ནས་ཤོད་མགར་ར་ཚང་ནི།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ནས་ཤོད་མགར་ར་ཚང་ནི། གོ་ལ་ཟླུམ་པོའི་གཙུག་ཏུ་མི་ཡི་འགྲོ་བ་བྱུང་ནས་དུས་གང་འཚམས་ཤིག་སོང་བ་ན། མི་ཉག་བཞག་ར་ལྷ་རྩེར་འོད་གསལ་ལྷ་ཡི་ཡུལ་ནས་མགར་གནམ་ཚ་འབྲུག་རྗེ་ཕེབས་པ་དང་། དེའི་རྒྱུད་པ་རིམ་པར་བྱུང་བ་ལས་མགར་གྱི་མི་རྒྱུད་བྱུང་སྟེ་འཛམ་གླིང་ན་སྙན་པ་འབར་བའི་མགར་སྟོང་བཙན་སོགས་མི་སྣ་གྲགས་ཅན་དུ་མ་བྱུང་བ་ནི་སྨོས་མ་དགོས་ལ། མི་རྒྱུད་དེའི་མངའ་ཐང་དང་སྟོབས་འབྱོར་གྱིས་བོད་ཁམས་ཡོངས་སུ་ཁྱབ་པ་དང་ལྷན་དུ་མི་རྒྱུད་ཀྱང་འཕེལ་རྒྱས་སུ་ཕྱིན་ཏེ་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། ཁྱད་པར་དུ་མགར་བསོད་ནམས་རྒྱ་མཚོའི་སྲས་མགར་ཡེ་ཤེས་རྒྱ་མཚོ་དང་མགར་ཆོས་ལྡིང་པ་གཉིས་བྱུང་བ་ལས་ཆོས་ལྡིང་པ་ཁམས་སུ་ཕེབས་པ་དང་ཉེ་གནས་སུ་སྔ་མའི་སྲས་མགར་ཨ་མྱེས་དགེ་བ་དཔལ་གྱི་བུ་ལྷ་རྗེ་བྱམས་པ་དཔལ་ཁམས་སུ་ཕེབས་ཆོས་ལྡིང་པར་ཞབས་ཏོག་མང་དུ་ཞུས། དེའི་སྲས་ཆེ་བ་ཨ་མྱེས་རྡོ་འབྱོར་ཞེས་སྨན་པ་ཆེན་པོ་ཞིག་བྱུང་དེ་ཁམས་ནས་ཤོད་དུ་གཞིས་ཆགས། བཙན་པོའི་སྐུ་ལྷ་མདོ་ཁམས་སྐུ་རྒྱལ་གྱི་རི་མགོར་གསས་མཁར་བརྩིགས། སྨན་གྱིས་ཕན་ཐོག་ཆེན་པོར་བྱུང་བར་བརྟེན་མགར་བློན་ཚང་ཞེས་ཐམས་ཅད་ཀྱིས་གཙུག་ཏུ་བཀུར། ཡུལ་ཕྱོགས་ཀྱི་མི་ཐམས་ཅད་ཀྱིས་སྔོ་སྨན་ངོས་འཛིན་ལ་མཁས་པ་བྱུང་བས་དེའི་དབང་གིས་ད་ལྟ་ཡང་ཁམས་ནས་ཤོད་ཀྱི་མི་རྣམས་སྨན་ངོས་འཛིན་པ་ལ་མཁས་པ་བྱུང་།
དེའི་སྲས་མགར་འོ་རེད་ཁ་སོགས་ཀྱི་སྐབས་སུ་སྟོབས་འབྱོར་ཤིན་ཏུ་རྒྱས། རྟ་བདག་གཉེར་བྱེད་མཁན་འདབ་དུད་དང་ནོར་ལུག་གཞན་དག་བདག་གཉེར་བྱེད་མཁན་བཅས་སོ་སོར་ཡོད་པ་ཡང་། ངག་རྒྱུན་ལས་བྱུང་ཞིང་། རྟ་བདག་གཉེར་བྱེད་སའི་གནས་དེར། མགར་གྱི་རྟ་ར་ཁ་ཞེས་ད་ལྟའི་ཆར་ས་མིང་དུ་གྱུར་ཡོད་ལ། ནོར་བུའི་རིགས་ལ། རྡོ་ནག་ལས་གྲུབ་པའི་འཛམ་བྷ་ལྷ།ཁྲི་དཔོན་གྱི་ཐམ་ག་སེང་མགོ་མ། མ་ན་ཧོ་ཡི་ཏོགམགར་གྱི་ཁྲ་རིང་།
རལ་གྲི།ཐུབ་སྐུ་རྡོར་གདམ་མ། གུ་རུའི་གནམ་ལྕགས་རྡོ་རྗེ་སོགས་སྲིད་ན་དཀོན་པའི་དངོས་པོ་མང་དུ་ཡོད་པར་མ་ཟད་ས་གནས་དེའི་རི་རྩེར་མགར་གྱི་གསས་མཁར། གཞུང་དུ་མགར་གྱི་རྒྱ་མཁར་དང་ཚྭ་ཁང་། དེ་བཞིན་དུ་ཞིང་ཁ་སོགས་ལ་མི་མིང་ས་ལ་ཐོག་པ་ཧ་ཀྱང་མང་ཞིང་། མགར་གྱི་ཁྲ་རིང་དང་རལ་གྲི་སོགས་ནང་ཆེན་རྒྱལ་པོ་དམགས་ལ་ཕེབས་སྐབས་གཡར་དགོས་ཞེས་རྒན་པ་དག་གི་ངག་ལས་ཐོས། དེའི་མི་རྒྱུད་ལས་མགར་ཀརྨ་ཚོང་པར་གྱུར་ཏེ་ཟི་ལིང་སོགས་ས་གནས་ཁག་ནས་ཚོང་ལས་གཉེར་བ་དང་། དེའི་བུ་རྒྱུད་ལ་མགར་ཀར་དགེ་དང་མགར་ཚེ་རིང་། མགར་རྒྱ་མཚོ་རྡོར་དབང་སོགས་རིམ་པར་བྱུང་བ་ཡིན་ནོ།།
མགར་ཚང་སྡོད་གནས།
མགར་ཚང་གི་གཞིས་ཤུལ།
བཙན་པོའི་སྐུ་ལྷ་མགར་གྱི་བླ་རི་མདོ་ཁམས་སྐུ་རྒྱལ་དང་རི་རྩེར་ཡོད་པའི་མགར་གྱི་སྲས་མཁར་རྙིང་བའི་རྗེས་ཤུལ་སོགས་ད་ལྟ་མཐོང་དུ་ཡོད་པ་ལགས།
|