གྲྭ་བཙུན་སྙན་ངག་པའི་སྡེ་"ཕོ་བྲང་དམར་པོ"་ཚང་གི་ལྷུག་རྩོམ་སྙན་ངག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »གྲྭ་བཙུན་སྙན་ངག་པའི་སྡེ་"ཕོ་བྲང་དམར་པོ"་ཚང་གི་ལྷུག་རྩོམ་སྙན་
གྲྭ་བཙུན་སྙན་ངག་པའི་སྡེ་"ཕོ་བྲང་དམར་པོ"་ཚང་གི་ལྷུག་རྩོམ་སྙན་ངག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/11/28ལྟ་ཀློག (29997)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ ཚིག་གིས་བངས་པའི་བརྩེ་དུང་།

 ཁ་བ་རང་གྲོལ།  

•༡•
       བརྩེ་བའི་རྒྱང་རིང་གི་ཡིད་འོང་ལགས། ང་ཡོད་སར་ཟླ་དགུ་བའི་སྟོན་ཟླ་སླེབས་བྱུང་། ད་ལྟ་ངས་འཁྲུལ་བར་སྣང་བའི་ཁྱོད་རང་ཁོ་ན་ཡིད་ནས་བརྗེད་ཐབས་མ་བྱུང་། ཡིན་ཡང་སྣང་ཞིང་སྟོང་བའི་འཇིག་རྟེན་འདི་ནས་ངས་ཁྱོད་ལ་བརྩེ་དུང་གི་རི་མོ་ཞིག་ཅི་ལྟར་འབྲི་ཨང་།
ལང་ཚོ་མ། ད་དུང་གསོན་དང་། ང་སྙིང་དུ་སྡུག་པའི་ཁྱོད་ལ་ཇེ་དགའ་རེད། ང་ཡིད་དུ་འོང་བའི་ཁྱོད་ལ་ཇེ་དུང་རེད། ངས་འདི་ལྟར་བརྗོད་པར་སྙིང་ཐག་པ་ནས་བཟོད་སྒོམ་གནང་རོགས་ཞུ། གཡོ་སྒྱུ་ཁྲམ་གསུམ་གྱི་བརྩེ་དུང་ཞིག་ཁྱོད་ལ་བཅངས་མེད་པའི་བདེན་དཔང་དུ་བརྗོད་པ་ཡིན། ཡིད་དུ་འོང་བའི་མེ་ཏོག་མ།
•༢•
       དེང་སང་ངའི་ཁ་པར་ནང་དུ་ཁྱོད་ཀྱི་འདྲ་རིས་གཅིག་ཉལ་ཡོད། དེ་ལ་བལྟས་ནས་སྙན་ངག་བྲིས། སྙིང་ཁུང་རུས་པའི་གཏིང་ནས་དྲན་གདུང་གི་འབོད་པ་བྲིས། དེ་དག་རེ་རེ་བཞིན་ཕྱོགས་བཞི་མཚམས་བརྒྱད་དང་གྱེས་པའི་རང་ཉིད་ཀྱི་ཡིག་སྒམ་དུ་བཅུག རེ་ཟུང་ནི་ཁྱོད་ཀྱི་ཕྱོགས་སུ་བསྐུར། ཨ་ལན་དང་བྲལ་བའི་བདག་གི་འཕྲིན་ཡིག་དེ་དག་ལྟ་རྟོགས་ཟབ་པའི་དྲྭ་ལམ་ནས་ཐར་ཐབས་མི་འདུག དེ་ལྟ་ནའང་། བདག་གི་སེམས་པ་ཁ་འབྲས་ཡག་པའི་ཁྱོད་དང་བྲལ་ཐབས་མ་བྱུང་།
•༣•
       ཚུལ་འཆོས་ཁོ་ནས་དུས་འདའ་བ་ཁ་ཅིག་གིས། བརྩེ་དུང་ནི་ཟློས་གར་གྱི་འཁྲབ་ཚན་ཞིག་ཏུ་རློམ་འདུག དེ་ནི་ཅི་འདྲའི་ཡིད་སེམས་སྐྱོ་ཞིང་ཞེ་སེམས་སྡུག་པའི་གནས་ཚུལ་ཞིག་རེད་ཨང་།
རྣམ་དག་གིས་འཚོ་ཞིང་རྣམ་དག་གིས་འཆི་ངེས་པའི་སེམས་སོང་ལགས། ཁྱོད་རང་སྨྲ་བ་མེད་པའི་འཇིག་རྟེན་འདིའི་སྟེང་གི་ཞོགས་པ་གྲངས་མེད་ཁྲོད་ཀྱི་ཆེས་མཛེས་པའི་ཞོགས་པ་ཞིག་རེད།
•༤•
       ལོ་དང་ཟླ་བ་ཅི་ལྟར་ཟད་པ་མ་ཤེས། ཁྱོད་ཀྱི་རྒྱབ་གཟུགས་ཁོ་ནས་ཀྱང་ང་ལ་དྭངས་གཙང་གི་མཁའ་དབུགས་བསྐྲུན་མྱོང་། འཆི་བ་མི་རྟག་པ་སྒོམ་ཞིང་མི་སྡུག་པའི་རྣམ་པ་ཡང་ཡང་ཡིད་ལ་དྲན་པར་བྱས་ནའང་། ཁྱོད་ཁོ་ན་དེ་དག་གི་འོབས་སུ་ལྷུང་ཐབས་མི་འདུག དེ་བས་ངས་ཁྱོད་ལ་འཁྱུད་སྦྱོར་གྱི་བྱེད་ལས་བྲལ་བའི་རྣམ་དག་གི་བརྩེ་བ་ཞིག་སྟོན་དགོས་བྱུང་སོང་། ང་མི་ཤེས་པའི་ང་ཡི་སྙིང་ལགས།
•༥•
       སེམས་སོང་ལགས། གྲོང་ཁྱེར་གྱི་འུར་ཟིང་དང་ཚུལ་འཆོས་ཀྱི་ལེ་ཚན་མཇུག་རྫོགས་དུས་མི་འདུག ཡང་གཅིག་བཤད་ན། ཁྱོད་ལ་མཚོན་ན་མི་གཅིག་གི་བརྩེ་བ་ནི་ཅི་ཡང་མིན་པའི་ངེས་པ་མེད་མི་སྲིད་པ་ཞིག་རེད། དེ་བས་ང་ཏོག་ཙམ་སྐྲག་ལ་ཅུང་ཙམ་དགའ་བའི་རྣམ་འགྱུར་དང་བཅས་འཕྲིན་ཡིག་མང་དུ་བྲིས།
•༦•
       སྙིང་ལགས། བརྩེ་དུང་དང་ལྡན་པའི་མི་ནི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་། བརྩེ་དུང་ལ་སྒྲིག་ལམ་ཡོད་སྲིད་དམ། གཏན་ནས་ཡོད་མི་སྲིད། གལ་ཏེ། དེ་ལྟའི་སྒྲིག་ལམ་གྱི་བརྩེ་དུང་ཞིག་ཡོད་ན་ད་གཟོད་མི་ནི་སྙིང་བོས་སྟོངས།
•༧•
       རྨི་ལམ་ནང་གི་ཁྱེད་ལགས། ངས་འཕྲིན་ཡིག་འདི་བྲིས་པར་ཇུས་འགོད་སྣ་ཚོགས་བྱས་ཏེ་འཆར་འགོད་གང་མང་བརྩམས། དཔེར་ན་ཐོག་མར་འདི་ཉི་མ་རེ་རེར་ཁྱོད་གླེང་ཚུལ་གྱི་འཚོ་བའི་ཁྲོད་ཀྱི་ཟིན་བྲིས་ཤིག་བྱེད་འདོད། དེ་བས་མིང་ལའང་འདི་ལས་གཞན་ཞིག་བཏགས་མོད། འོན་ཀྱང་ཐག་རིང་ནས་ཇེ་ཉེ་ཇེ་ཉེར་མཆེད་ཡོང་བའི་ཁྱོད་ཀྱི་བྱད་གཟུགས་དང་། ཐག་ཉེ་ནས་ཐག་རིང་དུ་ཕྱོགས་པའི་བདག་གི་ཉམ་ཆུང་བའི་དྲན་གདུང་དེའི་བདག་རྐྱེན་གྱིས་ང་ལ་འཆར་ཡན་གཞན་ཞིག་བསྩལ་བྱུང་། དེའི་སྟབས་ཀྱིས་ཚིག་གིས་བངས་པའི་རི་མོ་གང་མང་ཞིག་ངས་གྱང་ངོས་སུ་བཀལ་ཡོད། གཞན་སུ་གཅིག་གིས་ཀྱང་མཐོང་བྲལ་བའི་དྲན་གདུང་ཨང་།
•༨•
       དེ་རིང་། སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་གྱི་མཚན་མོ་སྟེ་ཟླ་དགུ་བ་ནས་བྲིས་མགོ་བརྩམས་པའི་འཕྲིན་ཡིག་འདི་དོ་ནུབ་མཇུག་གྲུབ་སྙིང་གློ་རྡེག་ཏུ་འབར། འཕྲིན་ཡིག་འདི་ནི་ངས་ནམ་རྒྱུན་དུས་ཚོད་མང་ཙམ་བཀོལ་བའི་བརྩམས་ཆོས་དག་གི་གྲས་སུ་ཐེ། ཡང་གཅིག་བཤད་ན། དེ་ནི་མཚམས་རེར་སྟེས་དབང་དང་ལེ་ལོ་གང་རུང་གིས་ཡིན་ཡང་སྲིད། ངས་བསམ་ན་སྔ་མ་དེ་ཡིན།
ལོ་འདབ་རླུང་གིས་སྤུར་བའི་གདུང་བ། གནམ་ངོར་བྱེ་རྡུལ་འབྱར་བའི་སྡུག་བསྔལ། ཁོ་བོའི་དྲན་གདུང་དང་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་ལས་ཀྱི་བདག་མོས་བདག་གི་བརྩེ་བ་ལ་བྱིལ་བྱིལ་གནང་བཞིན་འདུག་ཨང་སྙམ། རེད་དམ་མ་རེད། ང་ལ་སྙིང་ཉེ་བའི་ཨ་ལན་ཞིག་གནང་རོགས།
•༩•
       ངས་བརྩེ་དུང་གི་གླུ་སྐད་ལ་ལོ་རྒྱུས་སྟེང་གི་སྒྲིག་འཛུགས་རིགས་ཤིག་གིས་དམའ་འབེབས་ཚ་ཐག་ཆོད་པོ་རེ་གནང་ཡོང་། དེ་ལྟ་ནའང་། ང་ཡི་ཟུངས་ཁྲག་གི་བཞུར་རྒྱུན་མ་འཇགས་པའི་བར་དུ་དབུལ་ཞིང་ཕོངས་པའི་རང་ཉིད་ཀྱི་བརྩེ་བ་དང་འཆར་ཡན་གྱི་འཚོ་བ་ལ་གཏན་ཏུ་རྒྱབ་འགལ་བྱེད་པའི་བསམ་པ་མི་འདུག དེ་བས་སྙིང་ཉེ་བའི་ཉམས་འགྱུར་རེ་རེ་གཡོ་སྐྱོམ་གྱི་འཚོ་བའི་ཀློང་ནས་ང་ཡི་གཟུགས་དང་ཚོར་ཤེས་སོགས་སུ་གྲུབ་ཟིན། སྙིང་བོ་དང་བྲལ་བའི་ང་སྙིང་བོ་ལྡན་པར་གྱུར།
•༡༠•
       དེ་ལྟར་ང་ལ་ཐོབ་པ་ནི་བཤད་ཡམས་དང་མ་རངས་པའི་རྣམ་འགྱུར་ཁོ་ན་ལས་ཅི་ཡང་མ་རེད་མོད། འོན་ཀྱང་ལས་དང་སྐལ་ལ་དབང་བའི་སྐད་ཆ་དང་རྣམ་འགྱུར་དེ་དག་བདག་གིས་ཆེས་ཆེ་བའི་ལོངས་སྤྱོད་དུ་བསྒོམས་ཏེ་ཁྱོད་ཚོ་ཚང་མར་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད། བདག་སྙིང་ནས་དགའ་ཞིང་བརྩེ་བའི་ཁྱོད་ཀྱིས་བལྟས་ནའང་བཤད་ཡམས་དང་མ་རངས་པའི་རྣམ་འགྱུར་ལ་བརྡར་བའི་ང་ཡིད་དུ་མི་འོང་ངམ། སྙིང་བོ་མི་འདུག་གམ།

༢༠༡༩.༡༡.༡༧ མཚན་མོར་གྲུབ།

«སྒྲོལ་མར་འཁྲེང་བའི་རྨི་ལམ།»

སོག་སྨྱུག   མཚོ་ལྷོ།

       ཁ་བའི་མཛེས་རྒྱན་བཀླུབས་པའི་འབྲོག་སྡེ།  སྦྲ་ནག་གྲུ་བཞི་བརྒྱངས་པའི་གནས་ལམ།
གཡང་དཀར་ལུག་ཁྱུ་འཁོར་བའི་ར་བ། སྒོ་ཁྱི་ལྷང་ལྷང་ཟུག་པའི་ལྷས་མཐའ་ན་གཉོམ་དུངས་དུངས་དང་། ཞལ་འཛུམ་འཛུམ་གྱིས་བཞུགས་པའི་སྒྲོལ་མ། ལྷད་མེད་པའི་བརྩེ་དུང་གི་བདག་མོ་སྒྲོལ་མ་ལགས། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་མཚན་མོ་ཞིག་ལ། དབེན་ཐང་ཐང་གི་མཁའ་དབྱིངས་སུ་ཅེར་བཞིན། མ་འོངས་པའི་གནས་ཡུལ་དྲོན་མོ་ཞིག་དྭངས་གསལ་ཡིད་ཀྱི་ངོ་བོར་ཝ་ལེར་ཤར་དུས། མེ་ཏོག་གིས་བརྒྱན་པའི་ལམ་བུ་ཞིག་ལ་རེ་སྨོན་གྱི་མདུད་པ་བརྒྱབ་ནས། ལས་དབང་གི་རྡོག་བརྫིས་མ་ཐེབས་པའི་ཁ་བ་དང་། ཁ་བའི་མཛེས་ཉམས་ལ་ཆགས་པའི་སྒྲོལ་མ་ལགས། ཁྱེད་ཀྱིས་བརྩེ་དུང་གི་ཞིང་ཁམས་འགྲིམ་དུས།བདེ་སྐྱིད་ཀྱི་དགོད་སྒྲ་སྒྲོགས་མྱོང་ལ། གྱེས་བྲལ་གྱི་རྨི་ལམ་འགྲིམ་དུས། སྐྱོ་གདུང་གི་མིག་ཆུ་བཞུར་མྱོང་། ལྷིང་འཇགས་གི་ཟླ་འོད་ངོགས་ནས་སྙིང་གྲོགས་ལ་བསྒུག་ནས་ཡུན་རིང་འགོར།

       ཁ་བ་དང་སྒྲོལ་མ། སྒྲོལ་མ་དང་ཁ་བ།  ལན་རེར་བརྩེ་དུང་གི་ཁ་དོག་དཀར་ཞིང་གཙང་ལ། ལན་རེེར་ཚ་ཟེར་གྱི་དྲོད་རླབས་ཆེན་པོའི་བསྐམས་ཀྱང་མྱོང་།   རྨི་ལམ་མ་ཡིན་ལ་མངོན་སུམ་ཡང་མ་ཡིན་པའི་ཚོར་ཤེས་ཀྱི་མདའ་མོ་དེས། སྐྱིད་ལ་སྡུག་པའི་འཇིག་རྟེན་འདིའི་འཁོར་ཡུག་གང་སར་འཕང་ཡང་། ལས་དབང་གི་རི་དྭགས་བཀྲོགས་མ་ཐུབ། དགའ་སྐྱོ་ཆགས་གསུམ་གྱི་ཁ་བའི་ཟེགས་མ་རེ་རེ་སྒྲོལ་མའི་དཀར་གཙང་གི་ངོ་གདོང་དང་།  ནག་སྣམ་གྱི་ལན་བུ་འཐོར་བའི་མུ་ཏིག་གིས་ཕྲ་ཚོམས་བཀོད་པ་དང་ཀུན་ནས་མཚུངས། དྲན་གདུང་གི་སྙིང་ཆུང་འདི་ལྷོག་ལྷོག་ཏུ་ལྡིང་སྟེ་དྲག་ཏུ་ཁོལ་བའི་འཕར་རྩའི་དྲོད་ཁོལ་ལས་རུམ་ཁ་ནས་རླངས་པ་འཐུལ་བའི་ཁ་བའི་མེ་ཏོག་ཞུ།

      འཁྱགས་སིབ་སིབ་ཀྱི་ཆུ་ཐིགས་རེ་རེ་བྲང་གཞུང་དུ་ཐིམ་པས་ལུས་སེམས་ལ་བདེ་བའི་ཁྱབ་པ་ཐེངས་གཅིག་ག་ལ་ཡིན།  ཁ་བའི་རི་སིལ་འགྲིམ་པའི་སྒྲོལ་མ་ལགས།  ཕྱིར་མིག་ཐེངས་གཅིག་གཟིགས་རོགས།  ནུབ་ཕྱོགས་ཀྱི་མཁའ་ན་འོད་དུ་མཚེར་བའི་སྐར་མ་དེ་སུ་རེད།  དུང་གི་ཟླ་བའི་འོད་ཀྱིས་བསྒྲིབས་མ་མྱོང་ལ།  དགུང་ཉི་མའི་འོད་ལ་འཇིགས་མ་མྱོང་པར་རྟག་བརྟན་གྱི་བཞུགས་པའི་བདག་སེམས་ཀྱི་སྐར་མ་ཆུང་ཆུང་། སྐར་ཚོགས་དང་ལྷན་དུ་མི་འགྲོ། སྤྲིན་ནག་དང་སྤྲིན་དཀར་གྱི་བར་ནས་མི་བརྗེད་པར་ནམ་ཡང་ཁྱེད་ལ་བལྟས་ཤིང་ཁྱེད་ལ་འཁྲེང་། ཁྱེད་རང་མེ་ཏོག་གི་རྩེད་རར་འགྲིམ་དུས།གཞིས་ཁྱིམ་གྱི་བདག་མོར་གྱུར་དུས།  ལས་དབང་ཁ་བ་ལ་བཅོལ་བའི་སྒྲོལ་མ་ལགས། འཇའ་ཚོན་ལྟ་བུའི་གནས་ཡུལ་བསྙེེགས་དུས།  དུས་ནམ་ཡང་ལྷག་བསམ་གྱི་འོད་དཀར་སྦྱིན་མཁན་དེ་སུ་རེད། དེ་ནི་རང་བཞིན་གྱི་སྐར་མ་ཞིག་མ་ཡིན་པར། བརྩེ་བ་རི་ལས་མཐོ་ཞིང་།  དུངས་བ་མཚོ་ལས་ཟབ་པའི་སེམས་ཀྱི་མི་དེ་རེད།  ཁ་བ་དང་སྒྲོལ་མ། སྐར་མ་གསུམ་ལྷན་དུ་འཛོམས་པའི་སྐལ་བ་ཞིག་ཡོད་དམ། སྒྲོལ་མ་ལགས།
                                 ༢༠༡༩/༡༡/༡༦/ཉིན་ཟི་ལིང་ནས་བྲིས།

ཕྱིར་མི་ལྡོག་པ།

གངས་ཚ་འཇོམས།  མགོ་ལོག

ས་སྲོད་དེར། གཅིག་པུར་ཁང་མིག་གི་གྲུ་ཟུར་དུ་བསྡད་དེ་ཡུན་རིང་ཞིག་ལ་སྒོ་ཕྱིར་འབུད་མ་ཐུབ་པར་ལུས་སོང་། ངས་ཁེར་རྐྱང་གི་གྲིབ་གཟུགས་ཁོ་ནར་ཅེར་ཏེ་འཇིག་རྟེན་འདིའི་སྟེང་གི་བདེ་སྐྱིད་ཕྲན་བུ་རེ་ཐོབ་ཕྱིར་རང་ཉིད་ལ་ཨུ་ཚུགས་མཐའ་སྐྱེལ་གྱིས་བསྡད་པ་ཡིན། སེམས་ཀྱི་ལོངས་སྤྱོད་དུ་གྱུར་བའི་ཁྱོད་དང་གཏན་ཏུ་བྲལ་རྗེས་རྡོ་ལ་གས་ཆག་ཤོར་བ་ལྟར་ངའི་འཚོ་བ་ལ་ཡང་སྔར་དང་མ་འདྲ་བའི་འགྱུར་ལྡོག་ཅིག་བྱུང་ཡོད།

     རླུང་བུ་ལྡོམ་པོ་ཞིག་དལ་བུར་སྒེའུ་ཁུང་ལས་ལྡང་འོང་དུས་ངས་ད་དུང་ཟླ་འོད་ཀྱི་ཁ་གཏད་ནས་སུ་ཞིག་གི་མངགས་བཅོལ་བཞིན་འཕྲིན་ཡིག་ཚན་པ་རེ་གཉིས་ཤིག་འབྲི་བཞིན་ཡོད། ཚོར་བ་ཤིན་ཏུ་སྐྱེན་པའི་མཚན་མོ་དག་ཏུ་བག་ཟོན་དང་བྲལ་ཏེ་《ནད་པ་རོལ་ཚོགས་》ཀྱི་གཞས་ལ་ཉན་གྱིན་སྐབས་རེར་དཔེ་དེབ་རེ་ཟུང་ཀློག་པ་དང་ལན་རེར་སྙན་ངག་ཐར་ཐོར་རེ་བྲིས་ཏེ་མཚན་ཞག་རིང་མོ་འདི་དེ་ལྟར་བསྐྱལ་བ་ཡིན།

       ང་རང་གནས་འདིར་སྡོད་ནས་ཡུན་རིང་འགོར་ནའང་དྲན་ཡུལ་ནས་གསུབ་ཐབས་མེད་པ་ནི་ཁྱེད་དང་འབྲེལ་བའི་སྐད་ཆ་དང་འདྲ་གཟུགས་འདི་དག་རེད་འདུག   ངས་རང་ཉིད་ལ་ཡང་ནས་ཡང་དུ་གནས་འདི་ནས་མི་ཚེ་སྐྱེལ་འདོད་ན་ཁྱོད་རང་དྲན་པ་ནི་ཉེས་པ་དང་སྡུག་བསྔལ་འབའ་ཞིག་ལས་ཅི་ཡང་མིན་པས་ཆུའི་ངོས་ཀྱི་རི་མོ་ཡལ་བ་བཞིན་བརྗེད་པར་གྱིས་ཞེས་བསྐུལ་ནའང་།ད་དུང་ཁྱེད་རང་སེམས་ངོགས་སུ་འཁྲི་ནས་སྙན་ངག་དང་འཕྲིན་ཡིག་བྲིས་ཏེ་ཁྱོད་ཀྱི་འཕྲིན་ལན་ལ་ངང་སྒུག་བྱས།

        དུས་ཚོད་དང་ལོ་ཟླ་དེ་ལྟར་རྫོགས་ནའང་ཁྱོད་ནི་ང་ཡིས་སྐྱེད་ཚལ་དུ་བཏབ་པའི་མེ་ཏོག་ཅིག་ལྟར་སྙིམ་པར་བཟུང་ནས་ཁོ་བོ་མ་འཆི་བར་དུ་ཁྱོད་ཀྱི་བསུང་ངད་ཁོ་ནས་རང་ཉིད་ལ་དོན་དམ་པར་བདེ་སྐྱིད་ཅེས་པ་ཅི་འདྲ་ཞིག་ཡིན་པ་ཤེས་སུ་བཅུག་འདོད། རྟག་པར་མཚན་མོ་ཧྲིལ་བོ་ཁེར་རྐྱང་དུ་མུན་པའི་ནང་ནས་ཟླ་འོད་ལ་ལྟ་བཞིན་རང་ཉིད་ཀྱིས་ཆེས་བློས་མི་ཐོངས་བ་དེ་དག་དང་རིང་དུ་ཅི་ལྟར་གྱེས་དགོས་པ་ལ་བསམ་གཞིག་བཏང་བ་ཡིན།ང་ནི་ད་ལྟའི་རང་ཉིད་ལ་དགའ་སྐྱོ་གདུང་གི་ཀློང་ན་ཁེར་རྐྱང་དུ་འཚོ་བའི་རུས་པ་སྲ་མཁྲེགས་ཅན་གྱི་རང་ཉིད་ལ་དགའ།

         གྲང་ལྷག་རྒོད་པའི་ཕ་ཡུལ་གྱི་རུམ་གོང་ནས་ངས་ཨ་ཆུ་ཆུ་ཟེར་ནས་སྡུག་སྨྲེ་མ་བཏོན་པར་རི་སྒང་གི་སྤོ་ནས་མགོ་སྐྲ་རླུང་ཁར་བསྐྱོན་བཞིན་ཅི་མི་སྙམ་པར།        ཁེར་རྐྱང་དུ་ནང་སེམས་ཀྱི་སྒེའུ་ཁུང་ཡངས་པོར་ཕྱེས་ཏེ་ཁྱེད་ཕྱོགས་སུ་ཅི་ཞིག་ལྷག་སོང་བ་ལྟར་མིག་མི་བཙུམ་པར་ལྟ་བཞིན་ཡོད།   ཡིན་ནའང་། ད་ནི་ང་རང་ཕྱིར་མི་ལྡོག་པར་མདུན་ཕྱོགས་ཀྱི་ལམ་ཕྲན་དེར་འཇུག་འདོད།སྙིང་ཉེ་བའི་མི་ལགས་ཁྱེད་རང་བདེ་བར་བཞུགས་མཛོད།
                                     ༢༠༡༩-༡༡-༢༠ཉིན་བྲིས།

བར་ཐག་དང་སྐྱོ་བ།

རོལ་སྐུད། རྔ་བ།

        སྔར་བཞིན་ལྷིང་འཇག་གེར་གནས་པའི་མཚན་ལྗོངས་འདིར། ངའི་སྟོང་བསམ་གྱི་ཤོག་བུའི་ངོས་སུ། དྲན་པའི་འཇིངས་སུ་ལུས་པའི་སྙིང་ཉེ་ལགས་ལ། སླར་ཡང་བཟོ་བསྐྲུན་ཀྱི་སྐུད་པ་ལྟ་བུའི་དབྱངས་གསལ་ག་ཙམ་གྱིས་མཚན་མོ་འདི་འགྲོ་ཐབས་བྱེད་ཀྱིན་ཡོད་ལ། ཡི་གེའི་ཕོ་བྲང་གི་གཏིང་དུ་བཞེངས་པའི་སྒྱུ་འཕྲུལ་གྱི་སྐད་ཆ་དང་སེམས་ཚོར་ཞིག་གིས། དྲན་གདུང་གི་སྨུག་པ་སེམས་ཀྱི་རི་མགུལ་དུ་འཁྱུད་དེ། དབྱར་ཀ་ལྟ་བུའི་རང་བྱུང་གི་སེམས་པ་ཁྱེད་སར་སྨིན་ཆོག་པའི་དུས་ཚོད་ཅིག་ངང་གིས་ངའི་ཉེ་སར་བཏུད་འོང་།

       ཉི་ཤར་ནས་ཉི་ནུབ་བར། ངའི་ཚེ་སྲོག་དབུགས་རྒྱུན་དལ་གྱིས་བགྲོད་པའི་དུས་ཚོད་རེ་རེར། རྒྱང་རིང་ཞེས་ལག་ཏུ་མི་ཐོབ་པའི་དངོས་པོ་ཞིག་ལ་ཞིབ་འདང་རྒྱག་གིན། སྟོན་ནམ་རིང་མོའི་ཙག་རླུང་གིས་ལུས་ཀྱི་ཕྱི་ནང་གི་དྲོད་ཁོལ་གང་སར་སྤུར་གྱིན་འདུག་ལ། ཞེ་ཡི་སྡོང་མགོ་བབ་པའི་ཚེ་སྲོག་ལྟ་བུའི་བྱེའུ་ཆུང་ཞིག་གི་སྒྲོ་གཤོག་གི་འཇམ་ཤའང་ག་ལེར་བར་ཐག་ཞིག་གིས་ང་དང་ཁ་བྲལ་གྱིན་འདུག ། དོན་དམ་པར། བར་ཐག་ནི་ཚེ་སྲོག་གི་ཆུ་བོ་ཤང་ཤང་དུ་བཞུར་བའི་འཇིག་རྟེན་ནས། སྐྱོ་སྣང་དང་ཡི་མུག་སྟེར་བྱེད་ཀྱི་མཐའ་མཇུག་གི་རོལ་དབྱངས་སྙོམ་པོ་དེ་ཡིན་ལ། སེམས་ཁམས་ཀྱི་གནམ་གཤིས་འགྱུར་ལྡོག་ཏུ་གཏོང་བྱེད་ཀྱི་དགུན་ཁ་ལྟ་བུའི་གྲང་འཁྱག་གི་རྡོ་བ་དེ་རེད།  

        གལ་ཏེ་འཆར་ཡན་དང་རྟོག་འགྱུའི་འཁྲབ་གཞུང་ནས་ང་ལ་དབང་ཆོག་ཆོག་གི་མཛའ་བརྩེ་ཞིག་རྙེད་སྲིད་ན། ལོ་ཟླ་ནི་ཟིན་མེད་ཀྱི་རླུང་བུ་ཞིག་དང་འདྲ་ཡང་། ངའི་ཚེ་སྲོག་གི་སྡོང་བོ་ག་ཙམ་ལ་མི་རྙིད་པ་དེ་སྲིད་དུ། ཧ་ཅང་ལྗང་མདོག་ལྡན་པའི་ལོ་འདབ་ཀྱིས་ཡིད་འོང་གི་གནས་མལ་ཞིག་ཅིས་ཀྱང་བཟོ་སྲིད་ལ། བར་ཐག་གི་མུན་ནག་རྒྱང་རིང་རྒྱང་རིང་ཞིག་ལ་གཏན་དུ་བྱེར་ཏེ། སྨྲ་བརྗོད་ལས་འདས་པའི་མཛེས་སྡུག་ཅིག་ལ་ནམ་ཡང་ངལ་རྩོལ་ཞུ་ཆོག་ཏེ། དྲན་པའི་སྒྲོམ་དུ་ལུས་པའི་ཡུན་རིང་གི་སྐད་ཆ་དེ་ཚོ་སྦ་གསང་དང་དོགས་ཁྲེལ་མེད་པར་ཁྱེད་ཁོ་ནར་བཤད་སྲིད།

       ལོ་ཟླའི་སྒལ་གཞུང་ནས་ཚེ་སྲོག་ལྟ་བུའི། མིག་ཟུང་ལྟ་བུའི། དྲན་འཛིན་ཀྱི་འདུ་བྱེད་ངོས་སུ་ཡང་ཡང་འཁོར་གྱིན་པའི་མ་འོངས་པའི་མི་དེར། གློ་སྙིང་བྲང་གསུམ་གྱི་གས་སྲུབ་རེ་རེ་ན་དལ་གྱི་རྒྱུ་བའི་དམར་པོ་ཁྲག་གིས་གྲུབ་པའི་ཞེ་འདང་གི་འཕྲིན་ཡིག་དག ། མི་སེམས་ཀྱི་རྩ་ཕྲན་ལ་འཇུས་པའི་གཟུགས་མེད་ཀྱི་བརྩེ་བ་ཞིག་གིས་ལང་ཚོ་ཡིན་ལ།  བར་ཐག་དང་བརྩེ་གདུང་གིས་གྲུབ་པའི་ཉམས་ཉེས་ཁུར་བའི་སྟོན་མཇུག་གི་ཁ་དོག་དེ་ཅི་ལ་མིན།

2019  11。18

《འཕྲིན་ཡིག》
གསོན།  (དཀར་མཛེས)

1

       ད་ནི་བདག་གི་ཕ་ཡུལ་དུ་དགུན་ཟླ་ཚེས་འདུག ཤིན་དུ་འཁྱག་པའི་གྲང་ངར་དང་ཙག་རླུང་གཅིག་པུས་རི་ལུང་ཐམས་ཅད་དང་སློབ་རའི་བར་གསེང་ལས་ཀྱི་ཕྱི་ནང་སོ་སོར་ཡོངས་སུ་བཏུམ་འདུག་ཀྱང་།  ང་ཡི་འཚོ་བ་དང་བསམ་གཞིག་སྔར་བཞིན་ཁེར་རྐྱང་ཡིན་ཞིང་། ང་ཡི་དྲན་གདུང་དང་ནང་སེམས་སྔར་བཞིན་དྲོད་ཁོལ་ལྡན།  ཡིན་ནའང་།  ཁྱོད་ཀྱིས་སྐུར་བའི་མིག་ཆུ་དེ་ཤིན་དུ་འཁྱག་པས་ང་རང་གྲང་འདར་ཡང་ཡང་རྒྱག་དགོས་བྱུང་ལ། མཚམས་མཚམས་སུ་གོམ་ཁའང་མདུན་དུ་སྤོ་ཐུབ་ཀྱིན་མི་འདུག

2

     སྐབས་དེར་ང་རང་མེ་སྒང་བཏང་ནས་བསྡད་ཡོད་ནའང་ང་ཡི་ནང་སེམས་གྲང་ངར་ལས་ཀྱང་འཁྱག   ཡིན་ནའང་ངས་སྡུག་བསྔལ་དང་མིག་ཆུ།   སུན་སྣང་དང་སྐྱོ་ཡུས་མ་བཟོད་པར་ཧ་ཅང་ཉམས་ཐག་གི་ལག་ཟུང་གཉོམ་པོ་དེའི་མེ་ཏོག་ལྟ་བུའི་ཁྱོད་ཀྱི་ནང་སེམས་སུ་ལག་སྙོབ་ཡང་ཡང་བྱས་ཀྱང་མིག་ཆུ་ལྡོག་གཅིག་ལས་ཅི་ཡང་རྙེད་མ་སོང་།  ཏག་ཏག་སྐབས་དེར།  ང་ཡི་མིག་ཆུ་དང་དྲན་གདུང་གཙང་ཆུར་འདྲེས་ཏེ་ཡང་བསྐྱར་ཁྱོད་ཀྱི་ཕྱོགས་སུ་བཞུར།

3

        ད་ནི་བདག་གི་ཕ་ཡུལ་དུ་ཤིན་དུ་འཁྱག་ཏེ།   གྲང་ཤུར་ཤུར་གྱི་རླུང་བུ་འཁྱམ་པོ་ཞིག་གོ་རིམ་ཅི་ཡང་མེད་པར་སྒོ་དང་སྒེའུ་ཁུང་རྒྱུད་ནས་ང་ཡི་སྡོད་ཤག་གི་ཕྱི་ནང་སོ་སོར་དང་ལུས་ཀྱི་བར་གསེང་སོ་སོར་ག་ལེར་ག་ལེར་ཤུགས་ཀྱིས་ཆབ་འདུག་ཀྱང་།   ང་ཡི་བརྩེ་འདང་དང་དུང་ཞེན་སྔར་བཞིན་དྲོད་ཁོལ་ལྡན་ལ།    ང་ཡི་ཕྱི་དྲན་དང་མིག་ཆུ་སྔར་བཞིན་མཛེས་སྡུག་ལྡན།   ཡིན་ནའང་།  ཁྱོད་ཀྱིས་སྐུར་བའི་འཕྲིན་ཡིག་དེ་ཆུ་འཁྱག་ལས་ཀྱང་འཁྱག་པས་ང་རང་སྐད་ཅིག་ཙམ་ལ་ཅི་བྱ་གཏོར་མེད་དུ་ལས།

4

        དོ་ནུབ་ངས་ཕྱི་སྒོ་གཏན་ཡོད་ལ་ནང་སྒོའང་གཏན་ཡོད། ད་དུང་སྒེའུ་ཁུང་གཏན་ཡོད་ལ་སྒེའུ་ཡོལ་ཡང་འཐེན་ཡོད། ཡིན་ནའང་ཁྱོད་ཀྱིས་སྐུར་བའི་འཕྲིན་ཡིག་དེས་ཏག་ཏག་གྱང་ཕུག་ཏེ་ང་ཡི་བྲང་ཁོག་ཏུ་འབྱར་སོང་།  འཕྲིན་ཡིག་དེས་ང་ཡི་བདེ་སྐྱིད་དང་སྡུག་བསྔལ་བཅོམ་སོང་།  ང་ཡི་འཛུམ་མདངས་དང་མིག་ཆུ་འཕྲོག་སོང་།  སྐབས་དེར་ངས་རང་གི་ཞེ་འདང་དང་དྲན་པ་བོར་སོང་བས་གློ་བུར་གློ་བུར་དུ་འདང་རྒྱག་བཅུ་ཕྲག་འགའི་དབང་མེད་དུ་ལྗིད་ཏིག་གེར་ནན་བྱུང་།

5

       རེད་གྲང་ངར་དང་ཙག་རླུང་ཤུགས་ཀྱིས་འཐིབ་ན་འཐིབ་ཏུ་བཅུག་ཤོག  དགུན་ཁ་རེད་མོས།  སྐྱོ་གདུང་དང་སུན་སྣང་བཙན་གྱི་འཐིབ་ན་དེའང་འཐིབ་ཏུ་བཅུག་ཤོག     དེ་ནི་མེ་དྲོད་ཀྱིས་གསོས་ཆོག་ལ་སྦི་རག་གིས་ཀྱང་གསོས་ཆོག   འོན་ཀྱང་ང་རང་ཁྱེད་ཀྱི་ཆེས་ཡིད་དུ་འོང་བའི་ལང་ཚོ་དང་ཧ་ཅང་དྭངས་གཙང་གི་བརྩེ་འདང་དེའི་ཆེས་གཏིང་ཟབ་སར་ལྷུང་སོང་བས་ད་ནི་གཏན་ནས་སྐྱོབ་ཐུབ་མི་འདུག   དངོས་ནས་སྐྱོབ་ཐུབ་མི་འདུག  ངས་ཁྱེད་རང་མཐོང་ཐེངས་རེ་རེར་མིག་མཐའ་ནས་མིག་ཆུ་བཞུར་རོགས་བར་དུ་ཁྱེད་ལ་བཅེར་འདོད།

6

       ཡིན་ནའང་།  ཁྱེད་དང་འཕྲད་ཐེངས་རེ་རེེར་མགྲིན་པ་གཏིང་ནས་འགག་ཟིན་ལ་དབུགས་ཀྱང་ག་ལེར་ག་ལེར་མ་གཏོགས་ལེན་ཐུབ་ཀྱིན་མི་འདུག  གལ་ཏེ་ངས་བརྩེ་འདང་འདི་བསླུ་ཁྲིད་རེད་འདོད་ན་གུ་ཡངས་གནང་རོགས་ང་ཁྱེད་ལ་དགའ་དྲགས་པས་རེད།  དགུན་ཁ་ལགས། ད་ནི་ང་ལ་ཁ་བ་འཐུག་པོ་ཞིག་འབབ་རྒྱུ་ལས་རེ་བ་ཅི་ཡང་མེད།  རྒྱུ་མཚན་དེ་ནི་དགུན་ཁ་ཁོ་ནས་མཛེས་སྡུག་ཡིན་པས།  དེ་ལས་ཆེས་མཛེས་སྡུག་ལྡན་པའི་འཚོ་བ་དང་ཡིད་དུ་འོང་བའི་ལང་ཚོ་དག་ཕྱིར་དྲན་བྱ་ཐུབ།

2019   11   14


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྟོན་ཀ སྤེལ་དུས:2019/11/2
ཚང་མ་ཞོགས་པ་བཞིན་ཚེས་ཤོག
 སྤེལ་མཁན: ཀུན་ཏུ་བཟང་པོ། སྤེལ་དུས:2019/11/2
བཀྲིས་པར་གྱུར་ཅིག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45485147
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1