི་རྒྱུད་ཕྱི་མ་ལས།དབང་བོ་དང་ནི་ཡིད་རྣམས་ཀྱི།།རྐྱེན་གྱིས་གང་དང་གང་བྱུང་ཡིད།།ཡིད་དེ་མཱ་ན་ཞེས་པར་བཤད།།ཏྲཱ་ནི་སྐྱོབ་པར་བྱེད་པའི་དོན།།འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར།།གང་བཤད་དམ་ཚིག་སྡོམ་པ་སྟེ།།རྡོ་རྗེ་ཀུན་གྱིས་བསྲུང་བ་ནི།།སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ།།ཞེས་ གསུངས་པ་དང་། གཞན་ཡང་གསང་སྔགས་དེ་ཉིད་ཀྱི་མིང་ལ་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བས་རྡོ་རྗེ་སེམས་དཔའི་ཐེག་པ་དང་།ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་མཁས་པའི་ཁྱད་པར་དུ་འཕགས་པས་ཐབས་ཀྱི་ཐེག་པ་དང་།འབྲས་བུའི་གནས་སྐབས་ཀྱི་ཡོངས་སུ་དག་པ་བཞི་དང་རྣམ་པ་མཐུན་པར་ད་ལྟ་ཉིད་དུ་སྒོམ་སྟེ་ལམ་བགྲོད་པས་འབྲས་བུའི་ཐེག་པ་སྟེ་ཐེག་པ་རིམ་པ་གསུམ་དུ་ཕྱེས་པ་དང་།གསང་སྔགས་རྡོ་རྗེ་ཐེག་པ་དང་ཕར་ཕྱིན་ཐེག་པ་གཉིས་ཀྱི་མཆོག་དམན་གྱི་ཁྱད་པར་སོགས་བརྗོད་དགོས་པ་མང་དུ་མཆིས་ཀྱང་རྒྱས་པར་རྗེ་བླ་མའི་སྔགས་ཀྱི་ལམ་རིམ་སོགས་གཞུང་གཞན་ལས་ཤེས་པར་བྱ་ལ།སྐབས་སུ་བབས་པ་ནི།བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་ཀྱང་།གདུལ་བྱའི་སྣང་ངོར་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པའི་ལོ་དེར་བདེན་བཞིའི་ཆོས་འཁོར་བསྐོར་བ་དང་། དེའི་ཕྱི་ལོའི་ཉ་ལ་བྱ་རྒོད་ཕུང་བོའི་རིར་ཤེར་མདོ་གསུངས་པ་དང་དུས་མཚུངས་པར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་རྒྱལ་བ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་རྒྱལ་བོ་ཟླ་བ་བཟང་བོ་འཁོར་ཤམ་བྷ་ལའི་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་གི་རྒྱལ་བོ་རྣམས་ལ་དུས་འཁོར་རྩ་རྒྱུད་སོགས་རྒྱུད་སྡེ་རབ་འབྱམས་གསུངས་ཏེ་སྔགས་ཀྱི་ཆོས་འཁོར་བསྐོར།

      སྟོན་པས་རྒྱུད་གསུང་ཚུལ་གྱི་ལོ་རྒྱུས་རྒྱུད་གཞུང་གིས་ཟིན་སོ་མེད་པ་མང་བོ་ཡོད་ཀྱང་།ཞི་བའི་ཡེ་ཤེས་ཀྱིས།དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས།།ཞེས་སོགས་དང་། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ཞེས་སོགས་འདིའི་གླེང་གཞིའི་ས་བོན་དང་ཁུངས་ཡིན་པས་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་འོག་མིན་དང་།དབང་ཕྱུག་འདུལ་ཆེད་ས་སྟེང་། བདུད་འདུལ་ཆེད་རྡོ་རྗེ་གདན།གཤིན་རྗེ་འདུལ་ཆེད་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་རྣམས་སུ་གསུངས་པར་འཇིགས་བྱེད་ཆོས་འབྱུང་ལས་གསུངས། དེ་ལས་རིམ་པར། བསྟན་པའི་གཏད་རབས་རྣམས་དང་།ཟབ་རྒྱས་ཀྱི་བཀའ་བབས། རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་གསང་སྔགས་བསྟན་པའི་སྒྲོན་མེ་རྒྱ་གར་འཕགས་པའི་ཡུལ་དུ་གསལ་བར་མཛད།ཀ་ཆེམས་ཀ་ཁོལ་མ་ལས། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤ་ཀ་ར། བལ་བོའི་སློབ་དཔོན་ཤཱི་ལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར། ཅེས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་འཕྲུལ་གྱི་བློན་པོ་ཐོན་མི་བསམ་བྷོ་ཊས་བོད་ཡིག་དབྱངས་གསལ་སོ་བཞིའི་རི་མོ་གཏན་ལ་ཕབས་པ་ནས་བཟུང་གོང་གི་སློབ་དཔོན་དང་ལོ་ཙཱ་བ་རྣམས་དང་། མཁན་སློབ་གཉིས་ཀྱི་གཙོས་སད་མི་མི་བདུན་སོགས་ཀྱིས་བསྟན་པ་སྔ་དར་སྐབས་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད།བོད་སིལ་བུའི་སྐབས་སུ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ལོ་བརྒྱ་དང་བཅུ་གསུམ་རིང་བཞུགས་ནས་གསང་སྔགས་དགོངས་འདུས་ཀྱི་སྐོར་དར་རྒྱས་སུ་མཛད་པ་དང་རིམ་བཞིན། ལོ་ཆེན་བཻ་རོ་ཙ་ན། སྨྲྀ་ཏི་ཛྙ་ན་ཀིརྟི། ལོ་ཆེན་རིན་ཆེན་བཟང་བོ། ཇོ་འབྲོམ་ཡབ་སྲས།མར་མི་དྭགསས་གསུམ་སོགས་བརྒྱུད་ནས་རྗེ་རྒྱལ་བ་གཉིས་པ་ཙོང་ཁ་བའི་བར་ཆིག་བརྒྱུད་ཀྱི་ཚུལ་དུ་བྱུང་།

       དེ་ཡང་རྗེ་བདག་ཉིད་ཆེན་མོ་དགུང་ལོ་སོ་བཞི་བཞེས་པ་ལྕགས་རྟ་ལོར་རྒྱུད་སྡེ་གོང་འོག་གི་དབང་ལུང་མན་ངག་གསན་བཞེས་གནང་རྒྱུའི་དགོངས་པ་གཏད་པའི་སྐབས་ཤིག་ན།མནལ་ལམ་དུ་ཁྲི་ཆེན་པོ་ཞིག་གི་སྟེང་ན་བླ་མ་ཁྱུང་བོ་ལྷས་པ་ཡིན་ཟེར་བ་དབུ་རྒྱན་གསོལ་ཞིང་། རྡོར་དྲིལ་བཟུང་བ་ཞིག་བཞུགས་པའི་མདུན་ན་རྗེ་རང་ཉིད་བཞུགས་པར། བླ་མ་བཞེངས་ནས་རྡོ་རྗེ་འགྲོས་ཀྱི་གར་སྟབས་དང་བཅས།རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་ནས་རྗེ་རང་ལ་བསྐོར་བ་ལན་གསུམ་མཛད་ཅིང་། ཕྲེང་བ་ནས་བྱུང་བའི་ཨེ་ཀཱ་པ་ཙི་ཀཱ་པ་ཞེས་སྒྲ་བསྒྲགས་ནས།རྗེ་འདིའི་དབུའི་སྟེང་དུ་རྡོར་དྲིལ་བཟུང་ནས་ཀརྨ་བཛྲ་ཞེས་བྱའོ།།ཞེས་གསུངས་ནས་ཁྲི་ལ་བཞུགས་སོང་བ་རྨིས།  མནལ་སད་པ་ན་ཐུགས་ལ་བདེ་ཉམས་འཁྲུངས། གསང་མཚན་སྔར་ནས་དོན་ཡོད་རྡོ་རྗེ་ཡིན་པ་དང་མཐུན་པར་དགོངས་པ་ཞིག་བྱུང་། སློབ་དཔོན་རིན་པོ་ཆེས་ཀྱང་། གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ། ཞེས་ལུང་བསྟན་པ་དེ་དང་མཐུན་ནོ།།དེ་ནས་ཞྭ་ལུར་རི་སྦུག་ཏུ་བུ་སྟོན་གྱི་དངོས་སློབ་རིན་པོ་ཆེ་ཁྱུང་བོ་ལྷས་པའི་མདུན་ནས་ཡོ་གའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་དབང་གི་སྣ་དྲངས་ནས་གདུགས་དཀར་དང་དམ་ཚིག་གསུམ་བཀོད་སོགས་རྒྱུད་སྡེ་བཞིའི་དབང་རྒྱུན་ཕལ་ཆེར་ཏེ། དེ་སྐབས་བོད་ན་ཡོད་པའི་དབང་རྒྱུན་དང་གསང་སྔགས་ཀྱི་ཆོས་སྐོར་ཕལ་ཆེར་གསན་པས། རྗེ་བཙུན་ཁྱུང་བོ་རིན་པོ་ཆེས་ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་པས་འགྱོད་པ་མེད་དོ་ཞེས་གསུངས།

      གཞན་ཡང་རྗེ་བཙུན་རེད་མདའ་བ་ལས་གསང་འདུས་རྩ་རྒྱུད་ཀྱི་བཤད་སྲོལ་གསན་པ་དང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། ཆོས་རྗེ་དོན་གྲུབ་རིན་ཆེན། བླ་མ་བསོད་ནམས་རྒྱལ་མཚན་སོགས་ལས་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཏེ་སྔགས་ཀྱི་ལམ་རིམ་ཆེན་མོ་དང་།རིམ་ལྔ་གསལ་བའི་སྒྲོན་མེ།བདེ་མཆོག་ལཱུ་ཨི་བའི་སྒྲུབ་ཐབས་ཀྱི་རྣམ་བཤད་འདོད་འཇོ་སོགས་ངོ་མཚར་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་མང་བོ་ལྗགས་རྩོམ་མཛད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ཡོངས་སུ་རྫོགས་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་རྟོགས་ལྡན་པ།རྗེ་བཙུན་ཤེས་རབ་སེང་གེ་གསུམ་ལ་གནང་ནས་རྟོགས་ལྡན་པ་ལས་དབེན་ས་བ་དང་། མཁས་གྲུབ་རྗེ་ལས་སྲད་དབེན། རྗེ་བཙུན་ཤེས་རབ་སེང་གེ་ལས་རྒྱུད་སྟོད་སྨད་ལ་རྒྱུད་པ་གྱེས། 

      དེ་ཡང་ས་ཕག་(༡༤༡༩)ལོར་བྱམས་ཆེན་ཆོས་རྗེས་སེ་ར་ཆོས་སྡིངས་སུ་རྗེ་བདག་ཉིད་ཆེན་མོར་རྒྱུད་ཀྱི་བཤད་གྲྭ་འཛུགས་པའི་གཞི་རྟེན་འབུལ་བ་ན།རྗེ་རང་ཉིད་ལ་ཡང་ཐུགས་ཀྱི་འདུན་པ་ཆེ་བར་ཡོད་ཅིང་། ཁྱད་པར་གངས་རིའི་ཁྲོད་འདིར་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་ཡོད་ཡེ་ཐམས་ཅད་དུ་ནུབ་པར་གྱུར་ནས་རིང་ཤིག་ལོན།རྗེ་རང་ཉིད་ཀྱིས་བཤད་པ་རྣམ་པར་དག་པ་མཛད་པའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བས་བློ་གྲོས་ཀྱི་ལུས་ཡོངས་སུ་ཚིམ་པ་མང་དུ་བྱོན་མོད་ཀྱི།དེ་ལྟ་ན་ཡང་ད་དུང་རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པའི་གྲྭ་ས་ཐིངས་པ་སྔོན་ཆད་མེད་པས། དེ་འདྲའི་འཆད་ཉན་གྱི་གཞི་རྣམ་པར་དག་པ་ཚུགས་ན་ཅི་མ་རུང་སྙམ་དུ་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་འདུན་གྱིས་གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ་དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་བཙུགས་པའི་གྲྭ་ས་རྣམ་དག་ཅིག་འཛུགས་པའི་ཞལ་བསྐོས་ཞིབ་ཏུ་མཛད་ཅིང་།ཡོན་ཏན་གསེར་གྱི་རི་བོས་མངོན་པར་མཐོ་བའི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས། རྒྱལ་བ་རྡོ་རྗེ་འཆང་གི་གསུང་གསང་སྔགས་ཀྱི་ཆོས་དྲི་མ་མེད་པ་ངེད་རང་གི་བཤད་སྲོལ་འདི་འཛིན་སྐྱོང་སྤེལ་བར་བྱེད་པའི་ཕྱིར་དུ་ཆོས་ཀྱི་བདག་པོར་འགྱུར་འདོད་པ་སུ་ཡོད།ཅེས་བཀའ་ལན་གསུམ་དུ་ཕེབས་པའི་དང་བོ་གཉིས་ལ་སུས་ཀྱང་བཀའ་ལན་འབུལ་མ་ནུས་ཤིང་། གསུམ་པའི་ཚེ་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ཡར་བཞེངས་ཏེ་ཕྱག་གསུམ་འཚལ་ནས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་རྗེ་བླ་མ་ཉིད་ཀྱི་བཀའ་ལུང་སྙིང་ལ་བཞག་ནས་ཅི་ནུས་ཀྱིས་བཀའ་བཞིན་དུ་སྒྲུབ་པར་འཕྱི་ཞེས་འཇིགས་མེད་སེང་གེའི་སྒྲ་བསྒྲགས་ཏེ་ཞུས་པར་འགའ་ཞིག་གིས་འདི་རང་གི་ཚོད་མ་ཟིན་པར་ཞུས་སམ་སྙམ་དུ་དོགས་པར་གྱུར་ཀྱང་། རྗེ་ཉིད་མཆོག་ཏུ་དགྱེས་ཤིང་བྱིན་རླབས་མཛད་ནས་ནང་མཆོད་ཀ་བཱ་ལ་གང་བ་དང་།གསང་བ་འདུས་པའི་གསེར་སྐུ་བྱིན་ཅན།འགྲེལ་བ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ།འཆམས་གོས། དབྱུག་ཏོ། ཞགས་པ་བཅས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ་ཞིང་། ཁོ་བོས་དམ་ཅན་ཆོས་རྒྱལ་ལ་གཉེར་གཏད་བྱས་ཡོད།ཁྱོད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་བཤད་ཉན་མཛོད། ཅེས་ལུང་བསྟན་པ་ལྟར་རྗེ་བཙུན་ཤེས་རབ་སེང་གེས་གཙང་གི་སྲད་དགའ་ལྡན་ཕོ་བྲང་དུ་མཁས་པ་མང་བོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་འཆད་ཉན་མཛད་པས།སྟོད་རྒྱུད་པར་གྲགས་པའམ་སྲད་རྒྱུད་པར་གྲགས་པའི་སྔགས་གྲྭ་ཕུན་སུམ་ཚོགས་པ་ཕྱག་བཏབ།རིམ་གྱིས་དགའ་ལྡན་དུ་ཕེབས་ནས་རྒྱུད་འགྲེལ་འཆད་ཉན་མཛད་པ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གཞི་ཚུགས། དེ་ནས་འདུལ་ནག་པ་དཔལ་ལྡན་བཟང་བོ། རྒྱུད་ཆེན་འཇམ་དབྱངས་དགེ་འདུན་འཕེལ།  རྒྱུད་ཆེན་བརྩོན་འགྲུས་འཕགས།སྲད་རྒྱུད་དཀོན་མཆོག་ཡར་འཕེལ་སོགས་སྲད་དགའ་ལྡན་ཕོ་བྲང་གི་རྒྱུད་ཆེན་རྣམས་ནས་བརྒྱུད་པའི་སྲད་རྒྱུད་ལུགས་དང་།དབེན་ས་བ་བློ་བཟང་དོན་གྲུབ་དང་པཎ་ཆེན་བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན།ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་ནས་བརྒྱུད་པའི་དབེན་ས་བའི་ལུགས་དང་བཅས་པ་དར་ཞིང་རྒྱས་པར་གྱུར། ཁྱད་པར་དུ་འཇམ་མགོན་བླ་མའི་བཤད་སྲོལ་དྲི་མ་མེད་པའི་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གན་མཛོད་དུ་གྱུར་པ་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱིས་སྐུ་ཚེ་སྨད་ལ་སྙན་བརྒྱུད་གདམས་པའི་སྣོད་རུང་གི་སློབ་མ་ཁུག་ལ་ཤོག་ཅེས་ཆོས་རྒྱལ་ལ་གཏོར་མ་བཏང་ནས་འཕྲིན་བཅོལ་མཛད་པས་མན་ངག་ཐོར་བུའི་བཀའ་བབས་མེར་གན་བླ་མ་ངག་དབང་བློ་གྲོས་དང་། བདེ་མཆོག་གི་བཀའ་བབས་ལྕང་སྐྱ་ངག་དབང་ཆོས་ལྡན། དཔལ་གསང་བ་འདུས་པའི་བཀའ་བབས་ཀུན་མཁྱེན་འཇམ་དབྱངས་བཞད་པ།ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བབས་ཐང་སོག་པ་དངོས་གྲུབ་རྒྱ་མཚོ།ཚེ་གཅིག་ལ་མཆོག་གི་གོ་འཕང་བརྙེས་པས་སྒྲུབ་པ་སྙིང་བོར་བྱེད་པའི་བཀའ་བབས་གྲྭ་ས་དང་མཚན་ཙམ་ཡང་མི་ཤེས་པ་ལྷ་སའི་ཕར་ཁའི་གྲིབ་ཀྱི་ལུང་བར་བཞུགས་པ་ཞིག་དང་བཅས་འཁོར་གྱི་ཐ་མ་རྡོ་རྗེ་མཆེད་ལྔ་སོགས་བྱུང་ནས་མདོ་དབུས་ཁམས་གསུམ་དུ་རྗེའི་རིང་ལུགས་ལྟར་གྱི་རྒྱུད་ཀྱི་འཆད་ཉན་བྱུང་བས་ཆོས་བརྒྱུད་ཀྱི་ཆ་ནས་སྲད་རྒྱུད་དང་དབེན་ས་བ་གཉིས་བྱུང་བ་དང་གདན་སའི་སྒོ་ནས་རྒྱུད་གྲྭ་སྟོད་སྨད་གཉིས་སུ་གྱེས་ནས་སྙིགས་དུས་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཉི་འོད་ལྟར་གསལ་བར་མཛད་དོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2020/2/8
ཧ་ཅང་ཡག་སོང་།ཐུགས་རྗེ་ཆེ།
 སྤེལ་མཁན: Orig སྤེལ་དུས:2019/7/5
fucker? gay monk
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45481687
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1