རྟེན་ལ་གཟུངས་འཇུག་འབུལ་དགོས་ན་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པའི་ཤེལ་དཀར་མེ་ལོང་འདི་ཧ་ཅང་ལེགས་ལ་རྟེན་ལ་རབ་གནས་བྱ་དགོས་ཚེ་འདིར་རབ་གནས་ཀྱི་ཆོ་ག་མདོར་བསྡུས་དཀྱུས་གཅིག་ཏུ་བཀོད་ཡོད་པས་གཟིགས་པར་ཞུ།
མཛད་པ་པོ་ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར་མདོ་སྨད་ཙོང་ཁའི་གཡི་དགེའི་རྟ་ཕྱུག་གྲོང་དུ་ཡབ་རྒྱ་རིགས་ཁེ་པ་ཅང་ཨེ་ཧར་དང་། ཡུམ་ལོ་བཟའ་ཐར་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དགེ་འདུན་སྐྱབས་ཞུ། ཆུང་དུས་ནས་རོང་པོ་དགོན་གྱི་ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱིས་བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་སྐུ་སྐྱེར་ངོས་བཟུང་། ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་། ཕུན་ཚོགས་བཟང་པོ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་བསྟན་འཛིན་ལེགས་བཤད་རྒྱ་མཚོ་གསོལ། ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་དགུ་པར་དགོན་ལུང་དུ་ཕེབས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཉི་ཤུ་པ་ལྕགས་གླང་ཕྱི་ལོ་ ༡༦༦༡ དབུས་སུ་ཕེབས། རྒྱལ་དབང་ལྔ་བ་ལས་དགེ་ཚུལ་བསྒྲུབས། མཚན་ལ་བློ་བཟང་ཆོས་ལྡན་ཞེས་སྩལ། འབྲས་སྤུངས་སྒོ་མང་དུ་ཞུགས་ཏེ་དཔོན་སློབ་ངག་དབང་བློ་གྲོས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། ཉེར་གསུམ་པ་ཤིང་འབྲུག་ཕྱི་ལོ་ ༡༦༦༤ ལོར་རྒྱལ་དབང་ལྔ་པ་ལས་བསྙེན་པར་རྫོགས། ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། སོ་གསུམ་པར་གཙང་དུ་ཤར་རྩེའི་མཁན་པོ་བློ་བཟང་པདྨ་ལས་རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཀྱི་ཁྲིད་དང་། སྔགས་པ་དཔོན་སློབ་དགེ་འདུན་དོན་གྲུབ་ལས་དབང་ལུང་རྗེས་གནང་མང་པོ་ཞུས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་དང་དྲུང་པ་རྒྱལ་ཚབ་པ་སོགས་ལས་མདོ་སྔགས་གཞུང་ལ་མཁས་པར་སྦྱངས། ཞེ་གཉིས་པ་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོར་མདོ་སྨད་དུ་བྱོན། ཞེ་དྲུག་པ་མེ་ཡོས་ཕྱི་ལོ ༡༦༨༧ ལོར་ཁྲི་ཆེན་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་དང་ལྷན་རྒྱ་ནག་ཏུ་ཕེབས། ཞེ་བདུན་པར་དགོན་ལུང་གི་ཁྲིར་ཕེབས། ང་གཉིས་པ་ཆུ་བྱ་ཕྱི་ལོ་ ༡༦༩༣ ལོར་རྒྱ་ནག་ཏུ་གོང་མ་ཁང་ཞིས་དབུ་བླར་བཀུར། ལོ་བཞི་ཙམ་པེ་ཅིན་དུ་བཞུགས་ནས་གསང་བདེ་འཇིགས་གསུམ་གྱི་དབང་ལུང་རྗེས་གནང་རྒྱ་ཆེར་བསྩལ། ང་དྲུག་པ་མེ་གླང་ཕྱི་ལོ་ ༡༦༩༧ ལོར་རྒྱལ་དབང་མཆོག་ལ་ཡིག་འབུལ་དུ་དབུས་སུ་ཕེབས། རྒྱལ་དབང་གསེར་ཁྲིར་མངའ་གསོལ་རྗེས་ཕྱི་ལོ་པེ་ཅིན་དུ་ཕེབས། རེ་ལྔ་པར་གོང་མས་ཀཱོན་ཏིང་ཕུའུ་ཧྲན་ཀཱོང་ཚི་ཏཱ་གོ་ཤྲིའི་ལུང་དང་གསེར་ཐམ་ཕུལ། རེ་དགུ་པར་སོག་ཡུལ་གྱི་དགོན་སྡེ་ཁག་ལ་ཆོས་སྦྱིན་གནང་། བདུན་ཅུ་པར་པེ་ཅིན་དུ་པཱ་དུར་ཇཱིན་དགོན་པ་བཞེངས། དོན་གསུམ་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་སྐུ་གཤེགས། གསུང་རྩོམ་ནི་ལྟ་ཁྲིད་ངེས་དོན་རབ་གསལ་དང་། བློ་སྦྱོང་སྙིང་པོ་བསྡུས་པ། རྩ་རླུང་ཐིག་ལེའི་རྣམ་གཞག བླ་མའི་རྣལ་འབྱོར། བསླབ་བྱ་གསལ་བའི་སྒྲོན་མེ། དགོན་ལུང་གི་བླ་བརྒྱུད་གསོལ་འདེབས་ནོར་བུའི་འཕྲེང་བ་བཅས་ཆོས་ཚན་ཉིས་བརྒྱ་གཉིས་པོད་ལྔ་ཙམ་བཞུགས།