གྲང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »གྲང་བ།
གྲང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/12/21ལྟ་ཀློག (2358)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲང་བ།

དགྲ་ཟོར།  གསེར་རྟ།
       (སློབ་གྲོགས་ཚོས་ངག་ནས་རྒྱུན་དུ་ཚོར་ཐུབ་པ་ནི་“ཨ་ཆུ་ད་ལོའི་དགུན་ཁ་འདི་ཅི་འདྲའི་གྲང་བ་ལ། ”ཟེར།  ངའི་ནང་སེམས་ད་ལོའི་དགུན་ཁ་ལས་ཀྱང་གྲང་བར་འདུག )

དེ་རིང་ནི་སྤྱི་ལོ་༢༠༡༧.༡༡.༡༣རེད།  ད་ལྟའི་བར་དུ་ང་རང་འཇིག་རྟེན་འདིར་སྐྱེས་ནས་ལོ་ཡི་འཁོར་མོ་བཅོ་བརྒྱད་འགོར་ལ་ཉེ་ཞིང་།  ཉིན་ཞག༦༤༨༠དང་དུས་ཚོད༨༠༠༤༥ལྷགས་རླུང་གི་འབྱུང་བར་ཐིམ་ཟིན།

      དུས་ཚོད་ནི་སྤར་ནང་དུ་བསྡམ་པའི་ཕྱེ་མ་ཇི་བཞིན་ཅི་ཙམ་ཤོར་དོགས་ཀྱིས་བསྡམས་པ་དེ་ཙམ་གྱིས་མཛུབ་བར་ནས་ཟགས་འགྲོ་བས་ད་ནི་ཐོབ་པ་ཉུང་ལ་ཤོར་བ་མང་བའི་མི་ཚེ་གཅིག་གི་དུས་ཚོད་ཀྱི་མཚམས་འདིར་སླེབས་དུས་ང་ལ་ཚེ་ནོམ་དུ་བསྒོམ་ཆོག་པ་གང་ཡང་མི་འདུག་པས་ངའི་ནང་སེམས་ཀྱི་ཟབ་ས་རུ་བཟོད་བསྲན་ལས་བརྒལ་བའི་གྲང་འདར་ཡང་ཡང་རྒྱག   མི་ཚེ་གཅིག་གི་གོ་རིམ་ཁྲོད་ཧ་ཅང་དྭངས་གཙང་ལྷད་མེད་ཀྱི་རྣམ་དཔྱོད།   སེམས་ཁམས།  རེ་བ་རྨི་ལམ། དེ་དག་རེ་རེ་བཞིན་དུས་ཚོད་ཀྱི་གཙང་བོས་ཁུར་སོང།  གཏན་དུ་ཕྱིར་ལྡོག་མི་སྲིད་པའི་རྒྱང་རིང་ཞིག་ཏུ་ཁུར་ཟིན།    བློ་འགྱོད།  ཕངས་སེམས།  ཡི་ཆད།  འཁང་ར་སོགས་ཀྱིས་བསྟུད་མར་ལུས་སེམས་ལ་འདྲི་གཅོད་མང་དུ་བྱས་འོང་ཞིང་། དྭངས་གཙང་ལྷད་མེད་ཀྱི་བྱིས་དུས་ནི་གཙང་བོ་ཇི་བཞིན་མིག་ལྡེབ་དབང་ཙམ་གྱིས་རྒྱང་དུ་བཞུད་ཟིན།

     ལོ་ཟླའི་ཆུ་བོ་ནི་སྐད་ཅིག་སྐད་ཅིག་གིས་མ་འོངས་པའི་རྒྱ་མཚོ་ཆེན་པོ་དེའི་ནང་དུ་བཞུར་རྗེས་དེ་རིང་དེ་རིང་ཟེར་བ་ནི་མི་འདོད་བཞིན་འདས་ཟིན་པའི་རྡོ་བ་སྐམ་པོ་རེ་རེར་གྱུར་འགྲོ་ཨང་།  ཡུན་ཐུང་བའི་ཚེ་སྲོག་གི་འཚོ་སྐལ་འདི་ཉིད་བལྟས་བལྟས་རིག་རིག་ལ་ལག་མཐིལ་གྱི་ཕྱེ་མ་ནང་བཞིན་སྐད་ཅིག་སྐད་ཅིག་གིས་ཟགས་འགྲོ་བས་ཆེས་མཐའ་མཇུག་གི་མི་ཚེའི་ལམ་བུར་སླེབས་ཚེ་འདས་དྲན་སེམས་ནད་ཀྱི་ངོ་བོར་མི་འགྱུར་བའི་ངེས་པའང་མེད།

    “མཛེས་སྡུག་གི་མ་འོངས་པ་ནི་བསྒུགས་ནས་ཡོང་རྒྱུ་ཞིག་མ་ཡིན་པར་དེ་ནི་རང་ཉིད་ཀྱིས་བསྐྲུན་དགོས་པ་ཞིག་གོ”ཞེས་པའི་གསུངས་ཚིག་དེ་ངས་རྒྱུན་པར་སེམས་ལ་དྲན་ཡོང་ཞིང་། དེ་དང་མཉམ་དུ་རང་གི་འདས་སོང་གི་ལོ་དང་ཟླ་བ་རེ་རེ་བཞིན་ཡིད་ལ་ཤར་ཡོང་།

     ད་ལྟ་མཚན་མོའི་དཀྱིལ་དུ་སླེབས་ཟིན།   མལ་ཁང་དུ་རིང་ཐུང་མི་སྙོམས་པའི་སྔུར་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་འཐེན་གྱིན་འདུག  སློབ་གྲྭའི་ཁོར་ཡུག་ལ་དུས་ཚིགས་ཀྱིས་བསྐྱུར་བའི་ལོ་མ་སེར་པོ་དག་ཞེན་ཆགས་དང་བཅས་ཁ་བ་ལྷན་དུ་ས་རུ་འབབ་ཀྱིན་འདུག སྟོང་འདང་གང་རུང་གི་ཁྲོད་ནས་དུས་ཚོད་ཀྱི་བྲེལ་རྔམས་མཐོང་དུས།  དྲན་པ་མང་བོ་དགུན་གྱི་བུ་ཡུག་བཞིན་འཚུབ་ཡོང་།  མལ་གྲོགས་དག་གི་སྔུར་སྒྲ་དང་རྨི་ལམ་ལས་འཚུབ་ཡོང་། གྲང་ངར་གྱིས་གནམ་ས་རྒུལ་བའི་སྟོན་མཇུག་གི་ནམ་ཟླ་ནི་གྲང་བའི་འཇིག་རྟེན་གང་གི་དོ་ཟླར་འོང་ཐུབ་པ་འདྲ་ལ།  ལོ་ཟླས་མནར་བའི་བགྲེས་པོ་ཞིག་གི་ངོ་གདོང་ཇི་བཞིན་ཧ་ཅང་མི་སྡུག་པའི་ཉམས་ཀྱིས་ཕྱུག་པའི་སྟོན་མཇུག་གི་ས་མཐོའི་སྒལ་གཞུང་འདི་ནས་ཧ་ཅང་ལྷིང་འཇགས་ཀྱི་མཚན་མོ་གྲངས་མེད་ཞིག་འདི་ལྟར་ཤེས་མེད་ཚོར་མེད་ངང་བུད་སོང་།  སློབ་གྲྭའི་ལོ་ངོ་མང་པོ་ཟིག་འདི་ལྟར་ལྷིང་འཇགས་ཀྱི་ངང་ནས་འདས་སོང་། བྱིས་དུས་ཀྱི་དུས་ཚོད་དང་རེ་བ་མཐའ་དག་འདི་དང་འདི་བཞིན་དུས་ཚོད་ཀྱི་ལྕེབ་ཐག་ངོས་ནས་རེ་རེ་བཞིན་ཧ་ཅང་ལྷིང་འཇགས་ཀྱི་ཉམས་དང་བཅས་བཞུད་སོང་།

     བར་སྐབས་འདིར་ངས་ལྷིང་འཇགས་ཞེས་པའི་ཐ་སྙད་འདིའི་ངོས་གཞན་པ་དེ་མཐོང་ཡོང་ཞིང་དེ་དང་ལྷན་དུ་སེམས་པའི་ངོས་གང་རུང་ཞིག་ལ་ཁབ་ཀྱིས་གཙབ་པ་ལྟ་བུའི་ན་ཟུག་ཀྱང་རང་དབང་མེད་པར་སྐྱེས་ཡོང་། ང་ཚོ་གདོད་མ་ནས་ལྷིང་འཇགས་ལ་གོམས་དྲག་པས།   ད་ལྟ།  ལྷང་འཇགས་ནི་ང་ཚོའི་མི་ཚེ་སྐྱེལ་སྟངས་ཡག་ཤོས་ཤིག་ཏུ་གྲུབ་འདུག

    དུས་ཚོད་ཀྱིས་མི་ཚེ་མངོན་ལྐོག་གཉིས་ནས་ཟ་བཞིན་པ་དང་ང་ཚོས་དེ་ལ་ཐོབ་འོས་པ་མང་པོ་ཞིག་བལྟས་བལྟས་རིག་རིག་ལ་ཤོར་དུ་བཅུག་ཅིང་འཇུག་བཞིན་པ་དོན་ངོ་མར་ང་ཚོས་ཚོར་གྱིན་མེད་པ་ཡིན་ནམ།  ཚོར་ཀྱང་དེ་དག་སྣང་མེད་དུ་བསྐྱུར་བཏང་བ་རེད།   ང་ཚོའི་ལྷིང་འཇགས་ནི་འུར་ཟིང་ལས་ལོགས་སུ་གྱུར་བ་དེ་མ་རེད།

     ད་ལྟ་ངས་རང་ཉིད་འཕྱི་དྲག་པ་དྲན་ཚེ།  ཡོད་ཚད་རང་དབང་ན་མི་འདུག   ངའི་མི་ཚེའི་མགོ་བོ་སྔོན་ནས་བོར་ཟིན་པས་ད་ལྟ་ངས་གང་ནས་མགོ་རྩོམ་དགོས་པའང་དྲན་གྱི་མི་འདུག  ད་ལྟ་ངས་འདས་ཟིན་ལ་འབྲེལ་ཐག་བཅད་དེ།  བློ་འགྱོད་དང་ཕངས་སེམས་རླུང་ལ་སྤུར་ནས།  རང་ཉིད་ལ་དབང་བའི་འཚོ་བ་ཞིག་ཇི་ལྟར་རོལ། བར་སྐབས་འདིར་ཕྱི་རོལ་ཏུ་ཁ་བ་བབ་བྱུང་། ཁ་བ་སེམས་པའི་ནང་ལ་བབ་བྱུང་།

2017-11-12ཉིན་སློབ་གླིང་ནས་བྲིས།  2017-12-21བཅོས།


དངོས་མིང་།   མི་སེར།
མིང་གཞན།   དགྲ་ཟོར།
སྐྱེས་ལོ།   1999ལོར་གསེར་རྟའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས།
ད་ལྟའི་གནས་ཚུལ།  2015ལོ་ནས་སྙན་ངག་འབྲི་བའི་ལམ་ཁར་ཞུགས།  སྔ་ཕྱིར་བོད་ཀྱི་དྲྭ་ཚུགས་ཁག་དུ་མར་སྙན་ངག་མང་པོ་བཀོད་མྱོང་།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41755739
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1