ཞྭ་སེར་རིང་ལུགས་པ་ཞེས་པའི་ཞྭ་སེར་གྱི་བྱུང་བ་བརྗོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཞྭ་སེར་རིང་ལུགས་པ་ཞེས་པའི་ཞྭ་སེར་གྱི་བྱུང་བ་བརྗོད་པ།
ཞྭ་སེར་རིང་ལུགས་པ་ཞེས་པའི་ཞྭ་སེར་གྱི་བྱུང་བ་བརྗོད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/19ལྟ་ཀློག (6019)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།


ཞྭ་སེར་རིང་ལུགས་པ་ཞེས་པའི་ཞྭ་སེར་གྱི་བྱུང་བ་བརྗོད་པ།

 

བློ་བཟང་དོན་ལྡན། [སྟོང་སྐོར།]

           དེ་ཡང་ཞྭ་སེར་རིང་ལུགས་པའམ་ཞྭ་སེར་ཅོད་པཎ་འཆང་བའི་ལུགས་ཞེས་པ་ནི། དགེ་ལུགས་པའི་མཚན་གྱི་རྣམ་གྲངས་ཤིག་ཡིན། དེ་ནི་ཆོས་ཀྱི་རྗེ་རིན་པོ་ཆེ་ཙོང་ཁ་པས་གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་པ་གསུམ་ཁ་སུམ་དྲིལ་དུ་གནས་པར་འདོད་པའི་སྲོལ་གཏོད་པའི་ལུགས་འཛིན་པ་ལ་ཟེར་ཞིང་། དབུ་ཞྭའི་ཁ་དོག་གི་ཆ་ནས་མིང་བཏགས་པ་ཞིག་སྟེ་རྗེ་རིན་པོ་ཆེས་དབུ་ཞྭ་སེར་པོ་བཞེས་པ་ལ་བརྟེན་ནས་ཐོགས། དེ་ཡང་སྔོན་བོད་ཀྱི་རྒྱལ་པོ་གླང་དར་མས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བསྣུབས་ནས་ལོ་ངོ་བདུན་ཅུ་ལྷག་སོང་བའི་རྗེས། སངས་རྒྱས་ཀྱི་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་བའི་སྐབས་དེར་ཡོངས་གྲགས་སུ་བསྟན་པ་ཕྱི་དར་གྱི་དུས་སུ། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་སོགས་དབུས་གཙང་གི་མཁས་པ་མི་བཅུ་མདོ་སྨད་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད།  གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད། སྒྲོ་མཉྫུ་ཤྲཱིས་གསང་སྟེ་མཛད་ནས་རབ་བྱུང་བསྒྲུབས་ཏེ། ཡར་ཕེབས་ཁར།  བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ལ་ཉིད་ཀྱི་བཞེས་འཕྲོ་དབུ་ཞྭ་སེར་པོ་ཞིག་གནངས་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པ་གྱིས། གསུངས་པར་བརྟེན་ཀླུ་མེས་ཀྱིས་དབུ་ཞྭ་སེར་པོ་བཞེས་ཤིང་། ཕྱིས་སུ་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་དབུ་ཞྭ་སེར་པོ་མནབས་ལ། རྗེ་རིན་པོ་ཆེས་ཀྱང་ཁོང་གི་སྐབས་དེར་འདུལ་བའི་བསྟན་པ་ཆེས་ཆེར་ཉམ་ཕྲ་བར་གྱུར་པ་བླ་ཆེན་དགོངས་པ་རབ་གསལ་བཞིན་དུ་སླར་བསྐྱར་གསོ་མཛད་པའི་གནད་ཀྱིས་དབུ་ཞྭ་སེར་པོ་གསོལ་བ་ཡིན་ནོ། །དེར་བརྟེན་རྗེ་བླ་མའི་རྗེས་འཇུག་རྣམས་ཀྱིས་དབུ་ཞྭ་སེར་པོ་གྱོན་པའི་སྲོལ་འདི་དེང་སང་གི་བར་དུ་བྱུང་།

རྗེ་རིན་པོ་ཆེའི་སྐུ་དུས་དེར་འདུལ་བའི་བསྟན་པ་ཆེས་ཆེར་ཉམ་ཕྲ་བར་འདུག་པ་ནི།

         མཁས་གྲུབ་རྗེས་མཛད་པའི་<རྣམ་ཐར་དད་པའི་འཇུག་ངོགས་>ལས། དེ་ལྟར་རྗེ་བཙུན་རིན་པོ་ཆེ་འདི་ཉིད་ཀྱིས་ཁ་བ་ཅན་གྱི་ལྗོངས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་རྣམ་པར་དག་པའི་སྲོལ་ཆེན་པོ་རྨད་དུ་བྱུང་བ་གཞི་ནས་བཙུགས་ཤིང་། ཆེས་ཆེར་རྒྱས་པར་མཛད་པ་ཡིན་ཏེ། དེ་སྔོན་ཆད་བོད་འདིར་རབ་ཏུ་བྱུང་བ་དག་གིས་བསྒྲུབ་ཅིང་ལག་ཏུ་བླང་བའི་བྱ་བའི་ཚུལ་ནི་འདི་ལྟ་སྟེ། ཞེས་པ་ནས། ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་པའི་ཚེ། རྗེ་བཙུན་རིན་པོ་ཆེ་འདི་ཉིད་དམ་པའི་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡོངས་སུ་གྲུབ་པའི་མཐུས་བྱང་ཕྱོགས་ཀྱི་རྒྱུད་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན་ཏེ། གོང་དུ་ཇི་སྐད་བརྗོད་པའི་ཚུལ་གྱིས།   རང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་དག་ལ་རྨད་དུ་བྱུང་བའི་བརྩོན་པ་དྲག་པོ་ལྷུར་མཛད་པས་དེང་སང་གི་དུས་ན་ཐོས་བསམ་པ་དག་གིས་ཐོས་བསམ་ལ་བརྩོན་པ་ལྷུར་བྱེད་པའི་ཚེ་ཡང་བསླབ་པའི་གཞི་ལ་གཅེས་སྤྲས་སུ་བྱེད་པ་དང་།  ཁྱད་པར་དུ་ཡང་སྡེ་སྣོད་འཛིན་པ་ཅུང་ཟད་དྲག་པར་རློམ་ཕྱིན་ཆད་ཆང་དང་དུས་མ་ཡིན་པའི་ཁ་ཟས་སོགས་འཇོལ་ཉོག་ཏུ་སྤྱོད་པ་ལ་ངོ་ཚ་བའི་གནས་སུ་བྱེད་པ་དང་། སྔོན་དུས་གྲྭ་ས་ཆེན་པོ་དག་གི་རབ་ཏུ་བྱུང་བ་ཕལ་ཆེ་བས་ཀྱང་། གདིང་བ་དང་ལྷུང་བཟེད་ལ་སོགས་པའི་དགེ་སྦྱོང་གི་ཡོ་བྱད་དག་ངོ་ཤེས་པའང་དཀའ་བར་གྱུར་ཅིང་། བླ་གོས་དང་མཐང་གོས་སྣམ་ཕྲན་གླེགས་བུར་སྦྱར་བ་ལ་སོགས་པ་ནི་རྣ་བས་ཀྱང་ཐོས་པར་མ་གྱུར་པ་ལས། དིང་སང་ཁ་ཆེ་དང་རྒྱ་ནག་གི་བར་ཐམས་ཅད་དུ། དགེ་སྦྱོང་གི་རྟགས་དང་ཆ་ལུགས་རྣམ་པར་དག་པ་དེ་ལྟ་བུ་དང་། ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་དང་། བྱིན་ལེན་དང་རུང་ཆུ་དང་། ནུབ་ལྷག་ཉལ་སྲུང་བ་སོགས་བསླབ་པའི་གཞི་ཕྲ་མོ་གཅིག་ཡན་ཆད་ལ་ནན་ཏན་དུ་བྱེད་པའི་དགེ་སྦྱོང་ཚུལ་དང་མཐུན་པས་ཁྱབ་པར་གྱུར་པ་འདི་འདྲ་བ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེ་འདི་འབའ་ཞིག་གི་བཀའ་དྲིན་མ་ཡིན་ན། གཞན་གང་ཞིག་ལ་བརྟེན་ནས་བྱུང་བར་གྱུར་པ་སོམས་ཤིག །

ཅེས་གསུངས་པ་སོགས་དང་། རྗེ་རིན་པོ་ཆེའི་རྣམ་ཐར་གཞན་རྣམས་གཟུ་བོའི་བློས་ཞིབ་ཏུ་མཇལ་ན་ཤེས་ཐུབ་བོ། །

        མ་ཟད་སྐབས་དེ་དུས་རྗེ་རིན་པོ་ཆེའི་རྗེས་འཇུག་རྣམས་ཀྱིས་འདུལ་བའི་བསྟན་པ་ཐ་ན་རུང་ཆུ་འདེབས་པ་དང་། འོད་དམར་སྲུང་བ་ཡན་ཆད་ལག་ལེན་ལ་བཏབ་པ་གྲོང་མི་རྣམས་ལ་ཡང་ཡོངས་སུ་གྲགས་པ་ཡིན་ཏེ།

རྒན་རྒྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་<རྗེ་བླ་མའི་མཛད་རྣམ་དོགས་གཅོད་>ཅེས་པའི་དཔྱད་རྩོམ་དུ་དྲངས་པའི་པཎ་ཆེན་ཤཱཀ་མཆོག་པའི་རྣམ་ཐར་ལས།

"དགེ་ལྡན་པ་ལ་སྐྲུས་པའི་དབྱར་གནས་འདིས་ཐ་ན་གྲྭ་བའི་ཆས་ཀ་འཚོལ་བ་ཚུན་ལ་ཞག་བདུན་ལས་འགྲོ་ས་མེད་པ་འདི་གུ་དོག་ཅེས་དང་། ཡང་རྣམ་ཐར་དེ་ཉིད་ལས། དེ་དུས་མངའ་རིས་པའི་སློབ་གཉེར་བ་འགས། གུང་ཐང་གི་གྲོང་དེར་བསོད་སྙོམས་ལ་ཕྱིན། ཁོང་རྣམ་པ་ལ་གདིང་ལྷུང་སོགས་རབ་བྱུང་གི་ཆས་བཟང་པོ་ཡོད་པས། དེའི་སྦྱིན་བདག་ཅིག་གིས་རི་བོ་དགེ་ལྡན་པར་འདུག་བསམ། དད་མོས་ཀྱིས་ཁྱིམ་དུ་སྤྱན་དྲངས་གདན་ནོན་ཞུས་རྗེས། དེ་རིང་འདི་ཀར་བཞུགས་ཟེར།

       དེར་དགོང་ཞོགས་ཁོས་གསོལ་ཇ་ཁྱེར་ཡོང་ནས། རུང་ཆུ་ཨེ་དགོས་བྱས་པས། ཧ་ནི་མ་གོ་ཡང་། ལགས་ལགས་བྱས་པས། ཁོས་ཆུ་གྲངཞིག་རྐྱེན་ལ་གཏོར་སོང་། དེ་ནས་དགོང་ཁ་ཁྱེད་རྣམས་འོད་དམར་ཨེ་སྲུང་ཟེར་བས། རྒྱུ་མཚན་ཅི་ཡང་མ་ངེས་པར། ལགས་ལགས་བྱས་པས། ཁོས་ལགས་ལགས་དང་ཁྱེད་རང་རྣམ་པ་དང་མཇལ་མྱོང་འདུག་གོ་ཟེར་བས། ཞེད་དེ་སང་སྔ་བར་ལངས་ཕྱིན་པས་གླང་ཐང་དུ་སླེབས་འཕྲལ་དོ་གལ་ཆེན་པོ་རང་ཡོད་པ་སྐད་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་རྒྱུ་མཚན་ཕུལ་བས། ལྷག་པར་བཞད་ཅིང་དེ་ལ་ཞེད་མི་དགོས། འདུལ་བའི་བརྡ་ཆད་ཅིག་ཡིན་གསུངས་ཤིང་།" ཞེས་གསུངས་པས་སོ། །

        <སུམ་པ་ཆོས་འབྱུང་>ལས། "བདེ་བ་ཅན་ནས། རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར། དབུ་ཞྭ་པཎ་ཞྭ་གསེར་གྱི་མདོག་ཅན་དུ་བསྒྱུར་བར་མཛད།" ཅེས་གསུངས་པ་ལྟར་དབུ་ཞྭ་སེར་པོ་བཞེས་པ་ལ་ལྷའི་ལུང་བསྟན་ཡོད་པ་ཡང་ཡིན་ནོ། །

         རྗེ་བླ་མའི་རྗེས་འཇུག་ཡིན་ཕྱིན་ཆད་ཞྭ་མོ་ནག་པོ་གཏན་མི་བཞེས་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། བྱམས་ཆེན་ཆོས་རྗེས་རྒྱ་ནག་གོང་མས་གནང་བའི་དབུ་ཞྭ་ནག་པོ་མནབས་པ་ལོ་རྒྱུས་ཁག་ཏུ་བྱུང་ཞིང་། མ་ཟད་དབུ་ཞྭ་ནག་པོ་བཞེས་པའི་སྐུ་འདྲ་སེ་ར་ཐེག་ཆེན་གླིང་དུ་བཞུགས་པ་དང་། སྐུ་ཐང་དུ་ཡང་དེ་ལྟར་བྲིས་འདུག་པ་དེང་སང་ང་ཚོས་མཐོང་བཞིན་པ་འདི་ལགས། 

       རྗེ་རིན་པོ་ཆེས་དུས་རྒྱུན་མནབས་པའི་དབུ་ཞྭ་དེ། པཎ་ཞྭ་རྩེ་རིང་ངམ་སྣེ་རིང་ཡིན་པར་མི་ཤེས་མོད། ཁོང་སྐུ་མྱ་ངན་ལས་འདའ་ཁར། རྒྱལ་ཚབ་རིན་པོ་ཆེ་ལ་པཎ་ཞྭ་དང་སྐུ་བེར་གནངས་ཏེ་དོན་ལ་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བར་གསུངས་པ་དང་། ད་ལྟའི་བར་དུ་དགའ་ལྡན་ཁྲི་རིན་པོ་ཆེ་ན་རིམ་གྱིས་པཎ་ཞྭ་སྣེ་རིང་གསོལ་བ་འདི་ལས་དཔག་ན། རྗེ་རིན་པོ་ཆེས་པཎ་ཞྭ་སྣེ་རིང་བཞེས་པར་རྟོགས་ཐུབ། སྤྱིར་པཎ་ཞྭ་ཞེས་པ་ནི། པནྚི་ཏའི་ཞྭ་མོ་ཞེས་པ་བསྡུས་ནས་དེ་སྐད་བརྗོད་ལ།

        པཎ་ཞྭ་སྣེ་རིང་ནི། རྒྱ་གར་ན་སྔོན་བྱེ་བྲག་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མུ་སྟེགས་པ་རྣམས་དང་རྩོད་པ་བྱེད་པར་ཁས་བླངས་པའི་དུས་ཤིག་ན། ཁོ་བོ་མུ་སྟེགས་དེ་རྣམས་ལས་རྒྱལ་ཐུབ་བམ་མི་ཐུབ་སྙམ་དུ་ཐེ་ཚོམ་ཟ་བའི་ཚེ། རྒན་མོ་ཞིག་གིས། ཚེར་མ་ལྟ་བུའི་ཅོད་པན་མགོ་ལ་གྱོན་ཏེ་རྩོད་ན་རྒྱལ་ཐུབ་བོ་ཟེར་བས། དེ་ལྟར་བྱས་པས་རྒྱལ་བ་དང་། ཡུལ་གཞན་དུ་ཡང་དེ་ལྟར་གྱོན་ནས་རྩོད་པས་རྒྱལ་བས། དེ་ཕྱིན་ཆད་ནས་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་བ་དང་། དེ་ཡན་ཆད་ལ་དེ་ལྟར་གྱོན་མཁན་མེད་པར་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<རྒྱ་གར་ཆོས་འབྱུང་>དུ་ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་བརྗོད་པའི་སྐབས་སུ་གསལ། བོད་དུ་པཎ་ཞྭ་སྣེ་རིང་གྱོན་པའི་སྲོལ་ཡང་དེ་ལ་བརྟེན་ནས་འབྱུང་བར་མངོན།

        ཆོས་འབྱུང་འདིའི་ནང་དུ། རྒྱལ་པོ་པཱ་ལ་བདུན་བརྒྱུད་དང་། སེ་ན་བཞི་བརྒྱུད་ཀྱི་རིང་ལ་ཐེག་པ་ཆེན་པོའི་པཎྜི་ཏ་ཐམས་ཅད་ཞྭ་རྩེ་རིང་གྱོན་པ་བྱུང་བ་ཡིན་གྱིས། དེ་ཡན་ཆད་དུ་མེད་དོ། །ཞེས་འཁོད་པ་ལ་གཞིག་ན། པཱ་ལའི་རྒྱལ་རབས་དང་པོ་རྒྱལ་པོ་གཽ་པཱ་ལས། རྒྱལ་སྲིད་བཟུང་བའི་དུས་ནི། དུས་རབས་བདུན་པ་ནས་བརྒྱད་པའི་བར་ཡིན་ཞེས་འགའ་རེས་བཤད་པས། དུས་རབས་བརྒྱད་པ་ཡས་མས་སུ་པཎ་ཞྭ་སྣེ་རིང་གྱོན་པའི་སྲོལ་ཐོག་མར་བྱུང་བར་འདྲའོ། །

         ལར་ནས་པཎ་ཞྭ་སྣེ་རིང་འདི་སྔར་དགའ་ལྡན་ཁྲི་བ་ལྟ་བུ་འགའ་ཞིག་མ་གཏོགས་གསོལ་བའི་ལུགས་མེད་ཅེས་ཐོས་མོད། དེང་སང་ནི་དགོན་པའི་མཁན་པོ་ཙམ་འཁོད་པ་ནས་མནབས་པ་འགའ་ཟུང་མཐོང་བས། དགོས་པ་གཞན་ཞིག་ཡོད་པ་ཡིན་ནམ་དབུ་ཞྭ་འདིའི་དོན་མ་ཤེས་པས་ཡིན་བརྟག

       སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་སེར་དུ། "འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་། པཎ་ཆེན་དགེ་འདུན་གྲུབ་ཡབ་སྲས་ཀྱི་དགོངས་པར་མེད་ཀྱང་། སློབ་འཁོར་གཞན་གྱི་འདོད་པ་ལྟར་ཞྭ་མདོག་ཀྱང་ཟུར་པ་གསེར་བཙོ་མ་ལྟ་བུར་སྒེར་འཛིན་བྱེད་དུ་བཅུག་གནང་།" ཞེས་བཤད་པ་ལ། སྟོད་འབྲུག་བཀའ་རྒྱུད་པ་ཟང་ཟིང་ནེ་རིངས་པ་འཆི་མེད་རབ་རྒྱས་ཀྱིས་<རྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོང་>དུ། སྔོན་བླ་ཆེན་དགོངས་པ་རབ་གསལ་དང་ཀླུ་མེས། བུ་སྟོན་སོགས་ཀྱིས་བཞེས་པ་ཡོད་རབས་བཀོད་ནས་དགག་པ་མཛད་ཡོད། དེ་རྗེས་ཐུའུ་བཀྭན་རིན་པོ་ཆེ་དང་། དགེ་བཤེས་ཡེ་ཤེས་དབང་ཕྱུག་སོགས་ཀྱིས་ཀྱང་དགག་པ་གནང་ཡོད།

        དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་<གྲུབ་མཐའི་སྐོར་གྱི་རྣམ་བཤད་>དུ། སྡེ་སྲིད་སངས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་ཟེར་བའི་ནང་དུ་མཁས་གྲུབ་རྗེ་ལ་མཁས་གྲུབ་དགེ་དཔལ་བ་ཞེས་མ་གཏོགས་མཚན་ལ་ཞེ་ས་རྩ་བ་ནས་གནང་མེད། ཅེས་བཤད་མོད། སྤྱི་ལོ་༡༩༩༡ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བེེ་སེར་རང་དུ་ནི།༨ མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའི་གསང་བའི་རྣམ་ཐར་སྙེ་མར། ཞེས་དང་། དེ་བཞིན་དུ་འཕགས་པ་རབ་འབྱོར་སོགས་དུ་མའི་ཡང་སྲིད་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་ལ་བསྟན་པའི་མངའ་བདག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་འགྲོལ་བྱེད་གནང་བ་རྣམས་ཀྱང་། ཞེས་དང་། མཁྱེན་རབ་ཐོགས་པ་མེད་ཅིང་འཕྲིན་ལས་ཀྱི་མངའ་བདག་མཁས་གྲུབ་ཐམས་ཅད་མཁྱེན་པ་ཞེས་དང་། ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ནི། ཞེས་ཞེ་ས་ནས་བརྗོད་པ་འདུག་པས་ཅུང་མི་འཐད་དོ་སྙམ་མོ། །

༢༠༡༩/༡༠/༠༩ཉིན་བྲིས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2020/2/12
བླ་མ་དམ་པ་རྣམས་ཀྱི་མཛད་རྗེས་བླ་ན་མེད་པ་ལ་རྗེས་སུ་ཡི་རང་བྱེད།
 སྤེལ་མཁན: ཤེས་རབ། སྤེལ་དུས:2019/12/2
ཡག་པོ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41154118
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1