དཔལ་དགེའི་མ་ཎི་དང་རྫ་དཔལ་སྤྲུལ་འཇུ་མི་ཕམ་སོགས་འཁྲུངས་སར་མཇལ་བའི་ཟིན་བྲིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དཔལ་དགེའི་མ་ཎི་དང་རྫ་དཔལ་སྤྲུལ་འཇུ་མི་ཕམ་སོགས་འཁྲུངས་སར་མཇལ་
དཔལ་དགེའི་མ་ཎི་དང་རྫ་དཔལ་སྤྲུལ་འཇུ་མི་ཕམ་སོགས་འཁྲུངས་སར་མཇལ་བའི་ཟིན་བྲིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/15ལྟ་ཀློག (22486)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འདྲ་སྐུ་བྱིན་ཆེན།

སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་བོད་སྡེ་རྫ་ཆུ་ཁ།

     སྔ་འགྱུར་རྙིང་མའི་རིག་གནས་ལ་མཛད་རྗེས་བླ་ནས་བླར་མཐོ་བའི་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། རྫ་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་འཁྲུངས་སའི་ས་ཆ་ཁམས་རྫ་ཆུ་ཁ་ཞེས་ཡོངས་སུ་གྲགས་པའི་ས་ཕྱོགས་ཉམས་དགའ་བ་ཞིག་ཡོད་པར་གྲགས་ཤིང་དེར་འགྲོ་འདོད་ཀྱི་སེམས་པ་ཤུགས་ཆེར་རྒྱས་ཏེ་སོང་བ་ཡིན།
      རྫ་སེར་ཤུལ་དགོན་ནས་བརྒྱུད་དེ་པཱ་ཐུལ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུའི་གདན་ས། རྫ་སྟོད་ལྕང་མ་རི་ཁྲོད་དམ་པཱ་ཐུལ་སྒར་དུ་ཕྱིན། གནས་དེ་ནི་མདོ་སྨད་ཕྱོགས་ཀྱི་བསྟན་པ་ལ་བརྩོན་པ་ཤུགས་ཆེར་གནང་བའི་མཁན་ཆེན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་མི་ལོ་དྲུག་གི་རིང་འཚོ་བ་ངན་ངོན་ངང་སློབ་གཉེར་གནང་སྟེ་བཞུགས་པ་དང་། གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་། དགེ་མང་མཁན་པོ་པདྨ་དབང་རྒྱལ་སོགས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་གསན་བསམ་མཛད་སའི་བཞུགས་གནས་དང་། ཀུན་མཁྱེན་བོད་པ་སྤྲུལ་སྐུ་གནས་དེར་ཕེབས་ནས་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་དང་མཇལ་འཕྲད་གནང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་བའི་མཚོན་ལོ་རྒྱུས་དུ་མ་ལྡན་པའི་གནས་འགངས་ཆེན་དུ་གཅིག་ཏུ་མངོན།

       ད་ལྟའི་གནས་དེ་རུ་ལྕང་མ་རི་ཁྲོད་དུ་བཤད་གྲྭ་ཁྱད་འཕགས་ཅན་ཞིག་དང་།   ཐུབ་དགའ་ཡིད་བཞིན་ནོར་བུ་དང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་གཉིས་མཉམ་དུ་བཞུགས་མྱོང་སའི་ཁང་པ། ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་མི་ལོ་དུ་མའི་རིང་དམ་ཆོས་འཆད་ཉན་བྱེད་པ་རུ་བཞུགས་སའི་བཞུགས་ཤུལ། རི་མགོ་རུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སྐུ་རྐྱང་ལ་བུད་ནས་དབྱར་ཁར་སྦྲང་བུ་སོགས་ལ་ལུས་སྦྱིན་གནང་སའི་རྡོ་ཕ་བོང་ཡོད་ཅིང་། ད་ལྟའི་ཆར་རྡོ་ངོས་སུ་ཆོས་དུང་དཀར་པོ་རང་བྱོན་མཇལ་རྒྱུ་ཡོད་པར་ཀུན་གྱིས་གླེང་། གཞན་ཡང་ཐུབ་དགའ་ཡིད་བཞིན་ནོར་བུའི་སྐུ་གདུང་འབུལ་བྱེད་ས། གདུང་རྟེན་མཆོད་རྟེན་ཆེན་མོ་ནང་རྟེན་ཚེམས་བྱས་ཡོད་པ་དང་། མ་ཎི་བླ་མ་པདྨ་སིདྡྷིའི་ཆོས་ཁྲི།  ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ནབ་གོས། མཁན་ཆེན་ཐུབ་དགའི་ཆོས་དུང་། ཁོང་གི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་སོགས་རྟེན་གནས་རྩ་ཆེན་མང་དག་ཅིག་དད་པའི་རྟེན་དུ་མ་ཉམས་པར་གནས་ཡོད་པར་གླེང་།


       དེ་ནས་རྫ་དཔལ་དགེ་མ་ཎིའི་རྡོ་མཁར་ཆོས་ཀྱི་ཕུང་པོའམ་དཔལ་དགེ་མ་ཎི་རྡོ་འབུམ་སྐོར་དུ་སོང་། དཔལ་དགེ་མ་ཎི་རྡོ་འབུམ་ནི་དཔལ་སྤྲུལ་སྐུ་ཕྲེང་དང་པོ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་རྡོ་བརྐོས་མ་ཎི་ཚེ་རིང་གི་རྡོ་དང་། རང་བྱུང་མ་ཎི་རྡོ་བརྐོས་སོགས་ལ་གཞི་བཅོལ་ནས་རྡོ་བརྐོས་པར་བཤད་ལ། ད་ལྟ་ས་མིག་དེ་རུ་མཆོད་རྟེན་ཞིག་བཞེངས་འདུག དཔལ་སྤྲུལ་སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་ཀུན་བཟང་མཆོག་ཡིན་ལ། ཁོང་གིས་སྔར་གྱི་རྨང་གཞིའི་ཐོག་སླར་ཡང་མ་ཎིའི་རྡོ་རིང་གཞི་རྒྱ་ཇེ་ཆེར་བྱས་ཤིང་། དབུས་གཙང་ཕྱོགས་ནས་འགྲོ་དོན་མཛད་མཁན་ཞིག་ཡིན་པར་གྲགས། དཔལ་སྤྲུལ་སྐུ་ཕྲེང་གསུམ་པ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཡིན་ཅིང་། ས་ཆ་སྟོད་སྨད་བར་གསུམ། ཉི་མ་ཤར་ལྷོ་སྒང་དྲུག་ལ་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད་ཅིང་། མ་ཎིའི་རྡོ་རིང་སྔར་ལས་ཇེ་ཆེར་བྱས། རྡོ་འབུམ་གྱི་རིང་ཚད་སྤྱི་ལེའུ་གཅིག་དང་སྨི་དྲུག་བརྒྱ་ཡིན་ཞིང་། གནའ་ནས་ད་ལྟའི་བར་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་མངོན།  ད་ལྟའི་དུས་སུ་སྐོར་བ་བྱེད་མཁན་དང་། གནས་མཇལ་བྱེད་མཁན་གྲངས་ཀྱིས་མི་ལང་བར་ཁྱུ་དང་ཁྱུ་བྱས་ཏེ་འགྲོ་བཞིན་པ་མཐོང་།

       དེ་ཙ་ན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་བླ་མ་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་གདན་ས་སྟེ་རྫ་ཁྲ་མ་ལུང་མཇལ་དུ་ཕྱིན། གནས་འདི་ནི་དབེན་པའི་ཡོན་ཏན་ཀུན་ལྡན་དང་།  མདུན་རི་སོགས་ས་དཔྱད་ལས་བཤད་པ་བཞིན་ས་ཡི་ཡོན་ཏན་ཀུན་ཚང་ཞིག་ཡོད་པར་གླེང་བཞིན་པ་དང་། གཞན་ཡང་འཇིགས་མེད་རྒྱལ་བའི་མྱུ་གུའི་གདུང་འབུལ་བྱེད་སའི་མཆོད་རྟེན། ཆོས་ཁྲི། ས་འོག་ནས་གཏེར་དུ་བཞེས་པའི་ཆུ་གཏེར་ངོ་མཚར་ཅན། ཁོ་བོའི་ཕྱག་རྗེས་སོགས་ཡོད་པར་མངོན།

     དེ་ནས་འཇམ་མགོན་མི་ཕམ་དང་རྫ་དཔལ་སྤྲུལ་གཉིས་ཀྱི་དངོས་སློབ་མཁན་ཆེན་ཀུན་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་ཀུན་དཔལ་དུ་འབོད་པས་ཀུན་མཁྱེན་བོད་པ་སྤྲུལ་སྐུ་ལ་དམ་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ནོད་ས། ཕྱིས་སུ་བོད་པ་སྤྲུལ་སྐུའི་གདན་ས་དང་། མཁན་ཆེན་བྱ་བྲལ་མི་ལ་གཉིས་པ་ཆོས་དབྱིངས་ཁྱབ་བརྡལ།  ཧོར་ཤུལ་གྱི་མཁས་པའི་དབང་པོ་མཁན་ཆེན་ཟླ་འོད་སོགས་ཀྱི་དཔེ་ཆ་སློབ་སྦྱོང་བྱེད་པའི་གནས། གནའ་དུས་སུ་སྔ་འགྱུར་རྙིང་མའི་བླ་མ་རྣམས་ཀྱི་གྲྭ་ས་ཆེ་ཤོས་སུ་གྱུར་བ་རྫ་སྟོད་དགེ་གོང་དགོན་ལུང་རྟོགས་པདྨོ་རྒྱས་པའི་དགའ་ཚལ་དུ་སོང་།  དགོན་དེ་རུ་ཀུན་མཁྱེན་བོད་པ་སྤྲུལ་སྐུ་ཡིས་ཆོས་འཆད་ཉན་བྱེད་སའི་གཙུག་ལག་ཁང་། མཁན་ཆེན་ཆོས་ཁྱབ་བཞུགས་སའི་བཞུགས་ཤུལ་རྣམས་ཡོད།

     སླར་ཡང་སྤྱན་རས་གཟིགས་དངོས་འཇིགས་མེད་གླིང་པའི་རྣམ་འཕྲུལ་སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། གསུང་གི་སྤྲུལ་པ་འཇིགས་མེད་ཆོས་ཀྱི་དབང་པོའམ་དཔལ་སྤྲུལ་རིན་པོ་ཆེ། ཐུགས་ཀྱི་སྤྲུལ་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པའི་ནང་ཚན་ལས་དཔལ་སྤྲུལ་རིན་པོ་ཆེ་འཁྲུངས་པའི་གནས་དང་། ཁོང་ཉིད་སྐུ་ཚེའི་སྨད་ལ་དེར་བཞུགས་པ་དང་། མཐར་དགོངས་པ་ཆོས་དབྱིངས་སུ་གཤེགས་སའི་གནས་རྫ་དཀར་ཆུང་རི་ཁྲོད་དམ་དཀར་ཆུང་ཀོས་མོ་འོར་ལི་ལ་སོང་། རི་ཁྲོད་དེ་ནི་ངག་རྒྱུན་དང་དད་གུས་ཅན་མང་དག་ཅིག་གིས།  བསམ་ཡས་མཆིམས་ཕུ་དང་། གངས་རི་ཐོད་དཀར་སོགས་དང་བྱིན་རླབས་མཉམ་ཞེས་བཤད།
       ད་ལྟའི་དུས་སུ་རྫ་དཔལ་སྤྲུལ་གྱི་བཞུགས་གནས་དང་། གདུང་ཚ། གདུང་ཐལ་སོགས་ཀྱིས་བཞེངས་བའི་མཆོད་རྟེན། གདུང་བཞུ་བྱེད་ས། ཆོས་ཁྲི། རི་ཁྲོད་དང་བར་ཐག་ཅུང་ཙམ་རིང་བའི་ལུང་པ་ཞིག་ཏུ་ས་འོག་ནས་གཏེར་དུ་བཏོན་པའི་གཏེར་ཆུ། ཁོང་གིས་ནམ་རྒྱུན་གནས་དེ་ནས་ཆུ་ལེན་པ་དང་། ཇ་བསྐོལ་སྤྱད་སོགས་དེ་བཀོལ་བ་རེད་ཅེས་ཡུལ་དེ་གའི་གནའ་མི་དག་གིས་བཤད། ལུང་མདོ་ནས་ཅུང་ཙམ་ཡར་ཕྱིན་པ་ན་རྫ་དཔལ་སྤྲུལ་འཇིག་རྟེན་མི་ཡུལ་འདིར་ལྟེ་ཁྲག་འཕོ་སའི་རྗེས་ཤུལ་སོགས་མཇལ་དུ་ཡོད།
       དེ་ནས་དགེ་མང་དབོན་པོ་བསྟན་འཛིན་ནོར་བུ་དང་། མཁན་ཆེན་ཡོན་དགའ། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་དང་། གཞན་ཡང་མཁན་ཆེན་དམ་པ་ཐུབ་དགའ་ཡིད་བཞིན་ནོར་བུའི་དངོས་སློབ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མཆེད་པོར་གྱུར་བ་རྫ་པདྨ་དབང་རྒྱལ་གྱི་གདན་ས་རྫ་དགེ་མང་དགོན་དུ་འབྱོར། ད་ལྟའི་ཆར་རྫ་དགེ་མང་དགོན་དུ་དབོན་པོ་བསྟན་འཛིན་ནོར་བུའི་ཐུགས་ལྗགས་སྤྱན་གསུམ་འཕོ་འགྱུར་མ་ཤོར་བར་མཇལ་རྒྱུ་དང་། པདྨ་དབང་རྒྱལ་གྱི་གདུང་འབུལ་བྱེད་ས། གདུང་རྟེན་མཆོད་རྟེན་སོགས་འདུག་ཀྱང་གནའ་བོའི་མཁན་ཆེན་དག་བཞུགས་སའི་རྗེས་ཤུལ་སོགས་ད་ལྟའི་སྐབས་སུ་གཅིག་ཀྱང་གར་ཡོད་དང་འདིར་ཡོད་བཤད་རྒྱུ་མེད་ཅེས་ཡུལ་གྱི་གྲྭ་པ་ཁ་ཤས་ཀྱིས་བཤད་པ་ཐོས་སོ། །

         སླར་སྔ་འགྱུར་རྙིང་མའི་བསྟན་པའི་སྲོལ་འཛིན་ཆེན་མོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལམ་འཇུ་མི་ཕམ་ཞེས་གྲགས་པའི་འཁྲུངས་གནས་དང་། གདན་ས་འཇུ་ཉུང་དགོན་གཉིས་སུ་སླེབས། འཁྲུངས་གནས་ཀྱི་ས་ཆ་དེ་ནི་པདྨའི་བཀའ་སྡོད་ཡུལ་སྐྱོང་དགེ་བསྙེན་ཆེན་པོ། ཟླ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་ས་ཡི་ཐིག་ལེ་ཡ་ཆུའི་དིང་ཆུང་དུ་སྐུ་འཁྲུངས་ཏེ། དྷཱི་ཡིག་དམར་སེར་སྦྲུམ་པའི་ངོ་མཚར་གནས། ། ཡ་ཆུའི་དིང་ཆུང་པདྨ་འཛུམ་པའི་ལྗོངས། ། ཞེས་གསུངས་པ་བཞིན་དང་། རྒྱབ་རིའི་ནང་རྟེན་ས་འཁོར་གཤིན་རྗེ་འཁོར་ལོ། མདུན་རི་གླང་ཆེན་འགྱང་འདྲ་ཡིན་ལ། གནའ་མི་དག་གིས་བཤད་པ་ལྟར་ན་རྒྱབ་རི་ངོས་སུ་འཁོར་ལོའི་སྒྲ་དངོས་སུ་ཐོས་པ་དང་། གཤིན་རྗེ་འཁོར་ལོ་རི་གསུམ་རྩེ་ནས་འཁོར། ། ཞེས་བཤད་ལ། རིག་གསུམ་མགོན་པའི་གནས་རི་ཡིན་ཞེས་ཡུལ་མི་དག་གིས་གླེང་།

      གཞན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་རྫ་ཆུ་ཁར་འབྱོན་པའི་ལམ་བར་ནས་གནས་དེར་རྒྱང་ནས་གཟིགས་ཏེ་ཟངས་མདོག་དཔལ་རི་དངོས་རེད་ཅེས་གསུངས་ཞེས་གནའ་མི་དག་གི་ངག་རྒྱུན་ལས་ཐོས། ད་ལྟའི་ཆར་འཁྲུངས་གནས་དེ་ངོས་ཟིན་ཆེད་མཆོད་རྟེན་དཀར་པོ་ཞིག་བཞེངས་ཡོད་ཅིང་། བཞེངས་སའི་ས་མིག་དེར་རྡོ་དཀར་པོ་སེང་གེ་ཙོག་འདུག་བྱས་པ་འདྲ་བ་ཞིག་གནའ་སྔ་མོ་མངོན་ཅིང་། དེ་འཇུ་མི་ཕམ་གྱི་ལྟེ་ཁྲག་འཕོ་སའི་ཡུལ་རེད་ཅེས་བཤད། མཆོད་རྟེན་དཀར་པོ་དེ་ནི་ཆོས་རྗེ་ཡིད་བཞིན་ནོར་བུས་བཞེངས་དགོས་ཚུལ་དང་། དམངས་སྒོར་ཁྲི་གཅིག་གནང་བའི་མཐུན་རྐྱེན་སོགས་ལ་བརྟེན་ནས་བཞེངས་པ་ཡིན་ཏེ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མཛད་རྣམ་རྒྱས་པ་ལས། “ དེ་ནས་འབུམ་གསར་དུ་བྱོན་པའི་ལམ་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་འཁྲུངས་གནས་ཡ་ཆུའི་དིང་ཆུང་མཇལ་སྐབས་ཕེབས་འཁོར་ལས་བབས་ཏེ། རྒྱང་མ་ནས་སྨོན་ལམ་བཏབ་ཅིང་འཇུ་ཉུང་དགོན་གྱི་མཁན་པོ་གཞོན་རིས་ཀྱི་ཕྱག་ཏུ་དམངས་སྒོར་ཁྲི་གཅིག་གནང་ནས་བླ་མ་མི་ཕམ་པའི་སྐུ་འཁྲུངས་ས་དེར་མཆོད་རྟེན་ཞིག་བཞེངས་དགོས་ཞེས་ཞལ་བཀོད་གནང་། ” ཞེས་གསུངས་པ་ལྟར་ལགས། གཞན་འཇམ་མགོན་བླ་མ་རང་ཉིད་ཀྱིས། རྩེད་འཇོའི་རོལ་པས་དྷཱི་མིང་ཅན་གྱིས་སྤེལ། ། ཞེས་གསུངས་པ་བཞིན་ངེས་ཤེས་རིན་པོ་ཆེ་སྒྲོན་མེ་རྩོམ་སའི་གནས་དང་། ནོར་བུ་མེ་འབར་མ་གྲུབ་ཆེན་ཨ་མོ་གྷས་མི་ཕམ་རྒྱ་མཚོར་གནང་བའི་གཏེར་རྡོ། ཀུན་མཁྱེན་མི་ཕམ་ཉིད་ཀྱིས་བརྐོས་པའི་འཇམ་དཔལ་དབྱངས་ཀྱི་རྡོ་སྐུ་བཅས་མཇལ་དུ་ཡོད།     

        གདན་ས་འཇུ་ཉུང་དགོན་ནི་འཇུ་བླ་གསང་སྔགས་ཀྱིས་ཕྱག་བཏབ་གནང་། འཇུ་མི་ཕམ་གྱི་གཟིམས་ཁང་དང་སྒྲུབ་ཕུག་གཉིས་པོ་མཉམ་དུ་ཡོད་ཅིང་། མིང་ལ་འཆི་མེད་མཆོག་གྲུབ་གླིང་ཞེས་འབོད། དེ་རུ་འཇམ་མགོན་མི་ཕམ་ལོ་གཅིག་དང་ཟླ་བ་དྲུག་ལ་བཞུགས་ཤིང་།  ལོ་རེ་ལ་ཉིན་བདུན་དང་། ཟླ་བ་རེ་ལ་བཞུགས་པར་བཤད། འཇམ་མགོན་མི་ཕམ་མ་བྱོན་པའི་གོང་རོལ་ནས་དབོན་པོ་སྒྲུབ་ལུ་སོགས་སྒྲུབ་ཁང་དེ་ནས་བཞུགས་ལ། ངག་རྒྱུན་དུ་ལོ་ཉིས་བརྒྱ་དང་དགུ་བཅུ་ལྷག་གི་ལོ་རྒྱུས་ཡོད་ཅེས་བཤད། ཀུན་མཁྱེན་མི་ཕམ་རྒྱ་མཚོས་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་ཚེ་སྒྲུབ་གསང་བ་འདུས་པ་དང་། འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་བསྙེན་སྒྲུབ་མཛད་པ་སོགས་དང་།  འཇུ་ཉུང་དགོན་དུ་ཞག་མ་གསུམ་གྱི་རིང་ལ་བཀའ་ཆོས་ཞག་གསུམ་གྱིས་ཐུགས་ལ་བཟུང་བའི་ལོ་རྒྱུས་སོགས་བརྗོད་ཀྱིས་མི་ལང་བ་ཡོད།  སྒྲུབ་ཕུག་དེའི་ནང་བཞུགས་ཀྱི་རྟེན་ནི། ངག་དབང་འཕྲིན་ལས་ཀྱི་ཁྱིམ་རྒྱུད་ནས་འཇུ་མི་ཕམ་རྣམ་རྒྱལ་གྱི་ཚེམས་གདུང་མཆོད་རྟེན་ཆེན་མོ། ནང་རྟེན་གཙོ་བོ་ནི། ཀུན་མཁྱེན་མི་ཕམ་པའི་གདུང་རུས། ཕྱག་ཕྲེང་། ནབ་གཟའ། དབུ་སྐྲ། ཕྱག་བྲིས་སོགས་འདུག གཞན་ཡང་འཇུ་བླ་ཚེ་རིང་དབང་རྒྱལ་གྱི་ཕྱག་རྔ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཚེ་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་སྐབས་ཆེ་ཚང་བཤམ་ས། མི་ཕམ་ཞབས་རྗེས་བཅས་རང་ཅག་གི་དད་པའི་བགོ་སྐལ་དུ་མ་ཉམས་པར་གནས་ཡོད་དོ། །


ཐུབ་དགའ་ཡིད་བཞིན་ནོར་བུའི་གདུང་ཞུའི་ལྷ་ཁང་།

       སྔ་འགྱུར་རྙིང་མའི་དགོན་སྡེ་དེ་དག་ལ་ཆེད་བསྐྱོད་བྱེད་པ་པོ་དྲང་འཚོལ་དུ་འབོད་པས་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་༢༠༡༩/༨/༡༥  ཉིན་མཇུག་རྫོགས་པར་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41152717
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1