ཨ་འདུས་ཡག་འགོ་དགོན་པའི་ལོ་རྒྱུས་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 7 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »ཨ་འདུས་ཡག་འགོ་དགོན་པའི་ལོ་རྒྱུས་མདོར་བསྡུས།
ཨ་འདུས་ཡག་འགོ་དགོན་པའི་ལོ་རྒྱུས་མདོར་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/7/8ལྟ་ཀློག (4066)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།


ཨ་འདུས་ཡག་འགོ་དགོན་པའི་ལོ་རྒྱུས་མདོར་བསྡུས།

      ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ནི་མདོ་སྨད་ནོར་འཛིན་ཡངས་པའི་ལྷོ་རྒྱུད།  རྔ་ཡུལ་མཐོང་བ་ཀུན་སྨོན་ཞེས་བྱ་བའི་ནུབ་ཀྱི་ཆར།  གཉན་པོ་གཡུ་རྩེའི་ཤར་འདབས།  དུད་ལུང་རི་སྣེའི་ཕྱམ་རྒན་མ་ཟུར་གསུམ་གྱི་སྡིངས་སུ་རྔ་བའི་ཡུལ་གྱི་དབུ་ཡི་རྒྱན་དང་རྩེ་མོའི་ཏོག་ལྟར་གནས་ཤིང་བཞུགས།  དགོན་པ་འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དངོས་སློབ་སྔ་ཚར་བཞིའི་ཡ་གྱལ། ཐུབ་བསྟན་ཕྱོགས་བཅུར་སྤེལ་ལ་ཟླ་དང་བྲལ་བ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་གིས་དགོན་པ་བརྒྱ་དང་བརྒྱད་ཀྱི་ཐོག་མར་ཕྱག་བཏབ་གནང་བས་ཡག་འགོ་དགོན་དུ་གྲགས་ཤིང་། ད་བར་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་རྒྱུན་མ་ཆད་པར་བཞུར་བས་རྔ་བའི་ཡུལ་གྱི་དགོན་རྙིང་འགངས་ཆེན་ཞིག་ཏུ་བརྩི་ཞིང་། ས་འདི་ཕྱོགས་སུ་སྐྱེས་ཆེན་སུ་བྱོན་གྱིས་དམིགས་བསལ་རྟེན་འབྲེལ་མཚོན་བྱེད་དུ་ཐོག་མར་ཕེབས་སའི་གདན་ས་ཁྱད་པར་ཅན་ཞིག་ཡིན་པས། རྒྱལ་བ་ཚང་དབྱངས་རྒྱ་མཚོའང་ཞག་མ་བདུན་ལ་བཞུགས་མྱོང་བ་རྒན་རབས་པས་བཤད།

     རབ་བྱུང་བདུན་པའི་ཤིང་ཁྱི་སྤྱི་ལོ༡༣༩༤ལོའི་ཟླ་བ༧པར་ངག་དབང་གྲགས་པ་ཁོང་གི་སྐུ་སྲིང་ལྷ་སྐྱིད་དབང་འཚོ་སོགས་ཀྱི་རྒྱབ་སྐྱོར་དང་འབྲེལ་བ་རྒྱུད་དེ་རྔ་ཡུལ་དུ་ཕེབས་འབྱོར་བྱུང་ཞིང་། ཨ་འདུས་དགོན་པ་ཡོད་སའི་གནས་འདིའི་རྒྱབ་རི་བརྟན་ཅིང་ལྷུན་ཆགས་པ།  མདུན་རི་བརྗིད་ཅིང་ངམ་དོད་པ།  གཡས་གཡོན་རི་རྒྱལ་ལྷུན་པོའི་མུ་ཁྱུད་ཀྱི་བསྐོར་བ།   ཆུའི་འགྱུར་འགྲོས་གར་གྱིས་བསྒྱུར་བའི་ཉམས་སོགས་རང་བྱུང་བཀོད་པའི་རབ་ཏུ་རྒྱན་པའི་གནས་ཁྱད་པར་ཅན་འདི་ཉིད་ནི་ལྷ་མཆོག་འཁོར་ལོ་སྡོམ་པའི་གནས་ལྷུན་གྱིས་གྲུབ་པ་ཞིག་ཡིན་པར་གཟིགས་ཤིང་།  ལྷག་ཏུ་རྗེ་རིན་པོ་ཆེས་གནང་བའི་ལུང་བསྟན་གྱི་སའི་དཔེ་རིའི་སོགས་ལ་གཏུགས་ཏེ་ཁོང་ཉིད་བཞུགས་སའི་མཚམས་ཁང་ཆུང་ངུ་བཞེངས་ཤིང་མཚམས་བཅས་པ་དེང་སང་མཚམས་ཁང་དེའང་ཨ་འདུས་དགོན་པའི་ནང་དུ་མཇལ་རྒྱུ་ཡོད།  ཨ་འདུས་ཡུལ་གྱི་དཔོན་བརྒྱུད་འཛིན་པ་དག་གཙོས་མང་ཚོགས་སྤྱིས་བསྙེན་བཀུར་བླ་ལྷག་མཛད་ཅིང་དབང་ལུང་མན་ངག་གི་རྒྱུན་མང་དུ་བསྩལ་ལ།  ཉེ་རིང་ཀུན་གྱི་དད་ལྡན་པའི་སྣང་ངོར་བླ་མ་ཡི་དམ་གྱི་གཟུགས་སྣང་ངོ་མཚར་བ་མང་པོ་བྱུང་བར་གྲགས།  དེ་བསྟུན་གྱིས་ཁོང་ལ་དད་པ་སྐྱེས་ཤིང་མཆོད་འབུལ་ཚད་མེད་དང་བསྙེན་པར་རྫོགས་མཁན་མང་བོ་བྱུང་།  ལོ་དེའི་ཟླ༩བར་ཁོང་གིས་སྨོན་ལམ་དང་རབ་གནས་མཛད་དེ་ཐོག་མའི་དགོན་པ་ཡིན་པས་ཡག་འགོ་དགོན་ཞེས་པའི་མཚན་གསོལ་ཞིང་རྗེའི་སྤྱན་སྔ་ནས་ཇི་ལྟར་དམ་བཅའ་མཛད་པ་བཞིན། ཤར་ཕྱོགས་རྒྱལ་མོ་རོང་དུ་དགོན་པ་བརྒྱད་རྩ་བརྒྱད་འདེབས་པའི་དབུ་བརྩམ།   ཐོག་མར་ཕེབས་དུས་དགོན་པ་འདིར་བསྡོམས་པའི་ཁོང་ཟླ་བ་གཉིས་ལྷག་ལ་བཞུགས།   དེ་ནས་རྔ་བའི་ཁོག་རིམ་པར་བརྒྱུད་ད་ཚང་དགོན་པར་ཐུག་རེག་པར་དུ་ཆོས་འཆད་ཞོར་དང་དགོན་པ་འདེབས་ཞོར་གྱིས་ཡག་རི་དགོན།  སྒང་བ་དགོན།   མཆོད་རྟེན་ལྕོགས།    བ་མགོ་དགོན།  སུམ་མདོ་དགོན།   གདོང་རི་དགོན།  ཡག་རི་དགོན། དམུ་དགེ་དགོན། ཟུང་ཆུའི་མཁར་ཡག་དགོན།   ཞང་དུར་ཕུ་ཏོའི་དགོན་དང༌།   རོང་ཆུ་ནག་ཏུ་ཙས་རི་ས་དམར་དགོན། ཁྲོ་ཆུའི་ཕྱོགས་སུ་ཀླུ་བཟོའི་དགོན།    ཁང་དམར་དགོན།   བ་འགོ་དགོན།  ས་མགོ་དགོན། ཏམ་མགོ་དགོན།  བཙན་ལྷར་སུམ་མདོ་དགོན།   མིས་ཐོ་དགོན།   ཚོ་བདུན་དགོན།  དམ་པ་དང་ཐག་ཉེ་སར་མཆོད་རྟེན་ས་དགོན་དང༌།   གྲུབ་མནོས་དགོན་སོགས་བྱུང་བ་ཡིན།     སྤྱིར་ན་གདན་ས་འདིར་ངག་དབང་གྲགས་པ་ཁོང་ཐེངས་གཉིས་ལ་ཕེབས་མྱོང་ལ།   རྗེས་མ་དེར་ཆེད་དུ་ཕེབས་ཏེ་མཁས་གྲུབ་རྗེའི་མདུན་ནས་ཐོབ་པའི་མགོན་ཆོས་འཇིགས་གསུམ་གྱི་ལས་སྦྱོར་མང་བོ་གནས་འདི་ནས་སྤེལ་ཞིང་།  མཐུ་སྟོབས་ནུས་པ་ཆེ་བའི་དཔལ་འཇིགས་མཛད་རྡོ་རྗེའི་འཕྲུལ་འཁོར་བསྐོར་ཏེ་ཆོས་ལོག་པར་རྟོགས་པ་དང་མ་རུང་སྡིག་པ་ཅན་ཇི་སྙེད་ཡོད་པ་དག་ཚར་བཅད་པར་བཤད།  

     ཁོང་ཕེབས་རྗེས་ཨ་འདུས་ཡག་འགོ་དགོན་དུ་བཞུགས་པའི་རབ་བྱུང་བ་དང་དཔོན་འབངས་ཚོས་ཁོང་གིས་གནང་བའི་རྗེ་རིན་པོ་ཆེའི་ཞལ་འདོན་དངུལ་བྲིས་རྡོ་རྗེ་གཅོད་པ།  ཕྱག་ཚ་ཚེ་དཔག་མེད།   ཕྱག་ཕྲེང་དང་སྐུ་ཤམ།    ཆོས་རྣམ།   ཕྱག་དམ་དང་ཕྱག་བྲིས།   དབུ་ལོ་སོགས་ཀྱི་རྟེན་རྣམས་འཁྱར་ཞིང་ཡལ་བར་དོག་ནས་དེ་དག་ནང་བཞུགས་ཀྱི་ཐུབ་དབང་གཙོ་འཁོར་གསུམ་གྱིས་གྲུབ་པའི་དུས་གསུམ་ལྷ་ཁང་དེང་སང་བཞུགས་པ་འདི་ཁོང་གི་མཚམས་ཁང་དང་ཉེ་བའི་སར་བཞེངས་སྐྲུན་མཛད་ཅིང་འདུ་ཁང་དང་གཙུག་ལག་ཁང་ཀོབ་ཉིས་ཆོད་ཀྱི་ཚུལ་ཏུ་སྤྱོད་པས་དགོན་པའི་རྨང་དུ་གྲུབ་པའམ་ཞོ་ཆགས་པའི་ཞོ་རྩི་ལྟ་བུར་གྱུར་བ་དང་།     ལོ་དུ་མའི་རྗེས་སུ་ངག་དབང་གྲགས་པའི་བཏབ་པའི་ཉེ་འཁོར་གྱི་ཡག་རུ་ཁའི་དགོན་པ་དང་། སོག་དུང་དགོན་པ་སོགས་དགོན་པ་ཆུང་ཆུང་སྐོར་ཞིག་དགོན་པ་འདིར་བསྡོངས་ཏེ་ཆ་ཇེ་ཚང་དུ་གྱུར།
     ཕྱིས་སུ་མདོ་སྔགས་གཉིས་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་དགའ་ལྡན་ཤར་རྩེའི་མཁན་ཁྲིར་རྣམ་དཔྱོད་གོ་ཆ་བརྟན་པོས་མངོན་པར་དབང་བསྒྱུར་བའི་མཚེ་ཤར་རྩེ་མཁན་པོ་སྐུ་ཕྲེང་དང་པོ་མཁན་ཆེན་ཆོས་ཀྱི་གྲགས་པ་མཆོག་བྱོན་པ་ནས་ད་ལྟའི་བར་སྐུ་ཕྲེང་རིམ་པས་ཐུགས་རྗེ་བརྩེ་བའི་སྟོབས་དང་ནུས་པ་ལ་བརྟེན་ནས་དགོན་པ་འདི་ཉིད་རྗེས་སུ་བཟུང་ཞིང་ཟབ་དོན་ཆོས་ཀྱི་གདམས་པ་མཚམས་མེད་དུ་བསྩལ་ཏེ་སྐྱེ་འགྲོའི་བདེ་བ་འབྱུང་བའི་གནས་གཅིག་བུ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་དར་ཞིང་གནས་བར་འབད་པ་རྒྱ་ཆེན་པོར་གནང་བ་མ་ཟད། དགོན་པའི་ཕྱིའི་འཛུགས་སྐྲུན་དང་ནང་གི་རྟེན་པ། དགེ་འདུན་པའི་འཚོ་བའི་མཐུན་རྐྱེན་དང་ཚུལ་མཐུན་གྱི་སྒྲིག་གཞི་སོགས་སྒོ་ཀུན་གྱི་ལས་སྒྲུབ་མཐའ་དག་བདག་གིར་བཞེས་པས་ཨ་འདུས་དགོན་པའི་མ་ལག་དགོན་གནས་དང་། ལྷ་འབངས་དཔོན་ཁག་བརྒྱད། འབྲོག་སྡེ་མཚེ་རུ་མ་དང་བཅས་པའི་ཆོས་སྲིད་རིག་གནས་དང་བཅས་པའི་བདག་པོའམ་སྐྱབས་དང་མགོན་དུ་གྱུར་ཅིང་། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཕྱོགས་བཅུའི་མཐའ་འཁོབ་ཀུན་ཏུ་སྤེལ་བར་མཛད་པས།  གྲྭ་ཚོགས་རྒྱས་ཤིང་དཔལ་དང་འབྱོར་བའི་རྒྱན་པའི་འདུས་སྡེ་བསྟན་པ་རིན་པོ་ཆེའི་བསྟུ་གནས་བསྔགས་འོས་པ་འདི་བྱུང་བ་ཡིན།


       མཚེ་སྐུ་ཕྲེང་དང་པོ་མཁན་ཆེན་ཆོས་ཀྱི་གྲགས་པ་ནི་ཨ་འདུས་དཔོན་ཁག་བརྒྱད་ཀྱི་ནང་ཚན་འབྲུ་ཆུ་སྡེ་བའི་ཁང་སར་མཚེ་སང་དུ་སྐུ་འཁྲུངས།  དགུང་ལོ་བཅུ་དྲུག་སྟེང་ཞབས་ཐང་དུ་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེར་ཚོགས་ཞུགས་གནང་།  སྡེ་སྣོད་འཛིན་པའི་དམ་པ་མང་བོ་ལས་གཞུང་ཆེན་སྣ་ལྔ་སོགས་ཟབ་མོ་ཆོས་ཀྱི་དགོངས་དོན་མཐའ་ཡས་པ་གསན་བཞེས་ཀྱིས་ཐུགས་གཉེར་མཐར་ཕྱིན་པས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་མཁས་མང་འདུས་པའི་དཀྱིལ་ནས་ལྷ་རམས་དམ་བཅའ་ཕུལ་ཏེ་སུས་ཀྱང་སྲ་མཁྲེགས་ཀྱི་རིགས་པའི་ལྷུན་བོར་ལུང་རིགས་གཉིས་ཀྱི་གཞོམ་བར་མ་ནུས་པས། དམ་བཅའ་བཙན་པོ་མ་ཞེས་པའི་སྙན་གྲགས་ཀྱི་པ་དན་ཕྱོགས་བཞིར་གཡོ་བར་བྱས།   ཕྱིས་སུ་དགའ་ལྡན་ཤར་རྩེའི་མཁན་ཁྲིར་ཞབས་སོར་འཁོད། སྐྱབས་རྗེ་ཁྲི་བྱང་ཆུབ་ཆོས་འཕེལ་ཚང་འཇམ་དབྱངས་སྨྲ་སང་གི་སྤྲུལ་བ་ཡིན་པ་ཁོང་གི་མཚན་ལམ་དུ་བྱུང་ཚུལ་སོགས་ཁྲི་བྱང་གི་རྣམ་ཐར་ན་བཞུགས་ཏེ། ནུབ་ཅིག་ཏུ་མཁན་པོ་ཆོས་གྲགས་སང་གི་མཚན་ལམ་དུ་ཤར་རྩེའི་ཆོས་རའི་ནང་ལ་སེང་གེ་ཞིག་ཡོང་ནས་གཡུ་རལ་མངོན་པས་ཆོས་ར་ཡོངས་རྫོགས་ཁེབས་པ་ལྟ་བུ་ཞིག་རྨིས། ཞོགས་པར་གསོས་དཔོན་ལ་ཆོས་རའི་ནང་དུ་ལྟོས་ཤིག་གསུངས།   གསོས་དཔོན་མྱིར་མོར་སོང་དེ་བལྟས་པས་བྱིས་པ་ཞིག་རྙེད།  མཁན་པོར་ཞུས་པས་ཁྲིད་ཤོག་གསུངས།  ཁོང་གི་བདག་སྐྱོངས་གནང་བས་སྐྱབས་རྗེ་ཁྲི་བྱང་ཚང་ཞེས་བསྟན་པའི་རྒྱལ་མཚན་འཛིན་པའི་སྐྱེས་བུ་དམ་པ་འདི་བྱུང་ཞེས་འཁོད།  རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་མཚན་ཞབས་མཁན་པོར་ལོ་མང་བོར་བཞུགས།  གོང་མ་ཆན་ལུང་གིས་ཀྱང་རྩི་མཐོང་མི་དམན་པ་བྱས་ཤིང་། རྒྱ་ནག་ནས་བསྐུར་བའི་གླེགས་བམ་དང་འཕྲིན་ཡིག་སོགས་ད་ལྟའང་རང་དགོན་དུ་བཞུགས། རྗེས་སུ་བླ་མས་བཀས་རང་ཡུལ་དུ་བྱོན་ཏེ་སྟོད་སྨད་བར་གསུམ་གྱི་གདུལ་བྱ་མཐའ་ཡས་བར་ཟབ་ཆོས་རྒྱ་མཚོ་ཆེན་མོར་འཇུག་པའི་ལམ་བཟང་མ་ནོར་བར་བསྟན་ཅིང་གདམས་པའི་གྲི་ཆར་ཕངས་མེད་དུ་བསྩལ། བུ་སློབ་སྐྱེས་ཆེན་མང་བོ་བྱུང་།  རྒྱལ་དབང་སྐུ་ཕྲེང་བརྒྱད་པས་ཁོང་མདོ་སྨད་དུ་བྱོན་ཁར་གདུགས་རྟ་དར་བཅུ་གསུམ་དང་མཁན་ཆས་ཆ་ཚང་། དབུ་སྔས་ཀྱི་མི་འཁྲུགས་པ་བདུད་རྩི་ཅན།  རྗེའི་དབུ་སྐྲ་གཟུངས་བཞུགས་ཅན་གྱི་སྤོས་སྐུ་དང་གནས་བརྟན་བཅུ་དྲུག་གི་ཐང་ཀ ཀློང་རྡོལ་བླ་མའི་ཆོས་རྣམ་བཞུགས་པའི་མཆོད་རྟེན་སོགས། བོད་གཞུང་གིས་ཨརྟེནེ་ནེམ་ཆི་མཁན་པོ་ཞེས་པའི་ཆོ་ལོ་དང་ཐམ་ཀ  རྒྱ་ནག་ནས་བྱུང་བའི་ཟངས་དཔར་གྱི་བཀའ་བསྟན་གླེགས་བམ་མང་བོ་གནང་བ་དེང་འདུ་ཁང་དུ་བཞུགས།  རང་དགོན་དུ་རྒྱུད་ཀྱི་བཤད་སྒྲུབ་ལ་དག་ཐེར་དཔྱིས་ཕྱིན་པ་མཛད་ཅིང་དབྱངས་དང་ཕྱག་ལེན་ཐམས་ཅད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་ཁུངས་བཅོལ།  ཆ་དགེ་སྤྲུལ་སྐུ་དཀོན་མཆོག་ཆོས་ལྡན་སོགས་ལ་སྒོ་མང་དགོན་གྱི་རྒྱུད་གྲྭ་འཛུགས་རོགས་གནང་བ་སོགས་མདོ་སྨད་ཆོས་འབྱུང་དུ་གསལ།   གཞན་རོང་ཡུལ་རྨར་ཁོག་གི་མཁར་སར་དགོན་པ་ཕྱག་འདེབས་གནང་བ་སོགས་མི་ཚེ་རིང་བོར་སངས་རྒྱས་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ལ་གཞོར་བར་མཛད།

      མཚེ་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་བསྟན་པའི་ཉི་མ་མཆོག་ནི།  རྨེའུ་སྡེའི་ཤིས་ཚང་མཁར་སང་དུ་སྐུ་འཁྲུངས།   སྐུ་གོང་མའི་ཡང་སྲིད་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པས་ངོས་འཛིན་མཛད་པ་མ་ཟད།  ཞབས་བརྟན་གསོལ་འདེབས་སོགས་ཀྱང་ལྗགས་རྩོམ་གནང་། དགའ་ལྡན་དུ་ལོ་བཅུ་གསུམ་ལ་བཞུགས་ཏེ་མདོ་སྔགས་རིག་གནས་ཀྱི་མཁས་པ་མང་བོ་ལས་གཞུང་ལུགས་ཀུན་ལ་སློབ་གཉེར་མཐུལ་ཕྱིན་པ་སྦྱངས།  དབུ་མ་དང་འདུལ་བའི་ཐལ་ཕྲེང་སོགས་ཀྱི་བཀའ་བཅུའི་མིང་རྟགས་བཞེས་ཤིང་གཞན་དྲང་མི་འཇོག་པའི་མཁས་ཚུལ་མཛད།  རབ་བྱུང་བཅུ་བཞི་བར་རང་ཡུལ་དུ་ཕེབས་ཁར།  རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་བཀའ་ཤོག་དང་མཁན་པོའི་མཚན་གནས་གནང་།   ཁོང་གི་སྐུའི་བར་ཆད་པཎ་ཆེན་རིན་པོ་ཆེས་སེལ་བ་མཚན་ལམ་བྱུང་བས་སྐུ་བསྙུན་ཡོད་པ་དྭངས།  མགོན་པོ་དཀར་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གྲོགས་བྱེད་པ་ཞལ་བཞེས་གནང་པ་སོགས་ཞལ་གཟིགས་སྣ་ཚོགས་བྱུང་། རྒྱལ་དབང་རིན་པོ་ཆེ་མཆོག་གིས་བཀའ་ཤོག་དང་མཁན་པོའི་མཚན་གནས་གནང་སྟེ་མཚེ་ཤར་རྩེ་མཁན་པོ་སྐུ་ཕྲེང་གཉིས་པ་ཞེས་སུ་གྲགས། སྐུ་གོང་མའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་ཏེ་ཆོས་སྲིད་གཉིས་ཀྱི་བསྟན་འགྲོའི་དོན་མཛད།


      མཚེ་སྐུ་ཕྲེང་གསུམ་པ་འཇམ་དཔལ་སྨྲ་བའི་ཉི་མ་མཆོག་ནི།

ཁྱོ་ཁོའི་ཁེ་ཐལ་དཔལ་དཀོམ་ཚང་དུ་སྐུ་འཁྲུངས།  སྐུ་གོང་མའི་ཡང་སྤྲུལ་དུ་ཀིརྟི་སྤྲུལ་སྐུ་ཐུབ་བསྟན་ཉི་མས་ངོས་འཛིན་མཛད།        དགེ་བའི་བཤེས་གཉེན་མང་བོའི་མདུན་ནས་རྒྱུད་ཀྱི་ཆོ་ག་དང་ཕྱག་ལེན་ལ་ཉམས་ལེན་མི་དམན་པ་མཛད་ཅིང་།    འདོད་ཆུང་ཆོག་ཤེས་སོགས་ཉམས་རྟོགས་ཁྱད་པར་ཅན་གྱི་ཐུགས་རྒྱུད་རབ་ཏུ་ཕྱུག་ཅིང་བསྐྱེད་རྫོགས་ཀྱི་རིམ་པ་དང་ཆོ་ག་ཕྱག་ལེན་ལ་དབང་ཐོབ་པ་ཞིག་ཏུ་གྱུར།    ཀིརྟི་རིན་པོ་ཆེར་དགོན་པའི་འཛིན་སྐྱོངས་ལ་ཕྱག་རོགས་གནང་བ་སོགས་བསྟན་དོན་མང་བོ་གནང་།   རྨེའུ་རུ་མའི་མདོས་སྒུལ་གྱིི་ས་རྡོ་འདྲེས་པའི་གྲུ་ཁ་ཞིག་ནས་རོང་ཚའི་གེ་འཕེན་གྱི་ཡིན་ཞེས་པའི་ལྕགས་གཞུ་ལྕགས་མདའ་དང་གྲི་སོགས་ངོས་རྫས་མང་བོ་ཞིག་གཏེར་ནས་བཏོན།    གཡུ་རྩེའི་རྫ་ལུང་གི་བྲག་ངོས་སུ་ཤིང་གི་ཕུར་བུ་བརྡབ་པ་སོགས་ངོ་མཚར་སྐྱེ་དགོས་པའི་རྟགས་མང་བོ་གནང་།    རང་དགོན་གྱི་གསང་བདེ་འཇུགས་གསུམ་སོགས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་སྤུས་ལེགས་སུ་བཏང་བ་དང་།  ཚ་ཁོ་དབོན་བོ་ངག་དབང་གྲགས་པས་བཞེངས་པའི་མདོ་སྨད་དུས་གསུམ་ལྷ་ཁང་བསྐྱར་གསོ་དང་། གཙུག་ལག་ཁང་དུ་མ་བཞེངས་པ་སོགས་དགུང་ལོ་དགུ་བཅུ་ལྷག་ལ་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད། 


     མཚེ་སྐུ་ཕྲེང་བཞི་བ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི།  རབ་བྱུང་བཅོ་ལྔ་བའི་ས་ཕག་སྤྱི་ལོ་༡༨༩༩་ལོར་ཁྱོ་ཁོ་སྨད་མའི་དཔལ་ཤུལ་ཆེ་ལྡན་སང་དུ་ཡབ་བསོད་ནམས་སྟོབས་དང་ཡུམ་ཚེ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།    སྐུ་གོང་མའི་ཡང་སྤྲུལ་ཏུ་འཇམ་དབྱངས་བཞད་པ་ཐར་འདོད་རྒྱ་མཚོས་ངོས་འཛིན་གནང་།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་སར་བཞུགས། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  མཁན་པོ་ངག་དབང་དགེ་ལེགས་དང་ལྷ་མོ་ཚུལ་ཁྲིམས་སོགས་ཀྱི་མདུན་ནས་སྡེ་སྣོད་སྤྱི་དང་དབང་ལུང་མང་བོ་གསན་བཞེས་གནང་།  མཁས་དབང་དགེ་འདུན་ཆོས་འཕེལ་དང་འཛིན་གྲྭ་གཅིག་ཏུ་བཞུགས་པར་བཤད།  འཚོགས་དབུས་སུ་བགྲོ་གླེང་ལན་མང་གནང་ཞིང་རིག་པའི་རྣམ་དཔྱོད་ཀུན་གྱིས་འགྲན་ཟླ་དང་བྲལ་བས་ཟུར་གནས་མཁས་དབང་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། སོག་པོ་དང་ཚ་གན་བེ་ཤིང་དགོན་པ་སོགས་ཀྱི་ཁྲི་བར་བཞུགས་ནས་བསྟན་དང་འགྲོ་བའི་དོན་མཛད།   སྐུ་གོང་མ་རྣམས་ཀྱི་འགྲོ་ལུགས་ལྟར་དབུས་སུ་ཕེབས་ནས་དགའ་ལྡན་ཤར་རྩེར་ཆོས་ཞུགས་མཛད་ཅིང་གཞུང་ལུགས་ཀུན་ལ་སྦྱངས་བ་ལྷོད་མེད་གནང་།   གྲལ་སྐོར་མིང་རྟགས་དང་པོ་ཐོབ་པ་དང་མཁན་པོའི་མཚན་ཡང་བཞེས།   ཕྱིར་རང་དགོན་དུ་ཕེབས་ཏེ་ཆོས་སྲིད་གཉིས་ཀྱི་ལམ་ནས་དགོན་པ་བདག་སྐྱོང་གནང་བ་དང་།  མཚེ་རུ་མའི་དགོན་པ་ཉམ་ཆགས་སླར་གསོ་བཏང་ཞིང་རྒྱུད་སྡེ་བཞིའི་སྒྲུབ་མཆོད་ཀྱི་རྨང་བཏང་ཞིང་གཞི་རྒྱ་ཆེ་རུ་སྐྲུན།  དུས་འགྱུར་སྐབས་ཏེ་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ལོར་རྔ་ཡུལ་དུ་རྒྱའི་ཁྲིམས་འོག་ནས་སྐུ་གཤེགས། 

ཨ་འདུས་བུ་སྨྱོན་གྱིས།

༢༠༡༧ལོའི་ཟླ༢པའི་ཚེས༢༨ཉིན་སྤེལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བློ་བཟང་རྒྱ་མཚོ། སྤེལ་དུས:2018/1/6
དྲྭ་བདག་ཁཱ་ཤེས་རབ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
44178467
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1