2019ལོའི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འགྲུལ་བཞུད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »2019ལོའི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འགྲུལ་བཞུད།
2019ལོའི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འགྲུལ་བཞུད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/11ལྟ་ཀློག (35251)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


2019ལོའི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འགྲུལ་བཞུད་ས་ཁྲ།

དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་།

寺院文化研究小组

Cooperative Research lnstitute For Monastery Education

2019/7/17--2019/7/28

མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དཔལ་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་དུ་ཕེབས་པ།

ས་གནས་དད་ལྡན་པའི་རེ་བ་ཆོས་བཞིན་སྐོང་བཞིན་པའི་ཟུར་ཙམ།

མགོ་ལོག་བླ་མ་སྐུ་ཕྲེང་གསུམ་པ་༧སྤྲུལ་བསམ་པ་ལྷུན་འགྲུབ་ཀྱིས་དགོན་སྡེའི་སྒྲིག་འཛུགས་སོགས་ངོ་སྤྲོད་གནང་བཞིན་པ།

༄༅། །མགོ་ལོག་ཁང་སར་ཇོ་ནང་དགོན་ངོ་སྤྲོད་མདོར་བསྡུས།

久冶县:康赛寺

      དེ་ཡང་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་འཛིན་པའི་ཆོས་སྡེ་ཆེན་པོ།  མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དཔལ་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་འདི་ནི།  ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་སུ།  །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་སྡེ་འབྱུང་།  ། ཞེས་ལུང་བསྟན་པ་བཞིན།  སྤྱི་ལོ་(1865)ལོར་མགོ་ལོག་བླ་མ་བློ་བཟང་རྒྱ་མཚོ་མཆོག་གིས་ཡུལ་དགའ་མདོ་བཀྲ་ཤིས་ཐང་དུ་དགོན་འདི་ཕྱག་བཏབ་གནང་སྟེ།  གསར་རྙིང་ཇོ་གསུམ་གྱི་ཆོས་སྒར་རྣམས་ལོ་ཁ་ཤས་ལ་མཉམ་དུ་འཚོགས།  དེ་ནས་སྐྱབས་རྗེ་ལྷུན་གྲུབ་རྒྱ་མཚོ།  ཨ་སྐྱོང་རྒྱ་བླ་མ་སང་།  རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན།  རི་ཤུལ་མཁན་པོ་སངས་རྒྱས་འོད་ཟེར།  འཇའ་བླ་ཤེར་དབང་།  མགོ་ལོག་བླ་མ་བློ་གྲོས་བཟང་བོ།  མགོ་ལོག་མཁན་པོ་ཐར་ལམ།  བོ་བླ་མ་ཆོས་གྲགས།  ཧོར་བླ་མ་ལུང་རྟོགས།  ཐང་བླ་དོན་ལྡན་སོགས་ཀྱིས་རིམ་བཞིན་དགོན་འདི་བསྐྱངས།  དེ་ནས་དུས་དབང་གིས་བསྟན་པ་སྤྱི་ལ་ཉམས་རྒུད་ཚབ་ཆེན་ཐེབས་པ་ལྟར་དགོན་འདིར་ཡང་ཆགས་འཇིག་ཆེན་པོ་བྱུང་། 

       སྤྱི་ལོ་(1982)ཡས་མས་ནས་ད་ལྟའི་ས་ཆ་འདིར་དགོན་སྡེ་འདི་གསར་བཞེངས་བྱེད་པའི་འགོ་བརྩམས་ཏེ།  ཧོར་བླ་ཀུན་རྟོགས་དང་།  གླིང་བླ་གསལ་བཟང་གཉིས་ཀྱིས་ཐུགས་འགན་གཙོ་བོ་བཞེས།  བླ་མ་གཙང་བའི་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་དང་།  རྔ་སྟོད་རྩི་ནང་དགོན་གྱི་སྨྱུང་གནས་བླ་མ་མཁས་བཟང་རིན་པོ་ཆེ།  མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད།  རྡོ་རྗེ་འཆང་བླ་མ་ཤེས་རབ་བཟང་སོགས་ཀྱིས་ལོ་དུ་མར་དུས་འཁོར་སྦྱོར་དྲུག་གི་ཁྲིད་དང་།  དབང་ལུང་མན་ངག་སོགས་གནང་།  དེ་ནས་སྔོན་གྱི་ལུང་བསྟན་བཞིན་༧མཆོག་སྤྲུལ་འགྱུར་མེད་རྒྱ་མཚོ་ཁོང་ཉིད་རྡོ་རྗེ་སློབ་དཔོན་གྱི་ཁྲི་ལ་མངའ་གསོལ་མཛད་པ་ནས་བཟུང་སྤྲུལ་རིན་པོ་ཆེ་ཁོང་གིས་ད་བར་དུ་དགོན་འདི་ཆོས་སྲིད་གཉིས་ཆར་ནས་བཀའ་དྲིན་བླ་ན་མེད་པས་བསྐྱངས་དང་སྐྱོང་བཞིན་ཡོད། 

       སྤྱི་ལོ་(2010)ལོར་དགོན་འདིར་ཇོ་ནང་གཞན་སྟོང་བགྲོ་གླེང་སྐབས་ལྔ་བའི་ཆོས་ཚོགས་ཆེན་མོ་འཚོགས།  སངས་རྒྱས་བསྟན་པའི་གཞི་རྩ་འདུལ་བ་གཞི་གསུམ་གྱི་ལག་ལེན་གཙོ་བོར་བཟུང་ནས་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་འབད་པ་དང་།  བསྟན་པ་དང་འགྲོ་བའི་བདེ་སྐྱིད་ལ་ཕན་པའི་ཆེད་དུ་རྒྱུད་སྡེ་དུ་མའི་སྒྲུབ་མཆོད་དང་།  སྤྱིའི་རིམ་གྲོ་འཚོགས་པ་སོགས་མང་ཚོགས་ཀྱིས་རེ་བ་སྐོང་ཅི་ཐུབ་བྱེད་བཞིན་ཡོད། 
དགོན་འདི་གཙོ་བོ་ཆོས་གྲྭ་གསུམ་གྱིས་གྲུབ་པ་སྟེ། 
       ༈  སྒྲུབ་གྲྭ་གསང་སྔགས་བདེ་ཆེན་འོད་གསལ་གླིང་ནི།  སྤྱིར་རྒྱལ་བ་ཇོ་ནང་བ་ནི་དཔལ་དུས་ཀྱི་འཁོར་ལོའི་ཐུན་མིན་གྱི་ཆོས་བཀའ་ཟབ་མོའི་བཀའ་བབ་ཡིན་ཕྱིར།  ཇོ་ནང་བའི་དགོན་པ་ཐམས་ཅད་ལ་ལོ་གསུམ་གྱི་དུས་བཅད་ལྟར་དུས་འཁོར་སྦྱོར་དྲུག་ཉམས་ལེན་བྱེད་པའི་སྲོལ་ཡོད་པ་བཞིན།  དགོན་འདིར་ཡང་ཕལ་ཆེར་དགོན་པ་ཆགས་པ་དང་མཉམ་དུ་སྦྱོར་དྲུག་ཚུགས་པ་ཡིན།  གོང་དུ་ཞུས་པ་ལྟར་བླ་མ་སྔོན་མ་རྣམས་དང་།  རྡོ་རྗེ་སློབ་དཔོན་སྤྲུལ་འགྱུར་མེད་རྒྱ་མཚོ་ཁོང་གིས་སྦྱོར་དྲུག་གི་ཉམས་ཁྲིད་དང་།  དབང་ལུང་སོགས་གནང་བ་ཡིན།  ད་བར་དུ་སྦྱོར་དྲུག་གི་ཆོས་ཚན་བཅུ་བཞི་ཙམ་སོང་ཡོད།
      ༈ བཤད་གྲྭ་མདོ་སྔགས་ཐོས་བསམ་གླིང་ནི།  དགོན་འདིའི་ཚོགས་ཆེན་ཁྲི་བ་ཀུན་དགའ་ལྷ་དབང་གྲགས་པ་དང་།  དགེ་རྒན་བློ་གྲོས་རྣམ་པ་གཉིས་ཀྱིས་འགན་གཙོ་བོ་བཞེས་ཏེ་སྤྱི་ལོ་(1994)ལོར་གསར་དུ་དབུ་བརྙེས། (1997)ལོར་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་ནས་༧མཁན་རིན་པོ་ཆེ་ཀུན་དགའ་ཆོས་བཟང་རྒྱ་མཚོ་གདན་དྲངས་ཏེ་བགྲང་བྱ་བཅུ་ལྷག་གི་བར་དུ་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ཆེན་མོ་དག་དང་།  ཁྱད་པར་དུ་རིང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་ལ་ཐོས་བསམ་ལེགས་པར་བྱས་ཏེ་རྨང་གཞི་ལེགས་པར་ཆགས། 
      ༈ སློབ་གྲྭ་འཇིགས་མེད་ཤེས་རིག་དར་རྒྱས་སློབ་གླིང་ནི།  མགོ་ལོག་བླ་མ་སྐུ་ཕྲེང་གསུམ་པ་༧སྤྲུལ་བསམ་པ་ལྷུན་འགྲུབ་ཀྱིས་སྤྱི་ལོ་(2010)ལོར་གསར་དུ་བཙུགས་པ་སྟེ།  སྦྱང་བྱ་གཙོ་བོ་དགོན་པའི་ཆོ་ག་ཆོས་སྤྱོད་དང་།  རྡུང་ཕྱག་ལེན།  བཅའ་འབུད་གར་ཐིག  སུམ་རྟགས་དག་གསུམ།  ཡིག་གཟུགས་སྣ་ཚོགས།  བསྡུས་གྲྭ།  སྙན་ངག  རྩིས་དཀར་ནག  རྒྱ་ཡིག་སོགས་ཡིན་ལ།

     སྤྱི་ལོ་(2010)ལོ་ནས་མགོ་ལོག་ཁང་སར་ཡུལ་གྱི་གསར་རྙིང་ཇོ་གསུམ་གྱི་དགོན་ཁག་གསུམ་མཉམ་འབྲེལ་གྱིས་སློབ་གྲྭ་གསུམ་གྱི་སྦྱང་གཞི་གཅིག་གྱུར་དང་།  ལོ་མཇུག་གི་རྒྱུགས་ཆེན་སོགས་གཅིག་མཐུན་ཏུ་ལེན་རྒྱུའི་སྲོལ་བཟང་བོ་ཚུགས་ཏེ།  མཐུན་གསུམ་བྱང་ཆུབ་ལོ་མ་ཞེས་མིང་བཏགས་པ་བཞིན་དོན་དང་མཐུན་པའི་འཕེལ་རྒྱས་ལ་འགྲོ་བཞིན་ཡོད། 

གཅིག་སྒྲིལ་ཁང་སར་སྟག་ལུང་དགོན་དུ་མཇལ་བ།

དགོན་པའི་མིང་

ཁང་སར་སྟག་ལུང་དགོན་ཀ་དག་སྤྲོས་བྲལ་གླིང་ནི་གྲུབ་མཐའ་སྔ་འགྱུར་རྙིང་མ།

ཆོས་རྒྱུན་དཔལ་ཡུལ་བ།

ཕྱག་འདེབས་མཛད་པ་པོ་མཆོག་སྤྲུལ་བསྟན་པའི་དབང་ཕྱུག

 སྡོད་གནས།

མཚོ་སྔོན་མགོ་ལོ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་ཡིན། རྫོང་མཁར་གྱི་ཤར་ཕྱོགས་སྤྱི་ལེ་༧གྱི་འཚམ་གསའི་སྟག་ལུང་གོང་མ་ན་ཆགས་ཡོད།  དགོན་པའི་རྒྱ་ཁྱོན་ལ་སྨིད་གྲུ་བཞི་མ་༡༠༠༠༠༣་༣༣ཡོད།

      ཁང་སར་སྟག་ལུང་དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རྙིང་མའི་ཆོས་རྒྱུན་འཛིན་པའི་འདུལ་དགོན་ཞིག་ཡིན་ཞིང་། སྤྱི་ལོ་༡༩༨༣ལོར་དབོན་སྤྲུལ་བསྟན་པའི་དབང་ཕྱུག་རིན་པོ་ཆེས་ཕྱག་བཏབ་གནང་ཞིང་།  སྤྱི་ལོ་༡༩༨༥ལོར་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཚད་ལྡན་ཉིད་དུ་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ། དེ་ནས་སྤྱི་ལོ་༡༩༩༠ལོར་བཤད་གྲྭ་ལྔ་རིག་གཞན་ཕན་སློབ་གླིང་དང་། སྒྲུབ་གྲྭ་འོད་གསལ་ཆོས་ཉིད་གླིང་གཉིས་དབུ་བཙུགས་གནང་བ་དང་། སྤྱི་ལོ་༡༩༩༥ལོར་རྣམ་ཐར་གྲྭ་ཚང་སློབ་ཞོར་ཟློས་གར་ཚོགས་པ་བཙུགས། སྤྱི་ལོ་༢༠༠༤ལོར་རིག་གནས་སློབ་གྲྭ་མི་ཕམ་ཤེས་རིག་དར་རྒྱས་ཆོས་གྲྭ་གསར་འཛུགས་མཛད་ཅིང་། ཆོས་སྡེ་འདི་ནི་བཤད་སྒྲུབ་ཀྱི་གྲྭ་དེ་གསུམ་གྱིས་གྲུབ་ཅིང་ད་ལྟའི་བར་བསྟན་པའི་ནང་མཛོད་སྤོང་ཀློག་གཉིས་ལྡན་དང་། བསྟན་པའི་མཛེས་རྒྱན་རྟེན་བཞེངས་ལས་ཀྱི་འཁོར་ལོ་དང་བཅས་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་ཡིན།  སྤྱི་ལོ་༢༠༡༧ལོ་ནས་དགོན་བདག་མཆོག་སྤྲུལ་ཚུལ་ཁྲིམས་བཟང་བོ་ཡིན་ལ། དགོན་པར་གྲྭ་བཙུན་༡༤༡ཡོད། སྤྱི་ལོ་༢༠༡༢ལོར་དགོན་སྡེ་དཔྱད་བསྡུར་ཁྲོད། ཞིང་ཆེན་ཡོངས་ཀྱི་རིམ་པ་དང་པོའི་དགོན་སྡེའི་ནང་དུ་བདམས་ཐོན་བྱུང་ཡོད།

མདོ་ལྷོ་གཙོས་དགའ་ལྡན་ཆོས་གླིང་དགོན་པར་མཇལ་བ།

གཙོས་སྲས་མཁར་དགུ་ཐོག

米拉日巴佛阁

      དེ་ཡང་བྱིན་རླབས་ཀྱི་གཏེར་ཆེན་པོ་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོའི་ལོ་རྒྱུས་རགས་བསྡུས་ཙམ་འགོད་པ་ལ། དགའ་ལྡན་གསེར་ཁྲི་ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེའི་གདན་ས་ཀན་ལྷོའི་གཙོས་དགོན་དགའ་ལྡན་ཆོས་གླིང་འདིར་སྔོན་ཆད་སྲས་མཁར་དགུ་ཐོག་ལྷ་ཁང་ཆེན་མོ་བཞེང་རྒྱུའི་རྟེན་འབྲེལ་དུ། མི་ལ་གཉིས་པ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སྔོན་ཆད་ཕྱོགས་འདིར་བྱོན་སྐབས། ཁོང་གི་ཐུགས་དམ་གྱི་རྟེན་རྗེ་མི་ལ་རས་པའི་སྐུ་གསུང་འབྱོན་མ་དེ། ཉིད་ཀྱི་དངོས་སློབ་འབེ་ཤེས་རབ་མཆོག་ལྡན་ལ་གནང་ཞིང་། ཕྱིས་སུ་དམ་པ་དེས་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་རབ་བྱུང་བཅུ་གཅིག་པའི་ས་རྟ༼སྤྱི་ལོ1678༽ལོར་དགོན་འདིར་རྟེན་དེ་ནང་བཞུགས་ཀྱི་རྗེ་མི་ལའི་སྐུ་འབུམ་ཆེན་པོ༼ལྷ་ཁང་ཆུང་བ༽ཞིག་བཞེང་རྒྱུའི་སྦྱོར་བ་བརྩམས་ཏེ་རྨང་གཞིའི་ས་སློག་པ་ན། ལྷོ་བྲག་མར་བའི་ཐུགས་སྲས་རྗེ་མི་ལ་རས་པའི་ཐང་ག་ཞིག་དང་། དུང་དཀར་གཡས་འཁྱིལ་གཅིག་བཅས་ས་འོག་ནས་རྙེད་པ་དང་། ནམ་མཁར་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་།

      དེའི་ཕྱིས་སུ་ཤོ་བ་རིན་པོ་ཆེའི་སྤྲུལ་སྐུ་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱིས་ཀྱང་ཁོང་རང་ཉིད་ཀྱི་ཐུགས་དམ་རྟེན་གཙོ་རྗེ་ལྷོ་བྲག་མར་བའི་སྐུ་རང་བྱོན་ཞིག་བཞུགས་པའང་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་སྐུ་འབུམ་ཆེན་མོ་དེའི་ནང་རྟེན་དུ་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་བྱ༼སྤྱི་ལོ1777༽ལོར་རྗེ་མི་ལ་རས་པའི་རྣམ་སྤྲུལ་བློ་བཟང་དར་རྒྱས་སམ་ཆོས་དབྱིངས་རྡོ་རྗེ༼མཚན་གཞན་བླ་མ་རྗེ་བཙུན་པ་ཡང་ཟེར༽དེ་ཉིད་ཀྱིས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབ་པར་གཟིགས་ནས། སྔར་གྱི་རྗེ་མི་ལའི་སྐུ་འབུམ་དེ་རྒྱ་ཆེར་བསྐྱེད་ནས།རྗེ་མི་ལ་རས་པ་རང་ཉིད་ཀྱིས་དངོས་སུ་བཞེངས་པའི་དབུས་ཀྱི་ལྷོ་བྲག་སྲས་མཁར་དགུ་ཐོག་ལ་དཔེ་བྱས་ཏེ། དེ་ཇི་ལྟ་བུ་ཆད་ལྷག་མེད་པར་དགོན་འདིར་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་ཅེས་པའི་ལྷ་ཁང་ཆེན་པོ་གསར་དུ་བསྐྲུན། དེའི་སྐབས་སུ་ཡང་རྨང་གཞིའི་ས་འོག་ནས་རྗེ་ཙོང་ཁ་པའི་རྣམ་ཐར་བྲིས་ཐང་ཞིག་རྙེད་པ་སོགས་ངོ་མཚར་བའི་ལྟས་བཟང་པོ་དུ་མ་བྱུང་བ་དང་། ལྷ་ཁང་ཐོག་བརྩེགས་བདུན་པའི་སྤེན་ཁའི་སྟེང་ཁོང་གིས་རྫུ་འཕྲུལ་གྱིས་ལྕགས་ཐག་འཐེན་ཏེ་དད་ལྡན་སྐྱེ་བོ་རྣམས་ཐོག་བརྩེགས་བདུན་པའི་སྤེན་ཁའི་པད་ཕྲེང་གི་ཐད་ལྕགས་ཐག་ལ་འཇུས་ཏེ་རྩེ་བསྐོར་ལ་ལན་གསུམ་སོང་ན་ཕྱི་མར་ངན་སོང་དུ་མི་སྐྱེ་ཞིང་བདེ་འགྲོ་ཐར་བའི་གོ་འཕང་ཐོབ་པར་རྗེ་མི་ལ་གཉིས་པའི་ཞལ་གྱིས་བཞེས། ལྷ་ཁང་འདིའི་ནང་རྟེན་ཕལ་ཆེར་དམ་པ་ཉིད་ཀྱི་ཕྱག་བཟོ་ཡིན་ཞིང་། ལྷག་པར་རྟེན་གཙོ་རྗེ་བཙུན་མི་ལ་རས་པའི་སྐུ་བརྙན་ནི། ཉིད་ཀྱི་མཚན་ལམ་དུ་རྗེ་བཙུན་མི་ལ་རས་པར་དངོས་སུ་མཇལ་བའི་སྐུའི་གཟུགས་ཇི་ལྟ་བུར་རང་ཉིད་ཀྱིས་བཞེངས་པ་ན་སྐུ་སྟོད་ཕལ་ཆེར་རང་བྱོན་དུ་བབས་པར་གསུངས། ཕྱིས་སུའང་རྟེན་གཙོ་མི་ལ་རས་པའི་སྐུ་བརྙན་དེ་དབུ་སྐྲ་རང་བྱུང་དུ་སྐྱེས་པ་ཀུན་གྱིས་མཐོང་ཐུབ་པ་དང་། སྐུ་བརྙན་གཞན་པ་ཕལ་ཆེར་ཀྱང་རང་བྱོན་དུ་བབས་པའི་ལོ་རྒྱུས་མང་། གཞན་ཡང་ལྷ་ཁང་གི་ཕྱིའི་ལྕགས་རིའི་སྟེང་། ཁོར་ཡུག་ཀུན་ཏུ་མཆོད་རྟེན་ཆིག་སྟོང་ལྔ་བརྒྱ་བཞེངས་པ་སོགས་རྟེན་དང་བརྟེན་པར་བཅས་པའི་ལྷ་ཁང་སྲིད་ཞིའི་མཆོད་སྡོང་ཆེན་མོ་བླ་ན་མེད་པར་བསྐྲུན།
        རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོའི༼སྤྱི་ལོ1967༽བར་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བཞུགས་ཀྱང་། རིག་གནས་གསར་བརྗེ་ཆེན་པོའི་གོད་ཆག་ནང་དུ་གྱང་རོ་ཙམ་ཡང་མ་ལུས་པར་ལྷག་མེད་དུ་བཏང་། སྤྱི་ལོ1986ལོར་ཀན་ལྷོ་ཁུལ་དང་རྫོང་སྲིད་གཞུང་གིས་སྔོན་གྱི་ལྷ་ཁང་གི་ས་མང་ཚོགས་ལ་སླར་གནང་ནས་ལྷ་ཁང་བཞེང་རྒྱུའི་ཆོག་མཆན་གྱི་བཀའ་དྲིན་ཐོབ་པར་བརྟེན། རབ་བྱུང་བཅུ་བདུན་པའི་ས་འབྲུག༼སྤྱི་ལོ1988༽ལོར། འཇམ་མགོན་བསྟན་པའི་མངའ་བདག་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེ་ནས། མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེང་བྱ་རྒྱུའི་ཐུགས་བཀོད་ལྟར།ལོ་དེའི་ས་ག་ཟླ་བའི་ཚེས་བཞིའི་ཉིན་ནས་རྨང་གཞི་འདིང་བར་མགོ་བརྩམས་པའི་ཚེ། ལྷ་ཁང་སྔོན་མའི་མཁར་ཤུལ་བཙལ་ཀྱང་མ་རྙེད་པའི་སྐབས་སུ་གློ་བུར་དུ་ཆར་ཆེན་པོ་བབས་པས་ཕྱོགས་སྟོན་ལྟ་བུར་སྔོན་མའི་རྩིག་ཤུལ་རང་བྱུང་དུ་བརྡོལ་ཏེ་ས་སྟེང་ཐིག་བརྒྱབ་པ་ལྟ་བུར་གས་པ་ལས་མི་རྣམས་ངོ་མཚར་བར་གྱུར། དེ་ནས་གཙོས་ས་ཁུལ་གྱི་དད་སྟོབས་ལྡན་པའི་མང་ཚོགས་དང་། གཞན་པེ་ཅིན། ལྷ་ས། མཚོ་སྔོན།  སི་ཁྲོན། ནང་སོག  རྒྱ་གར་སོགས་ཀྱི་དད་ལྡན་མང་ཚོགས་དང་། མཚོ་སྔོན། སི་ཁྲོན་རྔ་བ་ཕྱོགས་ཀྱི་སྐྱེ་བོ་ཕོ་མོ་རྒན་གཞོན་བར་གསུམ་གང་མང་ཞིག་ཀྱང་མ་སྐུལ་དང་བླང་གིས་ས་ཕྱོགས་འདིར་འོངས་ཏེ་དགའ་དད་སྤྲོ་གསུམ་ངང་ཅི་ནུས་ཀྱིས་ངལ་རྩོལ་གྱི་ལས་ལ་ཞུགས་ཏེ་ས་ཁུལ་རང་གི་བོད་རིགས་ཀྱི་ལག་རྩལ་པའི་ལས་གྲྭ་བཙུགས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྷ་ཁང་ཆེན་མོ་འདི་བསྐྱར་དུ་བཞེངས་སོ།། སྐབས་དེར་འབྲུག་སྒྲ་གྲག་པ་དང་། ལྷ་ཁང་གི་ཐད་དུ་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་དགེ་མཚན་གྱི་ལྟས་མང་དུ་བྱུང་།
        སྤྱི་ལོ1982ལོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དགོན་འདིར་ཕེབས་སྐབས། སྙན་གྲགས་ཅན་གྱི་ལྷ་ཁང་འདི་ཉིད་ཀྱི་དོན་ལ་ཁོང་ཉིད་ནས་ཐུགས་ཁུར་ཚད་མེད་བཞེས་ཏེ། ལྷ་ཁང་བསྐྱར་དུ་བཞེང་དགོས་པའི་ཐུགས་བཀོད་དང་། ཞལ་འདེབས་སྤམ་མཐོ་བ། ན་བཟའ་བྱིན་རྟེན་སོགས་གནང་བའི་བཀའ་དྲིན་བསྩལ། ཀུན་མཁྱེན་རིན་པོ་ཆེ་ནས་ཀྱང་ཐུགས་ཁུར་ཆེ་བཞེས་མཛད་ནས་བླ་བྲང་དགོན་པའི་མི་སྣ་ཆེད་མངགས་ཀྱིས་དམངས་སྒོར་ཁྲི་ཕྲག་ལྷག་གི་ཞལ་འདེབས་དང་བྱིན་རྟེན་གང་མང་གནང་བ་དང་། དེ་སྔོན་ལྷ་ཁང་ཆེན་མོ་བསྐྱར་བཞེང་གི་གྲ་སྒྲིག་སྐབས། འཇམ་དབྱངས་བླ་མ་ཁྲི་གུང་ཐང་རིན་པོ་ཆེའི་ཞལ་སྔ་ནས། ལྷ་ཁང་བསྐྱར་བཞེང་བྱེད་སྐབས་སྲས་མཁར་ལྷ་ཁང་ཆེན་མོ་སྔོན་མའི་གཞི་ས་མ་ནོར་བའི་སར་བཞེངས་ན་ལེགས་ཚུལ་གསུངས་པ་དང་འབྲེལ་བདག་རྐྱེན་སྤམ་མཐོ་བ་གནང་བ་དང་། དུས་མཚུངས་སུ་གློ་བུར་དུ་མཁར་རྔའི་སྒྲ་ལྟ་བུ་ཞིག་རང་བྱུང་དུ་གྲགས་པར་ཁོང་ཐུགས་ཤིན་ཏུ་མཉེས་ནས། རྟེན་འབྲེལ་མ་བསྒྲིགས་ལྷུན་འགྲིག་བྱུང་བའི་བཀའ་གསུང་དྲི་མ་མེད་པ་གནང་ཞིང་། ཕྱིས་སུ་ཡང་ལྷ་ཁང་གི་དབུ་རྩེའི་གསེར་གྱི་རྒྱ་ཕིབས་བཞེང་རྒྱུའི་མ་རྩར་དམངས་སྒོར་ཁྲི་ཕྲག་བཅུ་བསྩལ་བ་སོགས་ཆ་རྐྱེན་ཕུམ་སུམ་ཚོགས་པ་མ་བསྒྲིགས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གྱི་མཐུ་ལས་བྱིན་རླབས་ཀྱི་འོད་སྟོང་འབར་བའི་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བསྐྲུན་པ་འདི་ལགས་སོ།།
        ལྷ་ཁང་ཆེན་མོ་འདིའི་རྟེན་གྱི་གཙོ་བོ་ནི། ཚིགས་དང་པོ་བྱམས་ཆེན་ལྷ་ཁང་མཐོང་གྲོལ་ཆེན་མོ་ཡིན་པ་དང་། རྟེན་གྱི་གཙོ་བོ་རྗེ་བཙུན་བྱམས་པ་མགོན་པོ་ཡིན། ཚིགས་གཉིས་པ་ས་དགེ་བཀའ་གདམས་པའི་ལྷ་ཁང་དང་། རྟེན་གྱི་གཙོ་བོ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ཡིན། ཚིགས་གསུམ་པ་རྙིང་མའི་ལྷ་ཁང་དང་། རྟེན་གཙོ་སློབ་དཔོན་པད་འབྱུང་ཡིན། ཚིགས་བཞི་བ་རིགས་གསུམ་མགོན་པོ་ཡིན། ཚིགས་ལྔ་བ་བཀའ་བརྒྱུད་པའི་ལྷ་ཁང་དང་། རྟེན་གཙོ་རྗེ་མར་བ་ཡིན། ཚིགས་དྲུག་པ་གསང་སྔགས་གསར་མའི་ལྷ་ཁང་དང་། རྟེན་གཙོ་གསང་བ་འདུས་པ། བདེ་མཆོག་འཇིགས་བྱེད་སོགས་པ་ཡིན། ཚིགས་བདུན་པ་གསང་སྔགས་བླ་བརྒྱུད་ལྷ་ཁང་དང་། རྟེན་གཙོ་རྒྱལ་བ་རྡོ་རྗེ་འཆང་དང་། གྲུབ་ཆེན་ཏེ་ལོ་བ་སོགས་ཡིན། ཚིགས་བརྒྱད་པ་རྒྱལ་བ་རིགས་ལྔའི་ལྷ་ཁང་དང་། རྟེན་གཙོ་མི་བསྐྱོད་པ་དང་།རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔ་ཡིན། ཚིགས་དགུ་བ་ཀྱེེ་རྡོར་དཀྱིལ་འཁོར་གྱི་གྱན་ཐང་བྱིན་རླབས་འོད་འབར་སོགས་བཞུགས།
        ལྷ་ཁང་ཆེན་མོའི་སྒོ་ཁྱམས་གཡས་སུ་ཚེ་རིང་འཆི་མེད་མཆོག་སྩོལ་དང་། ལྷ་ཁང་ཆེན་མོའི་སྒོ་ཁྱམས་གཡོན་དུ་ཛམ་ཁང་དགོས་འདོད་ཆར་འབེབས་བཅས་རྟེན་དང་བརྟེན་པ་བསམ་གྱིས་མི་ཁྱབ་པ་བཞུགས་སོ།།

མདོ་ལྷོ་ནས་རྨ་ནུབ་ཁྱམས་རིང་གི་ཕྱོགས་སུ་བསྐྱོད་པ།

བྱམས་པ་ལྷ་ཆེན། 

天梯山石窟(红沟乡天梯寺)

      ཐེན་ཐི་ཧྲན་བྲག་ཕུག་སྟེ་སྟོང་ལོའི་བྲག་ཕུག་གི་བྱམས་པ་ལྷ་ཆེན་ལ་མཇལ་དུ་ཕྱིན་པ།
ཐེན་ཐི་ཧྲན་བྲག་ཕུག་སྟེ་སྟོང་ལོའི་བྲག་ཕུག་གི་གནས་སྤོའི་དང་ཉམས་གསོ། བྱང་བསིལ་གྱི་དུས་སྐབས་ནས་བཟུང་། བྱང་རྒྱལ་རབས་དང་། སུའེ་ཐང་། ནུབ་ཤར། མིང་ཆིང་བཅས་སྔ་རྗེས་སུ་བཙུགས་པ་རེད། དུས་རབས་སྔོན་མའི་ལོ་རབས་50བར། ཆུ་མཛོད་བསྐྲུན་པས་བྲག་ཕུག་གི་ཆེས་ཆེ་བའི་བྲག་ཕུག་13པ་ལས་གཞན། བྲག་ཕུག་གི་ལྡེབས་རིས་ཚང་མ་ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་གནས་སྤོས། ཆ་རྐྱེན་ཞན་པའི་དབང་གིས་གོ་རིམ་ཁྲོད་གནོད་སྐྱོན་ཚབས་ཆེན་ཐེབས།

     2015ལོར་རིག་དངོས་ཕྱིར་སློག་པ་ཝུའུ་ཝུའེ་རྟེན་རྫས་བཤམས་མཛོད་ཁང་ཉམས་གསོ་བྱེད་འགོ་ཚུགས་ནས་དེ་སྔའི་གནས་ཡུལ་དུ་ཕྱིར་ལོག་བྱས་རྗེས་ཉམས་གསོ་བདག་ཉར་ཡག་པོ་བྱེད་ཀྱིན་ཡོད་པ་འདྲ།

     གནའ་མིའི་བློ་གྲོས་དང་ལག་ཤེས་དད་སྟོབས་སོགས་ལ་ཧང་སངས་དགོས་པར་མ་ཟད་ལོ་ངོ་1600ལྷག་འགོར་རྗེས་ད་དུང་དུས་སྐབས་དེའི་དར་རྒྱས་ཆེ་བའི་ཤེས་རིག་ལག་རྩལ་གྱི་གཟི་བྱིན་ཉམས་མེད།

བྱམས་པ་ལྷ་ཆེན།

བྱམས་པ་ལྷ་ཆེན་གྱི་མདུན་ནས་མཉམ་པར་བསྒྲོན་པ།


ལིང་ཇུ་སྡེ་བཞི།

     ང་ཚོ་ཝུའུ་ཝེ་སྟེ་ལིང་ཀྲིག་ལ་བསླེབས། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་ལིང་ཇུ་སྡེ་བཞི་རུ་གྲགས་པའི་གནས་མཆོག་ཅིག་ཡིན། ལིང་ཇུ་སྡེ་བཞི་ནི་གནའ་བོའི་བོད་སོག་གི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ།  ལྷག་པར་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་མཇམ་མགོན་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གོ་དན་རྒྱལ་བོས་གདན་ཞུ་མཛད་དེ། རྣམ་དཀར་གྱི་མཛད་པ་དང་དམ་པའི་ཆོས་ཀྱི་བདུད་རྩི་ཡིས་སོག་པོའི་རྒྱལ་འབངས་ཀུན་གྱི་སྒོ་གསུམ་དབང་དུ་བསྡུས་ཤིང་། གདུག་རྩུབ་ཀྱི་དྲག་པོའི་དཔལ་ཁ་ཞི་བར་བྱས་ཏེ་བོད་སོག་གི་ལོ་རྒྱུས་གསར་བ་ཞིག་དང་། བོད་ཆོལ་ཁ་གསུམ་ལ་དུས་རབས་གཅིག་གི་རིང་དབང་བསྒྱུར་བྱས་མྱོང་བའི་དཔལ་ལྡན་ས་སྐྱ་བའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་ཡང་ཡིན་ཟེར།

ངོ་བོ།  ནང་བསྟན་དགོན་པ།

ཆགས་ཡུལ་། ཀན་སུའུ་ཞིང་ཆེན། 甘肃—武威

འབྲེལ་ཡོད་དུས་ཚོད།  དཔལ་ལྡན་ས་སྐྱ་བའི་དུས།

ཤར་སྤྲུལ་བའི་སྡེའི་ལོ་རྒྱུས་ལ་གཟིགས་བཞིན་པ།

ཤར་སྤྲུལ་བའི་སྡེ།

白塔寺

ལྷོ་དབང་གི་སྡེ།

金塔寺

དངོས་ཞིབ་གནང་བཞིན་པ།

ནུབ་པདྨོའི་སྡེ།

莲花寺

བྱང་རྒྱ་མཚོའི་སྡེ།

海藏寺

       སྤྱི་ལོ1247ལོར་གནས་དེ་རུ་ས་སྐྱ་པཎ་ཌི་ཏ་དང་ཧོར་གོ་དན་རྒྱལ་པོ་གཉིས་ཀྱི་ཞལ་འཛོམས་པ་དང་། ས་པཎ་སྐུ་གཤེགས་རྗེས་གོ་དན་རྒྱལ་པོས་ཁོང་ལ་རྗེས་དྲན་བྱ་ཆེད་མཐོ་ཚད་ལ་སྨིས35.28ཡོད་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་པ་རེད། ལང་ཇུ་སྡེ་བཞི་རུ་གྲགས་པའི་སྡེ་བཞི་ནི་ཤར་སྤྲུལ་བའི་སྡེ་དང་ནུབ་པདྨའི་སྡེ། བྱང་རྒྱ་མཚོའི་སྡེ། ལྷོ་དབང་གི་སྡེ་བཅས་ཡིན་ལ། སྡེ་བཞི་བོ་རེ་རེ་ལ་ཤིན་ཏུ་སྙན་པའི་གཏམ་རྒྱུད་རེ་ཡོད། ཤར་སྤྲུལ་བའི་སྡེ་ཞེས་པའི་མིང་ཐོགས་ཚུལ་ལ་བཤད་རྒྱུན་དུ་ཉིན་ཞིག་གོ་དན་གྱིས་སྒྱུ་མ་མཁན་གྱི་འཕྲུལ་ལ་བརྟེན་ནས་ལྷ་ཁང་དང་གཙུག་ལག་ཁང་སྤྲུལ་ཏེ་ས་པཎ་ལ་ཉམས་སད་བླངས་མོད། ས་པཎ་གྱིས་རབ་གནས་མཛད་དེ་ལྷ་ཁང་དང་གཙུག་ལག་ཁང་བྱིན་གྱིས་བརླབས་ཏེ་སྒྱུ་མ་མཁན་གྱིས་འཕྲུལ་བཤིག་མ་ཐུབ་པར་ལུས་པས་མིང་ལའང་དེ་ལྟར་ཐོགས། བྱང་རྒྱ་མཚོའི་སྡེ་ནི་སྐབས་ཤིག་ལ་གོ་དན་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་བར། ས་པཎ་གྱིས་མཁྱེན་ཏེ་གོ་དན་རྒྱལ་པོ་ཀླུ་ནད་ཀྱིས་བཟུང་བར་ཐབས་སྣ་ཚོགས་བསྟེན་ཏེ་ཀླུ་བསང་ཀླུ་གཏོར་བཏང་སྟེ་གོ་དན་རྒྱལ་པོའི་ནད་སངས་དྲག་ཏུ་བཏང་། དེ་ནས་བཟུང་རྒྱལ་པོ་སེམས་གཏིང་ནས་དད་པ་སྐྱེས་ཏེ་ལོ་རྒྱུས་ཐོག་བྱུང་བའི་བོད་སོག་བར་འདུམ་འགྲིགས་ཀྱི་མཆོད་བཀུར་བླ་མེད་བྱུང་པ་དང་ས་པཎ་གྱི་སྙན་གྲགས་ཀྱང་ཇེ་ཆེར་སོང་། རྗེས་སུ་ཁོང་གིས་གནས་དེ་རུ་ཆོས་གསུངས་ཤིང་དགོན་པ་བསྐྱངས་ཏེ་ལིང་ཇུ་སྡེ་བཞི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད།

ཀུ་མཱ་ར་ཤུའི་དགོན་པ།

罗什寺


ཀུ་མཱ་ར་ཤུའི་དགོན་པའི་སྒོ་ཆེན།


ཀུ་མཱ་ར་ཤུའི་རིག་གནས་ཞིབ་འཇུག་ལྟེ་གནས།

鸠摩罗什文化研究中心

ཀུ་མཱ་ར་ཤུ།

鸠摩罗什

       འདི་ཀུ་མཱ་ར་ཛི་བ་ཞེས་པའི་ཟུར་ཆག་སྟེ། སྔར་ལི་ཡུལ་དུ་བྱུང་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། འདིའི་ཡབ་རྒྱ་གར་བ་ཡིན་ཡང་ལི་ཡུལ་བྱང་རྒྱུད་ཀྱི་རྒྱལ་པོ་ཞིག་གི་བུ་མོའི་མག་པར་གྱུར་པས། ལོ་ཆེན་འདི་ལི་ཡུལ་དུ་ཤིང་འབྲུག་ཕྱི་ལོ་ ༣༤༤ ལ་འཁྲུངས། ཆུང་དུས་སུ་རབ་ཏུ་བྱུང་ཞིང༌། མཚན་ལ་གཞོན་ནུ་ཚེ་རིང་ཞེས་བཏགས། ཁ་ཆེའི་ཡུལ་དུ་ཕྱིན་ནས་ལེགས་སྦྱར་སྐད་དང་།  ཐེག་དམན་གྱི་ཆོས་སྦྱངས། ཕྱིས་སུ་ཐེག་ཆེན་ལ་ཞུགས་ཏེ་དབུ་མའི་ལྟ་བ་ལ་ཧ་ཅང་མཁས་པར་གྱུར། ལྱང་ཅུ་སྡེ་བཞིར་ཡུན་རིང་བཞུགས་ཏེ་རྒྱ་བོད་ཀྱི་སྐད་ལའང་བྱང་ཆུབ་པར་མཛད། དགུང་ལོ་ང་བདུན་པའི་དུས་སུ་ཡའོ་ཆིན་རྒྱལ་པོ་ཧུང་ཤིའི་ཁྲི་ལོ་གསུམ་པར་རྒྱལ་ས་ཁྲང་ཨན་དུ་གདན་དྲངས། དེར་ལོ་བཅུ་གསུམ་གྱི་རིང་ལ་རྡོ་རྗེ་གཅོད་པ་སོགས་ཤེར་མདོ་ཆེ་ཆུང་དང༌། དམ་པའི་ཆོས་པད་མ་དཀར་པོ། དྲི་མེད་གྲགས་པས་བསྟན་པ་སོགས་མདོ་སྡེ་དུ་མ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས། དབུ་མ་སྒོ་བཅུ་གཉིས་པ། ཨརྱ་དེ་བའི་དབུ་མ་བརྒྱ་པ་ལེའུ་བཅུ། གཞན་ཡང་རྒྱ་ནག་ཏུ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་པ་བཅས་བཀའ་བསྟན་བམ་པོ་སུམ་བརྒྱ་གྱ་བཞི་བསྒྱུར། སློབ་མ་མང་པོ་བསྐྱངས། ཕྱི་ལོ་ ༤༡༣ ལོར་དགུང་ལོ་བདུན་ཅུའི་ཐོག་མྱ་ངན་ལས་འདས།

རྟ་རྨིག་དགོན། 

马蹄寺张掖向南60公里处马蹄寺

 རྟ་རྨིག་དགོན་པའི་བྲག་ཕུག་གི་ཆགས་འཇིག་ལོ་རྒྱུས་ལ་རྒྱུས་ལོན་བྱེད་བཞིན་པ།


        ཡོངས་གྲགས་སུ་མཱ་ཐིས་དགོན་པ་ཞེས་པ་འདི་ནི་བྲག་བརྐོས་ལྷ་སྐུ་དང་མཆོད་རྟེན་སོགས་བརྒྱ་ཕྲག་ཁ་ཤས་ཡོད་སའི་གནས་ཤིག་ལ་ཟེར། དེ་ལ་སྒྲོལ་མའི་བྲག་ཕུག་དང་སངས་རྒྱས་སྟོང་སྐུའི་བྲག་ཕུག གྲུབ་ཆེན་བརྒྱད་ཅུའི་གནས། དགོན་གོང་འོག་བར་གསུམ། བྲག་དགུ་ཕུག་འབྲུག་མིག་བྲག་ཕུག་དང་འབྲུག་རི། ཆུ་གནམ་འབབ། པདྨའི་རི་གོང་འོག ཡ་མ་ཐར་ཁུང་ཇོ་མོ་ཀླད་སོགས་ཡང་ད་ལྟ་མཱ་ཐིས་དགོན་པའི་བྲག་ཕུག་གི་ཁོངས་གཏོགས་ཡིན། སྔོན་གྱི་དུས་འདིར་རྒྱ་བོད་ཡུ་གུར་མི་ཉག་སོགས་ཀྱི་དབང་བསྒྱུར་བར་བཤད་ལ་ལོ་ཚིགས་དང་རྒྱལ་རབས་བསྟན་པ་དར་བའི་གནས་ཚུལ་སོགས་ལོ་རྒྱུས་ཡིག་ཚང་གསལ་དག་མོ་ཞིག་ད་བར་དུ་མ་རྙེད་དོ།།

       བོད་ཀྱི་ལོ་རྒྱུས་གཞིར་བཞག་ན་དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲུང་སྡེ་བཙན་གྱི་དུས་སུ་བསམ་ཡས་སྲུང་མ་གདན་དྲངས་པའི་གནས་ཡིན་པར་བཤད་ལ་སྐྱེན་པོ་མི་དགུ་སོགས་ས་འདིར་བསྡད་པའི་བོད་བཀའ་མ་ལོག་གི་ཁོངས་གཏོགས་ཡིན། བྷན་ད་ཧོར་གྱི་སྒོམ་གྲྭ་དང་དཀོར་བདག་པེ་ཧར་རམ་གནས་ཆུང་རྒྱལ་བོའི་བླ་རི་ཡང་གནས་འདི་དང་བར་ཐག་ཉེ་ས་ན་ཡོད། ཕྱིས་སུ་མི་ཉག་དང་ས་སྐྱ་བའི་གནས་འདིར་བདག་དབང་བྱས་པ་མངོན་ཡོད་ལ་མི་ཉག་རྒྱལ་བོའི་མཆོད་སྡོང་བྲག་ཕུག་དང་རྗེས་དྲན་མཆོད་རྟེན་ས་སྐྱ་བའི་གདུང་བཞུགས་མཆོད་རྟེན་སོགས་ཡོད་པ་དང་མདོ་སྨད་ཆོས་འབྱུང་ན་འང་མི་ཉག་རྒྱལ་བོའི་མཆོད་སྡོང་ཅེས་ཚིག་ཟུར་ལ་དངོས་སུ་ཐོན་ཡོད། རྒྱ་ནག་ཏ་མིང་ཞོན་ཏི་རྒྱལ་བོའི་དུས་སུ་ཁྱུང་ཚ་དགེ་བཤེས་རབ་བརྟན་གྱིས་སྒྲུབ་ཕུག་གི་རྣམ་པ་དེ་དགོན་གྲྭའི་ཚུལ་དུ་བཏབ། བཤད་གྲྭ་ལ་དགའ་ལྡན་དམ་ཆོས་གླིང་ཞེས་གསོལ། དེ་ནས་བཟུང་དགེ་ལུགས་པའི་དགོན་སྡེ་བསླབ་གསུམ་ལུང་རྟོགས་ཀྱི་འཆད་ཉན་ཆེས་ཆེར་དར་ལ་དགེ་འདུན་པའི་ཞལ་གྲངས་བདུན་བརྒྱ་ལ་ཉེ་བ་ཞུགས། གོང་ས་རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གནས་འདི་ལ་བཅིབས་ཁ་བསྒྱུར་མྱོང་། རྒྱ་བོད་སོག་གསུམ་གྱི་སྒོམ་སྒྲུབ་པ་འགའ་ཤས་ཀྱིས་རྒྱུད་གྲྭ་དགའ་ལྡན་ཆོས་འཁོར་གླིང་དང་། ཏ་མིང་གོང་མ་ཡོན་ལོས་བྱང་ཆུབ་གཟིགས་པ་གླིང་དང་གོང་མ་ཆན་ལུང་རྒྱལ་བོས་རྨད་བྱུང་རྒྱལ་བའི་གླིང་ཞེས་སྒོ་བྱང་བསྩལ། ཕྱིས་སུ་སྟོང་སྐོར་ཚང་དང་ཐང་རིང་རྒྱལ་བ་ཚང་སོགས་ཀྱི་ཡོན་སྦྱར་ནས་རྒྱུད་པ་གྲྭ་ཚང་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་བཤད། ཁྱུང་ཚ་དགེ་བཤེས་རབ་བརྟན་གྱི་སྐྱེས་ཕྲེང་བྱམས་བརྩེའི་བདག་ཉིད་ངག་དབང་དབང་རྒྱལ་དགོན་ལུང་མཁན་རབས་ཉེར་དགུ་བར་བཞུགས་པ་དང་དགོན་སྡེ་འདིའི་བླ་མ་ཡང་མཛད། དེའི་རྗེས་སུ་སྡེ་འདིར་རྗེ་ཐུའུ་བཀྭན་པའི་གཙོ་སྐྱོང་གནང་བར་མ་ཟད་དགོན་ལུང་མཁན་རབས་སུམ་ཅུ་བ་ཨ་ཆེན་མཁན་པོ་སྐུ་ཕྲེང་གསུམ་པ་ངག་དབང་དགེ་ལེགས་རྒྱ་མཚོ་མཆོག་སྡེ་འདིར་རྗེ་ཐུའུ་བཀྭན་པས་ཐུགས་བཀོད་བཞིན་ཕེབས་ནས་སྐུ་རབས་རིམ་བྱོན་གྱིས་ཆོས་སྲིད་ཀྱི་བྱ་བ་ད་ལྟའི་བར་དུ་བསྐྱངས་པ་མ་ཟད་དཔལ་ལྡན་ངྷི་ཚ་དགོན་པའི་རིག་ལྔ་སྨྲ་བ་མཱ་ཐིས་ཟི་གྲགས་པ་རྒྱ་མཚོའི་འཁྲུང་ཡུལ་འདིར་ཡིན་པ་དང་།  གཞན་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་དང་སྐྱབས་རྗེ་ཨ་རོལ་ཚང་གྲུབ་དབང་ཕུར་མོ་སོགས་སྐྱེ་ཆེན་དམ་པ་དག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་སོ།  །

       གཞན་ཡང་ཁྱུང་ནག་བླ་མ་དང་། ཁྲི་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོའི་སྐྱེ་ཕྲེང་གསེར་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་སྐུ་རིམ་བྱོན། མཱ་ཐིས་ལྷ་རམས་པ་ངག་དབང་ཤེས་རབ། འབྲས་སྤུངས་བཀའ་བཅུ་ཤེས་རབ་འཇིགས་མེད། མཱ་ཐིས་དགེ་བཤེས་ངག་དབང་བློ་བཟང་སོགས་མཁས་ཤིང་གྲུབ་པ་མང་དུ་བྱོན་ནོ།།

      ལོ་རྒྱུས་སུ་དགོན་སྡེ་འདི་ལ་མེ་སྐྱོན་ཐེངས་གཅིག་དང་ཆིན་དམག་གིས་གཏོར་བརླག་ཐེངས་གཅིག  སྤྱི་ཚོགས་གསར་བའི་དུས་སུ་གཏོར་སྐྱོན་ཐེངས་གཅིག་བཅས་ཐེབས། ནང་རྟེན་གཙོ་བོ་སྒྲོལ་མ་རང་བྱོན་དང་འབྲོམ་སྟོན་པའི་སྐྱེ་རྒྱུད་ཆོས་རྒྱལ་བློ་གྲོས་འཕེལ་གྱིས་ཀླུ་བདུད་འདུལ་བའི་ཤེས་རབ་ཀྱི་རལ་གྲི། སྒྲོལ་མའི་སྒྲུབ་ཆུ་སོགས་རྟེན་ཁྱད་པར་ཅན་མང་ངོ་། །

      བཤད་རྒྱུན་ལ་གེ་སེར་རྒྱལ་བོའི་བཅིབས་པ་རྐྱང་རྒོད་ཀྱི་རྨིག་རྗེས་བྲག་ངོས་སུ་ཡོད་པའི་རྒྱ་སྐད་དུ་མཱ་ཐིས་ཟི་སེར་བར་བཤད་མོད་གང་ལྟར་བྲག་ངོས་སུ་རྟའི་རྨིག་རྗེས་ཡོད་པ་མངོན་གསལ་རེད།  ས་སྐྱའི་ལོ་རྒྱུས་ནང་འཇམ་མགོན་ས་པཎ་གྱི་དུས་སུ་མཚལ་དམར་པོའི་སྟེང་དུ་གསལ་བྱེད་མ་ཡིག་ཡོད་པའི་ཐེལ་རྙེད་པའི་མ་ཐེལ་དང་དམར་ཐེལ་སོགས་སུ་འབོད་པར་བཤད་ཀྱང་བདག་གིས་ལོ་རྒྱུས་ཡིག་ཆ་དངོས་སུ་མ་མཐོང་། མདོ་སྨད་ཆོས་འབྱུང་ལྕགས་དཔར་དུ་མཱ་ཐིས་ཞེས་བཀོད་ཡོད་པས་འདིར་ཡང་དེ་ལུགས་སུ་མཱ་ཐིས་ཞེས་བྲིས་པ་ཡིན། བྲག་ངོས་སུ་ཡོད་པའི་བཀའ་གདམས་མཆོད་རྟེན་གྱི་བཟོ་བཀོད་ལ་དཔག་ན་ལོ་ངོ་སྟོང་གཉིས་ཀྱི་སྔོན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་འཛམ་བུ་གླིང་གི་ས་ཆར་སངས་རྒྱས་ཀྱི་རང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པ་ལ་ཁོངས་བཅོལ་ན་ཧ་ཅིང་འོས་སྙམ།

      དོན་དངོས་སུ་ཐོག་མར་བཀོད་པ་རྣམ་པར་མཛེས་པའི་བྲག་བརྐོས་ལྷ་སྐུ་མང་བོ་བཞུགས་སའི་ཁ་ཆེའི་ཡུལ་དུ་མཉམ་མེད་ཤཀྱཱའི་རྒྱལ་བོའི་བཀའ་སྡེ་སྣོད་གསུམ་གྱི་བསྟན་པ་རྒྱ་ཆེར་དར་བའི་སྐབས་སུ་འདིར་ཡང་རྒྱལ་བའི་བཀའ་རིན་པོ་ཆེས་དུས་ཀྱི་མིན་པ་སེལ་ནས་སེམས་ཅན་སྐྱེ་འགྲོ་ཡོངས་ཀྱི་རྒྱུད་ཀྱི་སྒྲིབ་པ་མཐའ་དག་བསལ་ཞིང་རིམ་གྱིས་རྫོགས་ལྡན་གྱི་བསྐལ་བ་ཤར་བར་མངོན་ལ་དེ་ནས་རིམ་བཞིན་རྒྱ་རྒྱུད་ནང་བསྟན་དང་སོག་པོའི་དུས་སུ་ས་སྐྱ་བ་གོང་ས་རྒྱལ་བ་གསུམ་པའི་དུས་སུ་དགེ་ལུགས་པའི་ཆོས་སྡེ་ཆེ་ཤོས་ཤིག་ཡིན།

     རྒྱ་ནག་གི་ཡིག་ཚང་ལྟར་བྱས་ན་ཆིན་སྔོན་མ་ཏུན་ཅིན་རྒྱལ་ཁབ་བཅུ་དྲུག་གི་སྐབས་སུ་前秦东晋十六国ལང་སྔོན་མའི་རྒྱལ་བོ་ཀྲང་ཐེན་ཞི་前凉王张天锡དུས་ཏུན་ཧོང་རྫོང་ནས་ཡིན་པའི་ཀོ་ཡུའུ་郭瑀ཟེར་བའི་དགེ་བསྙེན་མཁས་པ་དེས་བྲག་ཕུག་བརྐོས་པར་བཤད་པ་དང་། ཡང་པེ་བེའི་རྒྱལ་རབས་བྱང་མའི་北魏སྐབས་སུ་བྲག་ཕུག་མཆོད་རྟེན་བརྐོས་པ་དང་ཡོན་རྒྱལ་རབས་元代སྐབས་སུ་ལྷ་སྐུ་དང་ལྡེབས་རིས་བྲིས་བར་བཤད་ཚུལ་གཉིས་ཡོད། དེ་ལ་འདིར་བཀའ་གདམས་བུ་ཆོས་ལས་ཆོས་རྒྱལ་བློ་གྲོས་འཕེལ་གྱིས་གནས་འདིར་ཀླུ་བདུད་འདུལ་བར་གསུངས་ལ་རྒྱལ་བོ་ལྕགས་འབར་གྱི་སྲས་ཡིན་པར་བཤད་པས་ཀོ་ཡུའུ་ཟེར་བ་ཆོས་རྒྱལ་བློ་གྲོས་འཕེལ་ཡིན་མིན་དང་ཡང་ན་ཀྲང་ཐེན་ཞི་ཟེར་བ་རྒྱལ་བོ་ལྕགས་འབར་ཡིན་མིན་སོགས་ཀྱི་ཐད་ལ་ཞུབ་འཇུག་དང་ལོ་རྒྱུས་རྒྱུ་ཆ་འཚོལ་གནས་སུ་ཡོད།

       རྒྱའི་ཡིག་ཚང་ལས་张大怀ཟེར་བ་རྒྱལ་སྲས་ཀྱི་གོ་གནས་ལས་ཕབ་ནས་གནས་ངས་མེད་བྱས་པར་ཡང་བཤད། རྡོ་རིང་ཡི་གེ་ལས་དགེ་སྒྲུབ་མཁན་ཞིག་གིས་འདིར་ཡོང་ནས་བདུད་འབྲུག་སོགས་བཏུལ་བར་བཤད་པ་ཆོས་རྒྱལ་བློ་གྲོས་འཕེལ་ཡིན་པར་ངེས།   ཆན་ལང་རྒྱལ་བོའི་前凉王མངའ་ཁོངས་ནི་ཅོའུ་ཆོན་རྫོང་酒泉郡བོའུ་བེའི་རྫོང武威郡ཀྲང་ཡེ་རྫོང་张掖郡ཏུན་ཧོང་རྫོང་敦煌郡སོགས་རྫོང་བཞི་ཡིན་པར་བཤད་དོ། །

      དེ་ལྟར་མདོ་ལ་རི་བོའི་བྱང་རྒྱུད་དུ་ལོ་ངོ་སྟོང་ཕྲག་གི་སྔོན་རོལ་ནས་དུས་གསུམ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བར་སྨྲ་མི་དགོས་ལ་དེང་གི་དུས་འདིར་ཡང་རང་བྱུང་ལྷུན་གྲུབ་ཀྱི་མཆོད་རྟེན་དང་བྲག་ཕུག་གི་བཀོད་པ་མཐའ་ཡས་པ་འདྲེན་བྱེད་མིག་གི་དགའ་སྟོན་ལ་ཀེར་གྱིས་བཞེངས་ཡོད་ལ་ང་འདྲ་བའི་བཙུན་པ་སྐྱོག་ལོག་འགའ་ཞིག་གིས་རང་ཡུལ་དྲོན་མོ་རྒྱབ་ཏུ་གཡུག་ནས་གནས་འདིར་ཇ་མིན་ཆུ་མིན་གྱི་བཏུང་བ་དང་བོད་མིན་རྒྱ་མིན་གྱི་སྐད་ཆ་ལབ་ནས་ལོ་ངོ་བཅུ་ཕྲག་གཉིས་ལ་ཨུ་ཚུགས་ཀྱིས་ཁ་བ་རི་བོའི་སྒོ་མོ་དམ་དུ་སྲུང་ཡོད་དོ། །

སུའུ་ནན་བཀྲ་ཤིས་བཟང་བོས་ངོ་སྤྲོད་དང་མཚམས་སྦྱོར་བྱས།


རྟ་རྨིག་དགོན་པའི་བྲག་ཕུག་ནང་དུ་མཇལ་བ།

སངས་རྒྱས་སྟོང་སྐུའི་བྲག་ཕུག

千佛洞

སྒྲོལ་མའི་བྲག་ཕུག་མདུན།

མཱ་ཐིས་དགོན་པའི་སྒོ་ཆེན།

        རྟ་རྨིག་དགོན་པ་ནི་ཀན་སུའུ་ཞིང་ཆེན་ནུབ་རྒྱུད་དེ་ཤ་ར་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་ཆགས་འདུག དགོན་པ་དེ་ཐོག་མར་མཚམས་པ་ཞིག་གི་མཚམས་ཁང་གི་ཤུལ་ཡིན་ལ། རྗེས་སུ་རྒྱལ་རབས་རིམ་བྱོན་གྱི་སྐབས་སུ་བྲག་ངོས་སུ་བྲག་ཕུག་བརྐོས་ཏེ་གཞི་རྒྱ་ཇེ་ཆེར་གྱུར། དགོན་པ་དེའི་མིང་ཐོགས་ཚུལ་ལ་ཡུལ་དེའི་དམངས་ཁྲོད་དུ་གཏམ་རྒྱུད་སྙན་མོ་ཞིག་ཡོད་དེ། ཉིན་ཞིག་གླིང་གེ་སར་རྒྱལ་པོ་རྟ་རྐྱང་རྒོད་གཡེར་བར་བཅིབས་ཏེ་བགྲོད་སྐབས། རི་སྟོད་ན་བུན་གྱིས་གཡོགས་ཤིང་རི་སྨད་སྤང་ཐང་མེ་ཏོག་གིས་བརྒྱན་པ། ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པའི་ས་ཆ་ཡིད་དུ་འོང་བ་ཞིག་མཐོང་བས་ཡིད་སེམས་དབང་མེད་དུ་བཀུག་བྱུང་། དེ་ནས་མི་རྟ་གཉིས་ཀ་ཕྱིར་ལྷ་ཡུལ་དུ་འཕུར་སྐབས་རྟའི་རྨིག་རྗེས་ས་ལ་བཞག་པས། མིང་ལ་རྟ་རྨིག་ཏུ་ཐོགས་པ་རེད་ཟེར་བ་ལྟ་བུ་སོགས་ཤོད་རྒྱུན་ཡོད། ཡུལ་དེའི་ཤར་ཕྱོགས་སུ་སྨིད་ཉིས་བརྒྱ་སོང་བའི་མཚམས་ན་གེ་སར་རྒྱལ་པོའི་ལྷ་ཁང་ཞིག་ཡོད་ལ། དེའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོ་དང་སྐྱ་ལོ་སེང་ལྕམ་འབྲུག་མོ། སྤྱི་དཔོན་རོང་ཚ་ཁྲ་རྒན། འབུམ་པའི་རྒྱ་ཚ་ཞལ་དཀར། སྟག་རོང་དཔོན་པོ་ཁྲོ་ཐུང་། ཚ་ཞང་འདམ་མ་བྱང་ཁྲ། ཨ་དོམ་སོགས་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་བཞེངས་ཡོད་པ་དང་། དེ་དག་གི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་ཁྲབ་རྨོག ལག་གི་མཚོན་ཆ། འོག་གི་བཅིབས་རྟ་སོགས་བཞེངས་པ་གསོན་ཉམས་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཐོན་འདུག

རྡོ་རྗེ་ཕག་མོའི་གནས།

亥母洞

གནའ་བོའི་གན་ཀྲུའུ་བྱམས་པ་གློ་ཉལ་ད་ལྟའི་མི་ཉག་དགོན།

张掖-大佛寺

མི་ཉག་བྱམས་ཆེན།


དགའ་ལྡན་ཚོགས་བསགས་གླིང་།


འཇམ་དབྱངས་མདུང་ནག་རང་བྱོན།

祁丰藏族乡 文殊寺


འཇམ་དབྱངས་དགོན།

文殊寺院


དར་གོས་ཚོང་ལམ་གྱི་འགག་སྒོ་ཅཱ་ཡུས་ཀོན། 

嘉峪关

       ང་ཚོ་དར་གོས་ཚོང་ལམ་གྱི་འགག་སྒོ་ཅཱ་ཡུས་ཀོན་ལ་སླེབས། ཅཱ་ཡུས་ཀོན་ནི་ཅཱ་ཡུས་ཀོན་གྲོང་ཁྱེར་གྱི་ལྷོ་ནུབ་ཁུལ་གྱི་སྤྱི་ལེ་6ལྷག་གི་མཚམས་སུ་ཡོད་ལ། བྱང་ཕྱོགས་ཀྱི་སྤྱི་ལེ་8ཀྱི་མཚམས་སུ་རི་ནག་གཡང་གཟར་གྱི་ལྕགས་རི་དང་།  ལྷོ་ཕྱོགས་སུ་སྤྱི་ལེ་7་གྱི་མཚམས་སུ་གནམ་འོག་གི་ལྕགས་རི་དང་པོ་དང་འབྲེལ་ཡོད། མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཕྲག་ཅན་གྱི་ལྕགས་རི་རིང་པོའི་ནུབ་སྣེ་ཡིན་ལ། གནའ་རབས་ནས་བཟུང་རྨ་ནུབ་ཀྱི་འགག་སྒོ་དང་པོ་ཡིན།

      ཀོན་ཁྲེང་ནི་མིང་ཧུང་ཝུའུ་ཡི་ལོ་ལྔ་བ་(1372)རུ་བཙུགས་པ་དང་། ཐོག་མའི་འཛུགས་སྐྲུན་ནས་ཆ་ཚང་གི་འགག་སྒོ་ཞིག་བསྐྲུན་པའི་བར་ལོ་168(1372-1839)བརྒྱུད་པའི་དུས་ཚོད་ནི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ལམ་རྒྱུད་ཀྱི་གྲོང་རྡལ་དགུའི་ཁོངས་གཏོགས་ཀྱི་མཁར་འགག་སྟོང་ཕྲག་ལས་ཉེན་ཁ་ཆེས་ཆ་ཤོས་དེ་ཡིན་ལ། ད་བར་དུ་སྲུང་ཉར་ཡག་པོ་བྱུང་ཡོད།

     ཅཱ་ཡུས་ཀོན་བཟོ་སྐྲུན་བྱས་པ་ནས་བཟུང་དམག་འཁྲུག་མང་པོ་བྱུང་ཞིང་། སྤྱི་ལོ་1839ལོར་ཅཱ་ཡུས་ཀོན་ནི་དམག་དོན་འགོག་སྲུང་ལས་གྲྭ་ཆ་ཚང་ཞིག་ཏུ་བསྐྲུན་རྗེས། གཞི་ནས་གསེར་ལྟར་སྲ་བའི་གནམ་འོག་གི་མཁར་འགག་དང་པོར་གྱུར།

མདོ་ལ་རིང་མོའི་ཤར་རྒྱུད་མཐོང་བའི་ལྕགས་རིའི་ནུབ་སྒོ།

嘉峪关-长城第一墩

ཡུའུ་ལེན་བྲག་ཕུག

榆林窟

        ཡུའུ་ལེན་བྲག་ཕུག་ལ་ཝན་ཧྥོ་འགག་ཀྱང་ཟེར།   དེ་ནི་ཀན་སུའུ་ཞིང་ཆེན་ཀྭ་ཀྲོའུ་རྫོང་(སྔོན་གྱི་ཨན་ཞི་རྫོང་)གི་མཁར་ལྷོའི་སྤྱི་ལེ་70ཡི་མཚམས་སུ་གནས་ཡོད། བྲག་ཁུང་དེ་ཡུའུ་ལེན་གཙང་བོའི་འགྲམ་གཉིས་སུ་ཀྲོང་ངེར་ལངས་པའི་ཤར་ནུབ་གཡང་གཟར་སྟེང་དུ་བཙུགས་ཡོད་པ་དང་། དེ་ནི་ཆུ་ངོགས་དང་ཡུས་སྡོང་པོར་གྱུར་བས་མིང་དེ་ལྟར་ཐོགས་པ་ཡིན།

       སྤྱི་ལོ1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཁྱབ་བསྒྲགས་བྱས་ཤིང་ཡུའུ་ལེན་བྲག་ཕུག་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་བྲག་ཕུག་ཅིག་ཡིན། བྲག་ཕུག་གི་རྣམ་པ་དང་མཚོན་ཚུལ། སྒྱུ་རྩལ་གྱི་རྣམ་པ་བཅས་ནས་བལྟས་ན། མའོ་ཀའོ་བྲག་ཕུག་དང་ཧ་ཅང་འདྲ་བ་དེ་ནི་མའོ་ཀའོ་བྲག་ཕུག་གི་སྒྱུ་རྩལ་མ་ལག་གི་ཡན་ལག་ཅིག་ཡིན་ལ། སྔར་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་མཐོང་ཆེན་བྱེད་ཀྱིན་ཡོད། གསར་དུ་གཏོད་པའི་ལོ་རབས་སུ་ཡིག་ཐོག་ནས་རྒྱུགས་ལེན་རྒྱུ་མེད་ཀྱང་བྲག་ཕུག་གི་རྣམ་པ་དང་འབྲེལ་ཡོད་ཀྱི་བརྗོད་དོན་ནས་རིགས་འདེད་བྱས་ན། སུའེ་ཐང་རྒྱལ་རབས་ཀྱི་སྔོན་ལ་གསར་གཏོད་བྱས་པ་རེད། ད་ཡོད་ཀྱི་ལྡེབས་རིས་ཀྱི་ཁྱད་ཆོས་དང་ཡུལ་སྐོར་བ་དག་གི་ཁ་བྱང་གི་ལོ་རྒྱུས་ལ་བལྟས་ན། ཐང་དང་། རྒྱལ་རབས་ལྔ། སུང་། ཞི་ཞ། ཡོན་ནན། ཆིན་བཅས་ཀྱི་རྒྱལ་རབས་སོ་སོར་བརྐོས་ཡོད་པ་དང་སྤོས་བཟོས་ཏེ་གཞི་ཁྱོན་ཆེན་པོས་གསར་བསྐྲུན་བྱས་ཡོད།
     ཡུའུ་ལེན་བྲག་ཕུག་གི་ལྡེབས་རིས་ཀྱི་ནང་དོན་དང་ཉམས་འགྱུར་དེ་ཏུན་ཧོང་མའོ་ཀའོ་བྲག་ཕུག་དང་འབྲལ་ཐབས་མེད་པར་ཆགས་་ཡོད་ལ། ཏུན་ཧོང་མའོ་ཀའོ་བྲག་ཕུག་གི་གཅེན་གཅུང་བྲག་ཕུག་ཀྱང་ཟེར། དེ་ནི་ཏུན་ཧོང་བྲག་ཕུག་སྒྱུ་རྩལ་མ་ལག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞེས་བཤད་ཆོག

ཡུའུ་ལེན་བྲག་ཕུག

༢༠༡༩ལོར་དགོན་སྡེ་རིག་གནས་མཉམ་ཞིབ་ཚན་ཆུང་ཞིང་ལྗོངས་ལྔ་རུ་བསྐྱོད་པའི་རིག་གནས་འགྲུལ་བཞུད་ཐེངས་གཉིས་པ།
2019年前往五省区,从事考察与保护文化遗产之行的第二届活动

ཏུན་ཧོང་གི་མོ་ཀོ་ཁུའོ་བྲག་ཕུག

莫高窟

       ཏུན་ཧོང་གི་མོ་ཀོ་ཁུའོ་བྲག་ཕུག་ལ་སངས་རྒྱས་སྟོང་སྐུ་བྲག་ཕུག་ཀྱང་ཟེརཞ ཆིན་སྔོན་མ་ཅེན་ཡོན་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ366ལོར་བཞེང་མགོ་ཚུགས་ཤིང་། དེའི་རྗེས་ཀྱི་རྒྱལ་ཁབ་བཅུ་དྲུག་གི་དུས་སྐབས་དང་། སའེ་དང་ཐང་རྒྱལ་རབས། བོད་བཙན་པོའི་དུས་སྐབས། སུང་དང་མི་ཉག ཡོན་རྒྱལ་རབས་སོགས་ཀྱི་དུས་སུ་མུ་མཐུད་དུ་བྲག་ཕུག་བརྐོ་བ་དང་ལྡེབས་རིས་འབྲི་བ། སྐུ་བརྙན་བཞེངས་པ་སོགས་བྱས་པས། ད་ལྟ་ཁྱོན་བསྡོམས་བྲག་ཕུག7.15དང་། ལྡེབས་རིས་སྨིས་གྲུ་བཞི་མ45000སྐུ་བརྙན2400བཅས་ཡོད་པ་རེད། དུས་སྐབས་སོ་སོར་བརྐོས་པའི་བྲག་ཕུག་དང་སྐུ་རྟེན། ལྡེབས་རིས་སོགས་མི་འདྲ་བས། རྒྱལ་རབས་རེ་རེ་དང་མི་རིགས་སོ་སོའི་རི་་གནས་ཀྱི་ཁྱད་ཆོས་གསལ་བོར་མངོན་ཡོད། ང་ཚོས་བརྟག་ངཔྱད་བྱས་བྲག་ཕུག་ལས་རེ་གཉིས་མཚམས་སྦྱོར་བྱས་ན། འཛམ་གླིང་ན་མིང་དུ་གྲགས་པའི་བྲག་ཕུག་ཨང་བཅུ་བདུན་པ་ནི་མི་ཉག་ཀིས་དབང་སྒྱུར་སྐབས་དེར་བཞུགས་པའི་གྲྭ་བཙུན་རྣམས་དམག་འཁྲུག་གི་འཇིགས་པ་ལས་འབྱོལ་ཆེད་གནའ་དཔེ་རྣམས་བྲག་ཕུག་ཏུ་སྦས་ནས་བྲོས་བྱོལ་དུ་ཕྱིན་ཅིང་། ཕྱིས་སུ་བྲག་ཕུག་ལ་བདག་གཉེར་བྱེད་མཁན་གྱི་ཏའོ་ལུགས་པ་ཝང་གིས་ཤེས་ཏེ། གནའ་དཔེ་རྣམས་དབྱིན་ཇི་རྒྱལ་ཁབ་ཀྱི་ཉེན་དཔྱོད་པ་སི་ཐན་དབྱིན་དང་ཧྥ་རིན་སེ་རྒྱལ་ཁབ་ཀྱི་པོ་ཞི་ཧོ་སོགས་ལ་བཙོངས་པས། དེང་སང་ཡོ་རོབ་གླིང་གི་རྒྱལ་ཁབ་དུ་མར་ཁྱབ་འདུག

       བྲག་ཕུག་ཨང་ཉིས་བརྒྱ་སོ་བདུན་པ་ནི་བོད་ཀྱི་བཙན་པོའི་དུས་སུ་བརྐོས་ཤིང་། ལྡེབས་རིས་སྟེང་དུ་བོད་ཀྱི་བཙན་པོ་ཞིག་གིས་རྐང་རྗེན་དུ་སངས་རྒྱས་ལ་མཆོད་པ་འབུལ་བཞིན་ཡོད་པ་ཞིག་བཀོད་འདུག་བྲག་ཕུག་ཨང་སུམ་བརྒྱ་པ་ནི་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བརྐོས་པ་ཞིག་རེད། དེའི་ནང་དུ་སྟོན་པའི་སྐུ་བརྙན་སོགས་བརྐོས་ཡོད་པ་ངང་། སྐུ་བརྙན་དེ་དག་ཐང་རྒྱལ་རབས་ཀྱི་བརྐོས་རིས་སྒྱུ་རྩལ་ལྟར་བཞེངས་ཡོད། བྲག་ཕུག་ཨང་ང་ལྔའི་ནང་དུ་སུང་བྱང་མའི་སྐབས་སུ་བཞེངས་པའི་མཐོ་ཚད་ལ་སྨིས1.l2ཅན་གྱི་གསང་སྔགས་རྡོ་རྗེ་ཐེག་པའི་སྐུ་བརྙན་ཞིག་ཡོད། མའོ་ཀོ་ཁུའོ་བྲག་ཕུག་ཏུ་སུང་བྱང་མའི་སྐབས་སུ་བརྐོས་པའི་སྐུ་བརྙན་ཞིག་ཡོད། མའོ་ཀོ་ཁུའོ་བྲག་ཕུག་ཏུ་སུང་བྱང་མའི་སྐབས་སུ་བརྐོས་པའི་སྐུ་བརྙན་མཐོང་རྒྱུ་ཧ་ཅང་བཀོན་ན་ཡང་། འདི་ནི་གས་སྐྱོན་མ་བྱུང་བར་ཉར་ཚགས་བྱས་པ་ཆེས་ལེགས་པའི་འདྲ་སྐུ་ཞིག་ཡིན།

       ཏུན་ཧོང་ནི་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་གི་བང་མཛོད་ཅིག་ཡིན་པར་མ་ཟད། ཞིབ་འཇུག་དང་རྒྱུས་ལོན་བྱེད་པའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཀྱང་ཡིན་ནོ། །

མིན་ཧྲ་རི་བོའི་ཟླ་གམ་མཚེའུ།

月牙泉

        མིན་ཧྲ་རི་བོའི་ཟླ་གམ་མཚེའུའི་མཛེས་ལྗོངས་ས་ཁུལ་ནི་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་གྱི་མཁར་ལྷོའི་སྤྱི་ལེ་༥ཡི་སར་ཡོད། གནའ་ནས་ད་བར་དུ་“རི་ཆུ་མཉམ་གནས། བྱེ་ཆུ་མཉམ་གསོན་”གྱི་ངོ་མཚར་ཆེ་བའི་མཛེས་ལྗོངས་དེ་འཛམ་གླིང་ཐོག་སྐད་གྲགས་ཆགས་ཡོད་ལ།“ཟླ་མེད་ཀྱི་ཡུལ་ལྗོངས་”ཅེས་མཚན་སྙན་འབར་ཡོད། མིན་ཧྲ་རི་བོ་དང་ཟླ་གམ་མཚེའུ་དང་མོ་ཀའོ་བྲག་ཕུག་སྒྱུ་རྩལ་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་ཤིང་། ཏུན་ཧོང་མཁར་ལྷོའི་རྒྱུད་དུ་འབྲེལ་ཡོད། ཟླ་གམ་མཚེའུ་ནི་མིན་ཧྲ་རི་བོའི་ཕང་བ་རུ་ཡོད་ལ། དེའི་དབྱིབས་ནི་ཚེས་རིས་ཤིག་དང་མཚུངས་པས་ཟླ་གམ་མཚེའུ་ཞེས་འབོད་པ་རེད། ༡༩༩༤ལོར་མིན་ཧྲ་རི་བོའི་ཟླ་གམ་མཚེའུ་ནི་མཛེས་ལྗོངས་གྲགས་ཅན་ལ་“ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་བྱེ་ཐང་ཆེ་གྲས་ལྔའི་ཡ་གྱལ”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ༢༠༡༥ལོའི་ཟླ་༧པར། རྒྱལ་ཁབ་ཀྱི་AAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་གྱི་ཆོག་མཆན་ཐོབ་ཅིང་། ཀྲུང་གོ་དང་ཐ་ན་འཛམ་གླིང་མི་དམངས་ཀྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད།

AAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ།

ནུབ་ཀྱི་སྟོང་སྐུའི་བྲག་ཕུག

西千佛洞

       ནུབ་ཀྱི་སངས་རྒྱས་སྟོང་སྐུའི་བྲག་ཕུག་དེ་ཏུན་ཧོང་མའོ་ཀའོ་བྲག་ཕུག་གི་ནུབ་ཏུ་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། ཏུན་ཧོང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་35ལྷག་ཡོད་ཅིང་། གཙང་འགྲམ་གྱི་བྲག་རི་གཡང་གཟར་ངོར་བརྐོས་ཡོད། དེ་ནི་ཏུན་ཧོང་སྒྱུ་རྩལ་གྱི་གྲུབ་ཆ་གཙོ་བོ་ཡིན། པ་ལིའི་ཏུན་ཧོང་གི་ཁ་ཆེམས་ཡི་གེར་བཀོད་པ་ལྟར་ན།  ནུབ་ཀྱི་སྟོང་སྐུའི་བྲག་ཕུག་གི་སྔོག་འདོན་དུས་ཚོད་ནི་ཏུན་ཧོང་མའོ་ཀའོ་བྲག་ཕུག་ལས་སྔ་བ་དང་།  ཆེས་འཕྱི་ནའང་མའོ་ཀའོ་བྲག་ཕུག་གི་དུས་སྐབས་གཅིག་རེད།

བྲག་ཕུག་ནུབ་མ།

西千佛洞

སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ།

ཐུགས་རྗེ་ཆེན་པོ།

    དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་མི་སྣ་དག་ནི།  ས་སྒང་དགོན་གྱི་བསྟན་བདག་འཇམ་དབྱངས་ཐུབ་བསྟན་དར་རྒྱས། སྒོ་མང་དགོན་གྱི་ཁྲི་ཟུར་གདོང་སྤྲུལ་ངག་དབང་ཡེ་ཤེས། བསེ་དགོན་གྱི་བསྟན་བདག་དང་དོ་དམ་ཁང་གི་གཙོ་འགན་པ་བསེ་སྤྲུལ་ཀུན་དགའ་ཕུན་ཚོགས། རྟོགས་ལྡན་དགོན་གྱི་བླ་མ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཀིརྟི་རོང་དགོན་གྱི་ཁྲི་ཟུར་དང་དོ་དམ་ཁང་གི་གཙོ་འགན་པ་བཙན་སྤྲུལ་བློ་བཟང་ཚེ་རིང་། ཨ་འདུས་དགོན་གྱི་ཁྲི་ཟུར་དང་དོ་དམ་ཁང་གི་གཙོ་འགན་པ་ནག་སྤྲུལ་བསྟན་པའི་ཉི་མ། བསེ་དགོན་གྱི་བསྟན་བདག་མཁར་སྤྲུལ་བཀྲ་ཤིས་དོན་ཁོ།  ཁཱ་ཤཱི་དགོན་གྱི་དོ་དམ་ཁང་གི་གཙོ་འགན་པ་ཁཱ་ཤེས་རབ་རྒྱ་མཚོ་བཅས་ཡིན།

ཚྭ་ཁ།

茶卡盐湖

       ཚྭ་ཁ་ཚྭ་ཡི་མཚེའུ། ཚྭ་ཁ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ལྷོ་ཕྱོགས་སུ་ཡོད་པའི་རང་བྱུང་ཞུན་ཆགས་ཚྭ་མཚེའུ་ཡིན་ལ། ཚྭ་འདམ་གཞོང་གི་ཚྭ་མཚེའུ་ཆེན་པོ་བཞི་ཡི་གྲས་ཤིག་ཡིན།

      ཚྭ་ཁ་ཚྭ་ཡི་མཚེའུ་དང་སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། དུང་རི་ལྷ་མཚོ་བཅས་ནི་སྐད་གྲགས་ཆེ་བའི་“མཚོ་སྔོན་གྱི་མཛེས་ལྗོངས་ཆེན་བཞིའི”གྲས་ཡིན་པ་དང་། ཡུལ་སྐོར་བས་ཀྲུང་གོའི“ནམ་མཁའི་མེ་ལོང”ཟེར་གྱིན་ཡོད། རྒྱལ་ཁབ་ཀྱི་ཡུལ་སྐོར་ས་ཁམས་དུས་དེབ་ཏུ“མི་ཚེ་ཧྲིལ་པོར་ངེས་པར་འགྲོ་དགོས་པའི་ས་ཆ་༥༥”ཡི་གྲས་སུ་བདམས་ཡོད་པ་རེད། དེ་རུ་དགུན་ཁར་གནམ་གཤིས་གྲང་ཞིང་ཐན་པ་ཆེ་ལ་དབྱར་ཁར་ཆར་ཆུ་ཉུང་བ་དང་། ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་རང་བཞིན་གྱི་ཁོངས་སུ་གཏོགས་པ་དང་།  ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་༤℃དང་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་༢༡༠.༤ཟིན་ཡོད། ཚྭ་མཚོའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་༡༠༥དང་། མཚོ་ངོས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༡༠༠དང་། རིང་ཚད་ལ་སྟོང་སྨི་༡༥.༨དང་། ཞེང་ཚད་ལ་སྟོང་སྨི་༩.༢བཅས་ཡོད་ལ། ཆགས་དབྱིབས་འཇོང་བོ་ཡིན།

      ཁ་སང་དེ་རིང་དུས་ཚིགས་ཐམས་ཅད་ལ་ཡུལ་སྐོར་བ་མཚམས་ཆད་ཀྱི་མེད།

       དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་ལ་མཚོ་སྔོན་པོའི་འགོ་ཁྲིད་སྡེ་ཁག་གིས་རེ་བ་བཏོན་པ་བཞིན་ཉི་ཟླ་རི་བོ་རྟགས་ཅན་“日月山”དང་ཁུ་ནུ་རི་བོ་རྟགས་ཅན་“昆仑山”གྱི་མཚོ་གྲུ་ཆེན་པོ་གཉིས་ཤར་གཏོང་མཛད་སྒོར་རབ་གནས་བྱས་ཏེ་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་སྨོན་ལམ་བཏབ་ཡོད།

      我們寺院文化合作研究小組受邀青海湖管委會有關領導之請,為「日月山號」和「崑崙山號」兩艘游輪開航儀式進行開光加持典禮,祈福:民殷國富、繁榮昌盛!

      མཚོ་སྔོན་པོ་ནི་བོད་མདོ་སྨད་ས་ཁུལ་གྱི་མཚོ་ཞིག་དང་བོད་ཁམས་ཡོངས་ཀྱི་མཚོ་ཆེ་ཤོས་ཡིན། དེ་ཡང་ཤོད་རྒྱུན་དུ། གནའ་རབས་སུ་མཚོ་དེ་མ་བྱུང་བའི་སྔོན་ལ་ས་གནས་དེར་མི་ཁྱིམ་ཁྲི་ཚོ་ལོངས་པ་ཡོད་པ་ལ་མཚོ་བརྡོལ་ནས་མཚོ་ནང་དུ་ཤོར་བར་གུ་རུ་རིན་པོ་ཆེས་མཁྱེན་ནས་རྒྱ་གར་གྱི་གངས་ཆེན་པོའི་རི་རྩེ་མ་ཧཱ་དེ་ཝ་འཕངས་ཏེ་མཚོ་སྙིང་དུ་བྱུང་བ་སོགས་མཚོའི་བྱུང་བ་སྣ་ཚོགས་མཆིས་ཤིང་། མཚོའི་མཐའ་སྐོར་དུ་དམ་པ་དུ་མའི་སྒྲུབ་ཕུག་གནས་རི་ངོ་མཚར་བ་མང་བ་མ་ཟད་བྱ་གླིང་སོགས་འཛམ་གླིང་ན་ཆེས་ངོ་མཚར་བའི་བྱ་རིགས་སྣ་ཚོགས་ཀྱང་ཡོད།  མཚོ་འདིའི་མིང་ལ།  མཚོ་སྔོན་པོ།  ཁྲི་ཤོར་རྒྱལ་མོ།  ཁྲི་ཤོག་རྒྱལ་མོ་སོགས་མིང་འབྲི་སྲོལ་མང་།  བོད་ཀྱིས་མཚོ་འདི་རང་གི་བླ་མཚོ་དང་འདིའི་ནང་དུ་གཏེར་བུམ་འབུལ་བ་དང་ཀླུ་བསང་གཏོང་སར་མཆོག་ཏུ་བརྩི་བ་མ་ཟད་གྲྭ་པ་བསྙེན་མཚམས་པ་སོགས་མཚོ་སྙིང་དུ་ཕེབས་ཏེ་ལོ་མཚམས་དང་ཚེ་མཚམས་ལ་བཞུགས་སའི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

མཚོ་གཏེར་འབུལ་བ།

མཚོ་གྲུ་གསར་བ་མཚམས་སྦྱོར་བྱེད་བཞིན་པ།

མཚོ་གྲུ་གསར་བ་གཉིས་ལ་བགེགས་བསྐྲད་དང་རབ་གནས་བྱེད་བཞིན་པ།

བྲག་དཀར་སྤྲེལ་རྫོང་དགོན་པར་མཇལ་བ།
智盖赛宗

       བྲག་དཀར་སྤྲེལ་རྫོང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་མངའ་ཁོངས་ཀྱི་ནང་བའི་གནས་ཆེན་ཞིག་སྟེ། བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད། གནས་རྫོང་འདི་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ངམ་གངས་རིའི་ཕྲེང་བས་མཛེས་པའི་བསིལ་ལྗོངས་ཏེ། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ། ཡུལ་མདོ་སྨད་ཀྱི་སའི་ཆར་གཏོགས་ཨ་ཆུང་གནམ་རྫོང་དང་། ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་། ཤ་བ་རི་རྫོང་། བྲག་དཀར་སྤྲེལ་རྫོང་ཞེས་མདོ་སྨད་རྫོང་ཆེན་བཞིར་གྲགས་པའི་རྫོང་ཕྱི་མ་སྟེ། ངག་རྒྱུན་ལ། རྫོང་འདི་ནི་གནས་ཆེན་ཙ་རི་ཏྲ་ནས་མཆེད་པར་གྲགས་ཤིང་། གནམ་ལོ་ཤིང་སྤྲེལ་ལོའི་ཙ་རིའི་གནས་འདུས་ཀྱི་ལོ་ལ་འདིར་ཕྱག་བསྐོར་བྱས་ན། ཙ་རིའི་རོང་བསྐོར་དང་བྱིན་རླབས་མཉམ་པར་གསུངས་ཡོད་པའི་རྒྱུ་མཚན་གྱིས། གནས་འདི་ལ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་ངམ་གནས་ཆེན་ཙ་རི་ཏྲ་གཉིས་པ་ཞེས་ཡང་ཡང་བསྔགས་ལ། འདིའི་ཡོན་ཏན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྟེ། འདི་ནི་རང་བྱུང་ངོ་མཚར་ལྷུན་གྱིས་གྲུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་ས་ཞིག་ཡིན་པས་ན། འདི་ཉིད་མདོ་དབུས་ཁམས་གསུམ་དུ་གྲགས་ཆེ་བའི་གནས་མཆོག་ཅིག་ཡིན།


    གནས་མཆོག་བྲག་དཀར་སྤྲེལ་རྫོང་དགོན་གྱི་གཞན་ཕན་ལྷག་བསམ་ཅན་རྒན་ཞག་སྒྲོན་ནམ་འཇམ་དཔལ་མཁྱེན་རབ་ལགས་གཙོས་ནང་མི་སེར་སྐྱ་གང་མང་ཞིག་གིས་སྣེ་ལེན་གཟབ་རྒྱས་བྱས།


འབའ་ཡུལ་པོ་ཏ་ལ།

བྱང་བོན་བརྒྱ་ཁྱུང་སྨན་དགོན།

འདུ་ཁང་ནང་དུ་མཆོད་མཇལ་དུ་ཕེབས་པ།

     བྱང་བོན་བརྒྱ་ཁྱུང་སྨན་དགོན་དང་བོན་བརྒྱ་སྟག་ལ་འབུམ་གྱིས་སྣེ་ལེན་གཟབ་རྒྱས་བཤམས་ཤིང་། ང་ཚོས་དགོན་པའི་ནང་དུ་མཆོག་མཇལ་གྲུབ་རྗེས་དགོན་པའི་སློབ་གྲྭ་ལ་རོགས་འདེགས་བྱས།

བོན་བརྒྱ་ཁྱུང་སྨན་དགོན།

       བོན་བརྒྱ་ཁྱུང་སྨན་དགོན་ནི།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ཤར་ཕྱོགས་སྤྱི་ལེ་བར༥༡ མཚམས།  སུམ་མདོ་ཞང་གི་མངའ་ཁོངས་བོན་བརྒྱ་སྡེ་དྲུག་གི་སྡེ་དཀྱིལ།  རྒྱབ་རི་རྒྱལ་པོའི་གདན་ལ་བཞུགས་འདྲའི་ཡུལ་སྐྱོང་གནས་བདག་རྒྱལ་མོ་ཁྱུང་སྨན་གྱི་མདུན་ཞོལ་ཆགས་འདུག  འདིར་ཁྱུང་སྨན་དགོན་འདོགས་དོན་ནི།  རྒྱབ་རི་ཁྱུང་སྨན་ཞེས་བྱང་སྨན་དཀར་མོའི་གནས་རི་མཐོ་ལ་བརྗིད་ཆགས་པ།  ཁ་ལྷོ་ལ་འཁོར་བ།  ས་རྒྱ་ཆེ་ཞིང་མཐོང་རྒྱ་ཡངས་པ་འདིར། སྔོན་བསྐལ་བ་ཡ་ཐོག་ཞིག་ཏུ་ཡུལ་འདིའི་ལྷོ་ནུབ་ཕྱོགས་སུ་ཀླུ་བདུད་ཀྱི་ཆོ་འཕྲུལ་དུག་སྦྲུལ་ཆེན་པོ་ཞིག་བུད་པ་ལ།  བྱང་ཕྱོགས་ཀྱི་ནམ་མཁའ་ནས་བྱ་རྒྱལ་ཁྱུང་ཆེན་ཞིག་ལྡིང་སྐོར་ལན་གསུམ་བྱས་སྨན་རིའི་སྟེང་དུ་བབས།  ཀླུ་བདུད་ལ་སྤར་འཐབ་བྱས་ནས་བཏུལ་ཞིང་།  ཁྱུང་གིས་ངལ་གསོ་བའི་ཚུལ་བྱས་པའི་རྭ་གཉིས་དང་མཆུ་བཞག་པའི་ས་ལ།  ཁྱུང་གི་རྭ་བར་ཟེར་བའི་རི་གཉིས་དང་།  ཁྱུང་མཆུའི་གད་གོར་ཞེས་ས་མིང་ཐོགས་ཡོད།  གཤོག་པ་བརྐྱངས་པ་དང་དང་འཁོར་བྱ་ཕྲན་མང་པོས་བསྐོར་ནས་རི་རྩེར་བབས་པས་ཁྱུང་སྨན་དུ་བཏགས་པ་ཡིན་ཟེར།  མཚན་ཁ་ཚང་ལ།  བོན་བརྒྱ་ཁྱུང་སྨན་དགོན་མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་ཞེས་གསོལ།  དགོན་པའི་རྒྱ་ཁྱོན་ལ་མུའུ་སུམ་བཅུ་ཙམ་འདུག   གྲུབ་མཐའ་ནི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་རེད།  དགོན་འདིར་ཐོག་མའི་ཐུགས་སྨོན་དང་མཚན་གསོལ་བ་པོ་ནི་བོན་བརྒྱ་པ་བྱང་སྟོན་ནམ་མཁའ་རྒྱལ་མཚན་ཡིན་འདུག

      ཁོང་ནི་སྤྱི་ལོ་ ༡༩༠༢ ལོར་བོན་བརྒྱའི་ཐོ་སྐོར་དུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྟེང་བོན་བརྒྱ་རང་ཤར་རིག་གྲོལ་རྩལ་གྱི་ཡང་སྲིད་དུ་ངོས་འཛིན་བྱས།  གཡུང་དྲུང་ཕུན་ཚོགས་ལས་རིག་གནས་དང་།  ལམ་སྔགས།  དབང་ལུང་ཁྲིད་གསུམ་སོགས་མང་དུ་གསན། རྟོགས་ལྡན་དགོན་གྱི་ཡོངས་འཛིན་མཁན་ཆེན་བཟོད་པ་རྒྱལ་མཚན་ལས་ཤར་རྫའི་བཀའ་འབུམ་གསན།

      སྤྱི་ལོ་༡༩༣༧ ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་ཞལ་མཇལ་བར།  རིན་པོ་ཆེས་ཐུགས་བརྩེ་བས་བདག་རྐྱེན་གནང་སྟེ། “མདོ་སྨད་བྱང་ཁའི་ཕྱོགས་ཀྱི་བོན་བསྟན་བདག་སྐྱོང་བྱེད་དགོས་„ ཞེས་པའི་བཀའ་ཤོག་གསེར་གྱི་ཐམ་ག་ཅན་དང་།  དངུལ་གྱི་དུང་ཐེལ་བཅས་གནང་།  མདོ་སྨད་བྱང་ཕྱོགས་ཀྱི་རོང་འབྲོག་བོན་སྡེ་རྣམས་ལ་དབང་ལུང་ཁྲིད་གསུམ་དང་།  ཞི་ཁྲོ་ཐོས་གྲོལ་གྱི་སྒྲུབ་མཆོད་གསར་འཛུགས་གནང་།  གྲུབ་མཐའ་རིས་མེད་དུ་མང་འགྱེད་ཡང་ཡང་བཏང་། ཚེ་འབར་ལྔ་དང་།  མར་མེ་བྱེ་བ་གསུམ།  ཚོགས་འཁོར་ས་ཡ་གཅིག  རྟེན་གསུམ་བཞེངས་པ་སོགས་སྐུ་ཚེ་གང་བོར་བཤད་སྒྲུབ་ཁོ་ནས་དུས་འདའ་བར་བྱས།

      སྤྱི་ལོ་༡༩༥༨ ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ཤོར་དཀར་སྟེང་ལ་ས་དབྱིབས་དང་། འདུ་ཁང་།  གྲྭ་ཤག་སོགས་ཀྱི་དཔེ་རིས་བྲིས་ནས། གཤམ་དུ་“མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་”ཞེས་པའི་དགོན་པའི་མཚན་ཡང་བཀོད།

      སྤྱི་ལོ་༡༩༥༩ ལོར་སྐུ་གཤེགས། ད་ལྟའི་དགོན་པ་འདི་ཕྱག་འདེབས་མཛད་པ་པོའམ་དགོན་བདག་བླ་མ་ནི།  གཡུང་དྲུང་ལྷུན་གྲུབ་ཡིན་ལ།  ཁོང་གི་མཚན་ཁ་ཚང་ལ།  གཡུང་དྲུང་ལྷུན་གྲུབ་དབང་གི་རྒྱལ་པོ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཞུ།  རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་ ༡༩༣༧ ལོའི་ཟླ་ ༦ པའི་ཚེས་༤་ཉིན་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་ཤིང་། བྱང་སྟོན་ཆེན་པོའི་སྐུ་ཚ་ཡིན།  ཁོང་གི་མཛད་པ་རྒྱས་པར་རྣམ་ཐར་《སྐལ་ལྡན་པད་མོ་འབྱེད་པའི་ཉིན་བྱེད》དུ་གསལ། དགོན་པ་འདི༡༩༩༤ལོའི་ཟླ་ ༡༠ བའི་ཚེས་ ༡༢ ཉིན་མཚོ་ལྷོ་ཁུལ་ཆོས་ལུགས་ཅུ་ཡིས་དངོས་སུ་ཆོག་མཆན་གནང་སྟེ་ཆོས་སྒོ་ཕྱེས།  ཟླ་ ༡༡ པའི་ཚེས་ ༢༠ ཉིན་ཐོ་འགོད་འཛིན་ཡིག་གནང་།  བོན་བརྒྱའི་སྤྱི་བ་གསུམ་དང་སྡེ་བ་བདུན་གྱི་སྐྱ་སེར་མང་ཚོགས་ཀུན་གྱིས་དགའ་སྟོན་གཟབ་རྒྱས་བྱས། ༡༩༩༥ ལོར་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་།  གཡུང་དྲུང་ལྷུན་གྲུབ་རིན་པོ་ཆེ་ཁོང་ཉིད་ཀྱིས་ཀྲུའུ་རིན་གྱི་འགན་བཞེས་ཤིང་།  གོང་རིམ་གྱི་མགོ་ཁྲིད་འོག་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ།  ཆོས་ལུགས་གྲུབ་མཐའ་ཀུན་ལ་མཐུན་སྒྲིལ་སྒོས།  ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཞིང་། བོན་བརྒྱ་སྡེ་བདུན་གཙོ་བྱས་ཏེ་།  ཀོས་ཏེ་དང་།  ཀོས་ནན  ཐུན་ཏེ།  རྩེ་ཁོག  ཐུན་རིན   སི་ཁྲོན་གྱི་རྔ་བ་དང་།  དམར་ཐང་།  མཛོད་དགེ་སོགས་སུ་ཕེབས་ནས་ཆོས་རྒྱུན་བསྐྱངས་ཏེ་དད་ལྡན་མང་ཚོགས་ཀྱི་འདོད་མོས་བསྐངས།

    དམ་པ་ཁོང་གིས་གྲྭ་ས་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ཡིན་པས་དམ་པ་ཁོང་གིས་ཆོས་རྒྱུད་དང་དགོན་འདིའི་དགོན་འགོ་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ལ་གཏད་ནས་རྟོགས་ལྡན་མཆོག་སྤྲུལ་རྣམ་གཉིས་གཙོས་བླ་སྤྲུལ་གྲྭ་ཚང་གིས་སྔ་ཕྱི་ཀུན་ཏུ་གཟིགས་རྟོགས་གནང་བཞིན་བཤད་དང་སྒྲུབ་པའི་སྲོལ་བཟང་རྒྱུན་མ་ཆད་པར་གནས་བཞིན་འདུག དམ་ཁོང་གིས་ལྷ་སྡེ་ནང་མ་བོན་བརྒྱ་སྡེ་བདུན་འདི་ལ་ལྷ་ཆོས་དང་མི་ཆོས་ཕྱོགས་ཀུན་ནས་བསྐྱངས་ཤིང་།  རྩ་འཛུགས་རིམ་པ་ཁག་ལ་རོགས་སྐྱོར་དང་།  མི་རིགས་རིག་གནས་འཛིན་སྐྱོང་སྤེལ་བ་ལ་དམིགས་ནས་སློབ་གྲྭ་རྣམས་ལ་རྒྱབ་རོགས།  རྒྱ་བོད་ཀྱི་ནད་པ་ལ་སྨན་སྦྱིན།  བདག་མེད་དང་དབུལ་བོར་གནང་སྦྱིན།  སྣོད་བཅུད་འཆམ་མཐུན་ལ་ཡར་སྐུལ་སོགས་གཟུགས་ཅན་་གཟུགས་མེད་ཀུན་ལ་ཕན་པའི་མཛད་པ་བརྗོད་ཀྱིས་མི་ལངས།  བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་དོན་རླབས་ཆེན་མཛད།  མཐར་རྟོགས་ལྡན་ཁྲི་པ་རིན་པོ་ཆེ་དཔོན་གཡོག་དང་ཀོས་ནན་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ལ་དགོན་པ་བཅོལ་གདམས་བྱས་ནས།  སྣ་ཚོགས་ཆུ་རྟ་ཞེས་པའི་སྤྱི་ལོ༢༠༠༢ལོའི་ཟླ་དང་པོའི་ཚེས་གསུམ་ལ་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན།

     ད་ལྟ་སྤྱི་ལོ༢༠༠༩ལོའི་བོད་ཟླ༡༡ཚེས༡༠ཉིན་རྒྱལ་ཁབ་རིམ་པར་ཡར་ཞུ་ཆོག་མཆན་བརྒྱུད་ཤང་རྫོང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོས་བརྟག་ཞིབ་རབ་འདེགས་བྱས་སྟེ་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་ཁག་གིས་ཟན་རིལ་སྒྲིལ་ཏེ་ཡང་སྤྲུལ་འཁྲུལ་མེད་ཐུགས་ཐག་བཅད་པའི་ཁོང་རིན་པོ་ཆེའི་ཡང་སྤྲུལ་བོན་བརྒྱ་སྤྲུལ་སྐུ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་མཆོག་གིས་དགོན་འདིར་བདག་སྐྱོང་གནང་སྟེ་བྱ་བ་ཆེ་ཕྲ་ཚང་མ་ཁོང་གིས་ཡོངས་འཛིན་དང་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་སྒྲུབ་བཞིན།  དགོན་པ་འདི་རྒྱལ་གཅེས་ཆོས་གཅེས།  ཆོས་མཐུན་ཁྲིམས་མཐུན།  མཐུན་སྒྲིལ་ལྷིང་འཇགས།  རང་གཞན་བསྟན་འགྲོ་ཀུན་ལ་ཕན་པའི་དགོན་པ་ཞིག་ཏུ་འགྱུར་བར་བླ་གྲྭ་ཡོངས་ནས་མཉམ་དུ་འབད་རྩོལ་བྱེད་བཞིན་བཞིན་འདུག

སྤེན་དཀར་ཕུན་ཚོགས་དར་རྒྱས་གླིང་།

      མདོ་སྨད་རེབ་གོང་སྨད་ཀྱི་ཁོངས་སུ་ཆགས་པའི་སྤེན་དཀར་ཕུན་ཚོགས་དར་རྒྱས་གླིང་གི་རྟེན་གཙོ་རྗེ་དོ་ཁ་མར་མཇལ།

དགོན་འདིའི་མིང་དངོས་ལ་ཕུན་ཚོགས་དར་རྒྱས་གླིང་ཟེར། མདོ་སྨད་རེབ་གོང་སྨད་པའི་ཁོངས་སུ་ཆགས་ཡོད་ལ། དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། མདོ་སྨད་ཆོས་འབྱུང་དུ་རྗེ་སྐལ་ལྡན་པས་བཏབ་ཅེས་གསུངས། བྱ་ཁྱུང་གི་རྟེན་ཡིག་ཅིག་གི་ཁྲོད་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་པའི་བཤད་ཚུལ་ཡོད་ཅེས་གསུངས་པ་སོགས་ཡུལ་མིའི་ངག་རྒྱུན་སྣ་ཚོགས་འདུག ཕྱི་ལོ་༡༩༢༠ལོར་ཁ་ཆེའི་ཇག་དམག་གིས་གཏོར་ཞིང་། ཕྱི་ལོ་༡༩༢༣ལོར་བསྐྱར་བཞེངས་བྱས་ཟེར། ཕྱི་ལོ་༡༩༥༨ལོར་རྒྱས་གཏོར་བཅོམ་བཏང་སྟེ་ཆོས་སྒོ་བརྒྱབ། སྒྱུར་བཅོས་སྒོ་དབྱེའི་རྗེས་སུ་ཡུལ་མིས་བསྐྱར་བཞེངས་བྱས།

གནས་ཆེན་རྒན་གྱའི་བྲག་དཀར།

     འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་གནས་ཆེན་འདི་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐོག་མར་གནས་སྒོ་ཕྱེ་ཞིང་། དེ་ནས་ས་སྐྱའི་འགྲོ་མགོན་འཕགས་པ། ཏཱ་དབོན་གཞོན་ནུ་སེང་གེ སྟོང་འཁོར་མདོ་རྒྱུད་རྒྱ་མཚོ། ཀིརྟི་བསྟན་པ་རབ་རྒྱས། སྒོམ་ཆེན་དགེ་འདུན་ཤེས་རབ། བསོད་ནམས་ཡེ་ཤེས་དབང་བོ། ཤར་སྐལ་ལྡན་རྒྱ་མཚོ། གུང་རུ་མཁའ་འགྲོ་མ་རིམ་བྱོན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་བོ་ཟམ་མ་ཆད་པར་ཕེབས་ནས་གནས་མཇལ་དང་སྒོམ་སྒྲུབ་མཛད་པས་ཉམས་རྟོགས་འཕེལ་བ་དང་ངོ་མཚར་བའི་གཟིགས་སྣང་སྣ་ཚོགས་བྱུང་བ་སོགས་གནས་ཀྱི་ཆེ་བ་མང་དུ་སྣང་། གནས་འདིར་སྒོམ་སྒྲུབ་བྱས་ན་གནས་ཀྱི་བྱིན་རླབས་ཀྱིས་ས་ཆོད་ཆེ་བར་སྣང་བས་ནུས་པ་རྣམས་ཀྱིས་སྒོམ་སྒྲུབ་དང་མི་ནུས་པ་དག་གིས་ནི་ཕྱག་སྐོར་དང་གནས་ཞག་འཕེན་པ་སོགས་གནས་འབྲེལ་འཇོག་པ་ཤིན་ཏུ་མང་།
   འདིར་གཙོ་བོ་གནས་ཆེན་ཙ་རི་དང་བྱིན་རླབས་མཉམ་པ་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་རྒན་གྱའི་བྲག་དཀར་ཞེས་ཡོངས་སུ་གྲགས་པའི་གནས་འདི་ལ། རྩེ་སྐོར་བར་སྐོར་རིང་སྐོར་གསུམ་ཡོད་པ་ལས་བར་སྐོར་ལ་ཕྱིན་པའི་གནས་ཚུལ་ཡི་གེའི་གཟུགས་སུ་ཕབ་པ་ལ། སྐོར་ལམ་དུ་མ་ཎི་དབྱངས་སུ་གྱེར་བ་དང་ཁ་ཏོན་འདོན་པ། དགེ་བའི་སེམས་དང་བཅས་ངག་འཁྱལ་སྤངས་ཏེ་འགྲོ་བ་ཡིན། སྐོར་མགོ་གང་ནས་འཛིན་ན་དེ་ནས་ཡར་ལ་ཕྱག་གསུམ་འཚལ། སྤྲེལ་ལོར་བར་སྐོར་ཐེངས་གཅིག་ཕྱིན་ན་མ་ཎི་དུང་ཕྱུར་གསུམ་གྱི་ཕན་ཡོན་ཡོད་པར་བཞེད། བར་སྐོར་ལ་སྤྱི་ལེ༢༣ཡས་མས་ཡོད་ལ། མཚོ་ངོས་ལས་ཆེས་མཐོ་སར་སྨི༣༩༥༠དང་། ཆེས་དམའ་སར༣༡༥༦ཡས་མས་ཡིན།

བླ་བྲང་བཀྲ་ཤིས་འཁྱིལ།

甘肃-拉卜楞寺院

        དགོན་པ་འདི་རབ་བྱུང་བཅུ་གཉིས་པའི་ས་གླང་ཕྱི་ལོ་༡༧༠༩ ལོར་ཐོག་མར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་བཏབ། མདོ་སྨད་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཀྱི་གྲས་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པ་འཛིན་སྐྱོང་སྤེལ་གསུམ་དང་། གཞུང་ཆེན་བཀའ་པོད་ལྔར་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཚུལ་བཞིན་དུ་གནང་། དགོན་པ་འདི་ལ། ཐོས་བསམ་གླིང་གྲྭ་ཚང་། སྨད་རྒྱུད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད་པ་དང་། སྔོན་ཆད་དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་ལྷག་ཙམ་བཞུགས།


རྨ་ཆུ་རྫོང་དུ་འབྱོར་བ།

དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་རྨ་ནུབ་ཁྱམས་རིང་སོགས་ལེ་བར་སྟོང་ཕྲག་འགའ་བརྒལ་ཏེ་མཉམ་དུ་ཞིབ་འཇུག་རྒྱུས་ལོན་དུ་ཕེབས་ནས་བདེ་བླག་ངང་རྔ་གཡང་ཕྱུག་མོར་འབྱོར།

寺庙文化合作研究小组已平安到达阿坝
2019/07/29


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/8/26
གྲུབ་མཐའ་ལ་ཉེ་རིང་མེད་པར་འདི་ལྟར་མཛད་པ་སྙིང་ཐག་ནས་ཐུགས་རྗེ་ཆེ།🙏🙏🙏
 སྤེལ་མཁན: བསམ་པ་ལྷུན་འགྲུབ། སྤེལ་དུས:2019/8/13
ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་མ་མཆིས་ཤིང་། །ང་ཁྱོད་ཕམ་རྒྱལ་འཐབ་རྩོད་རིང་སྤངས་ཏེ། །བརྩེ་བའི་མཐུན་ལམ་རིང་མོ་སྐྱོང་བ་ཡི། །མཛད་པ་འཕྲིན་ལས་རྟག་ཏུ་རྒྱས་གྱུར་ཅིག །🙏🙏🙏🎉🎉🎉🎉[玫瑰][玫瑰][玫瑰]
 སྤེལ་མཁན: ཚུལ་ཁྲིམས་བཟང་བོ། སྤེལ་དུས:2019/8/13
གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་རྣམས་ཀྱིས་འདི་ལྟར་མཐུན་སྒྲིལ་དང་མཉམ་དུ་ཞིབ་འཇུག་བྱས་ཏེ་བོད་ཀྱི་ཆོས་རིག་གཉིས་ཆ་དད་ལྷག་ཏུ་རིག་གནས་འགྲུལ་བཞུད་འདི་ལྟ་བུ་ལ་རྗེས་སུ་ཡི་རངས་ཞུ།
 སྤེལ་མཁན: མེ་ཏོག སྤེལ་དུས:2019/8/13
ཡག་པོ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45432841
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1