དགོན་སྡེ་སྤྱིའི་བྱུང་བ་དང་དགོན་སྡེའི་རིག་གནས་ཀྱི་གོ་དོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »དགོན་སྡེ་སྤྱིའི་བྱུང་བ་དང་དགོན་སྡེའི་རིག་གནས་ཀྱི་གོ་དོན།
དགོན་སྡེ་སྤྱིའི་བྱུང་བ་དང་དགོན་སྡེའི་རིག་གནས་ཀྱི་གོ་དོན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/30ལྟ་ཀློག (7342)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།དགོན་སྡེ་སྤྱིའི་བྱུང་བ་དང་དགོན་སྡེའི་རིག་གནས་ཀྱི་གོ་དོན།

 གཅིག དགོན་སྡེ་སྤྱིའི་བྱུང་ཚུལ།

       དེ་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐོག་མ་སྟེ། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། སློབ་དཔོན་ཐོན་མིས་ཡོན་ཏན་ཀུན་གྱི་རྩ་བ་བོད་རང་གི་ཡི་གེ་གསར་དུ་བཟོས་རྗེས་རྒྱལ་བོའི་བཀའ་བཞིན་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། སློབ་དཔོན་ལི་བྱིན། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་རྣམས་སྤྱན་དྲངས་ཏེ། བོད་ཀྱི་ལོ་ཙཱ་བ་ཐོན་མི་དང་། ཨ་ལོ་ཀ ཡེ་ཤེས་དཔལ་སོགས་ཀྱིས་དམ་ཆོས་འདུས་པ་རིན་པོ་ཆེ་ཏིག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ། མདོ་སྡེའི་དཀོན་མཆོག་སྤྲིན།ཤེར་ཕྱིན་སྟོང་ཕྲག་བརྒྱ་བ། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ལ་སོགས་པ་བོད་ཡིག་ཏུ་བསྒྱུར། གཞན་ཡང་རྒྱལ་བོའི་བཀའ་ལྟར་ཐོན་མིས་གཉན་པོ་གསང་བ་ཞེས་པའི་སྒྲོམ་གྱི་ཁ་ཕྱེས་ཏེ།དཔང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོག ཙིན་ན་མ་ཎིའི་གཟུངས། མདོ་སྡེ་ལས་རྣམ་པར་འབྱེད་པའི་གཟུངས་རྣམས་བླང་ནས་བསྒྱུར་ཅིང་།བལ་བཟའ་ཁྲི་བཙུན་གྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་བཟའ་ཀོང་ཇོས་རྒྱ་སྟག་ར་མོ་ཆེ། ཞང་ཞུང་ཐིག་སྨན་གྱིས་ལྐོག་གི་ལྷ་ཁང་།  རུ་ཡོང་བཟས་བྲག་ལྷ་མགོན་པོའི་ལྷ་ཁང་། མོང་བཟའ་ཁྲི་ལྕམ་གྱིས་བྲག་ཡེར་བའི་ལྷ་ཁང་། གཞན་ཡང་མཐའ་འདུལ་ཡང་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་སོགས་བཞེངས་པ་ནི། བོད་ཀྱི་དགོན་པའི་ཐོག་མའི་རྨང་གཞི་ཡིན་ནོ། །

      དེའི་རྗེས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཟ་ཧོར་ཡུལ་ནས་མཁན་ཆེན་ཞི་བ་འཚོ་དང་། ཨུ་རྒྱན་ཡུལ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་དམ་པའི་ཆོས་གསུངས། དེའི་སྔོན་སྲོང་བཙན་གྱི་རིང་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་སོགས་དང་། རྒྱལ་བོ་ཁྲི་ལྡེ་གཙུག་བཙན་གྱི་སྐབས་བྲག་དམར་མགྲིན་བཟང་ལ་སོགས་པའི་ལྷ་ཁང་བཞེངས་ཡོད་ཀྱང་།

དེ་དག་ནི་ལྷ་ཁང་ཙམ་སྟེ་ལྷ་རྟེན་བཞུགས་སའི་ཁང་པ་ཁོ་ན་ཙམ་མ་གཏོགས་གཞན་ཆོས་སྤྱོད་ཀྱི་བྱ་འགུལ་སྤེལ་ས་མེད་པས་དེ་ཙམ་གྱིས་ནང་བྱིས་རློན་དར་རྒྱས་སུ་གཏོང་མི་ཐུབ་པར་གཞིགས་ན་རྒྱལ་པའི་ཐུགས་ལ་ང་ཡི་ཡབ་མེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ། གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་ཡོད་ཀྱང་ཕྱོགས་སུ་ཐོར་ཆེ་བས་འཇིག་སོང་། བདག་གིས་ལྕགས་རི་གཅིག་གི་ནང་དུ་གཙུག་ལག་ཁང་དེ་ཙམ་ཚུད་པ་ཞིག་བཞེངས་པར་འདོད་དེ། མཁན་སློབ་ཆོས་གསུམ་ཞལ་འཛོམས་ཀྱིས་ལྕགས་གླང་ཁང་དེ་ཙམ་ཚུད་པ་ཞིག་བཞེངས་བར་འདོད་དེ། ཆུ་སྟག(སྤྱི་ལོ༧༦༡)ལོ་ལ་བསམ་ཡས་དགོན་པའི་རྨང་བཏིང་།ཆུ་སྟག་(སྤྱི་ལོ་༧༦༢)ནས་མེ་རྟ་(སྤྱི་ལོ་༧༦༦)ལོའི་བར་དུ་རྡོ་བཟོ་དང་། ཤིང་བཟོ། འཇིམ་བཟོ། ལྷ་བཟོ་པ་སོགས་ལས་གནས་མི་འདྲ་བའི་ལས་གྲྭ་ཁག་གིས་འབད་བརྩོན་ལ་བརྟེན་ནས་བཞེངས་ཤིང་། དེ་ཡང་གཞི་ནི་རྒྱ་གར་གྱི་ཨོ་ཏན་པུ་རིའི་གཙུག་ལག་ཁང་ལ་དཔེ་མཛད་དེ་འདུལ་བའི་ལུགས་སུ་གཙུག་ལག་ཁང་དང་། མདོ་སྡེའི་ལུགས་སུ་དཀྱིལ་འཁོར་ཆེན་པོའི་ཚུལ། མངོན་པའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླས་བརྒྱན་པའི་རྒྱ་གར་རྡོ་རྗེ་གདན་དང་ཆོས་མཚུངས་པར་བྱས་པ་དང་། བཟོ་བཀོད་ཐད་འོག་ལྷ་ཁང་དང་བཅས་བའི་བཟོ་དབྱིབས་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་པ།  བར་ཁང་བཟོ་དབྱིབས་རྒྱ་ནག་ལུགས་སུ་སོ་ཕག་ལས་གྲུབ་པ། སྟེང་ཁང་རྒྱ་གར་ལུགས་སུ་ཤིང་ལས་གྲུབ་པ་སྟེ་རྒྱ་བོད་འཕགས་གསུམ་གྱི་འཛུགས་སྐྲུན་ཁྱད་ཆོས་ངོ་མཚར་བ་དང་ལྡན་པས་མཚན་ཡང་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་སུ་གྲགས་ལ། དེའི་གཡས་གཡོན་དུ་གླིང་བཞི་གླིང་ཕྲན་བརྒྱད། ཉི་ཟླ་སོགས་ཀྱི་ལྷ་ཁང་ཡོད་ཅིང་། ཕྱོགས་བཞིར་ངོ་མཚར་མཆོད་རྟེན་རྣམ་པ་བཞི་དང་། ཕྱིའི་ལྕགས་རིའི་སྟེང་མཆོད་རྟེན་སྟོང་དང་རྩ་བརྒྱད། ཕྱི་རོལ་ཏུ་བཙུན་མོས་ལྷ་ཁང་བཞེངས་པའི་ཚུལ་ནི། 《 ཉང་རལ་ཆོས་འབྱུང 》 ལས། དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བྱས། གླིང་བཞི་གླིང་ཕྲན་བརྒྱད་དུ་བྱས་ཏེ། དེ་ཡང་ཤར་དུ་རྣམ་དག་ཁྲིམས་ཁང་གླིང་། མཁྱེན་རབ་འཇམ་དཔལ་གླིང་། ཚང་མང་ཀེ་རུ་གླིང་། ལྷོ་རུ་བདུད་འདུལ་སྔགས་པ་གླིང་།ཨརྱ་པ་ལོའི་གླིང་། དགའ་ལྡན་བྱམས་པ་གླིང་། བྱང་དུ་སྣ་ཚོགས་རིན་ཆེན་གླིང་། མ་ཆག་པད་ཅན་གྱི་གླིང་། པེ་ཧར་དཀོར་མཛོད་གླིང་།ཉི་མ་ལྷ་ཁང་། ཟླ་བ་ལྷ་ཁང་། གཞན་ཡང་ཤར་ལྷོར་མཆོད་རྟེན་དཀར་པོ་སངས་རྒྱས་སྟོང་གི་བརྒྱན་པ། ལྷོ་ནུབ་ཏུ་མཆོད་རྟེན་དམར་པོ་པདྨ་སྟོང་གིས་བརྒྱན་པ།  ནུབ་བྱང་དུ་མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གིས་བརྒྱན་པ། བྱང་ཤར་དུ་མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་གིས་བརྒྱན་པ་བཞེངས། ནུབ་ཕྱོགས་སུ་ཡ་མཚན་རྫུ་འཕྲུལ་སྟོན་པ་ཀླུའི་གླིང་བཞེངས། སློབ་དཔོན་པདྨའི་གཟིམ་ཁང་ཡག་ཤ་ལྟག་འོག་བཞེངས། སྟར་ཀ་ཆེན་པོ་བཞི་ལ། ཕྱོགས་བཞིར་ཁྲོན་ཁ་ཆེན་པོ་བཞི། མེ་བཅའ་ཆེན་པོ་བཞི། རི་སྣ་བཞི་ལ་མཆོད་རྟེན་བཞི། ཕོ་བྲང་རིམ་དགུ་དང་། ཕོ་བྲང་སིམ་ཁང་དང་། རྒྱའི་ཧྭ་ཤིང་ལྷ་ཁང་དང་། ཕྱིའི་ལྕགས་རི་མུ་ཁྱུད་ནག་པོ་དང་། དེའི་ཕྱོགས་བཞིར་སྒོ་བཞི་ལ་དགོན་ཁང་བཞི་དང་བཅས་པ་བཞེངས་སོ། །ཞེས་གསལ་བ་ལྟར་དང་། དེ་དག་གི་ནང་དུ་སྐུ་རྟེན་དང་རྒྱུད་རིས་ཕུན་སུམ་ཚོགས་པ་བཞེངས་ཏེ་མཁན་སློབ་གཉིས་ཀྱིས་རབ་གནས་མཛད་ཅིང་། བོད་པ་གཞོན་ནུ་རྦ་གསལ་སྣང་སོགས་བློ་རིག་བརྟན་པ་སད་མི་བདུན་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་སྡེ་ཐོག་མར་ཚུགས་པ་ནི། བོད་དུ་དགོན་སྡེ་བྱུང་བའི་ཐོག་མ་ཡིན་ནོ། །

    དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ། བཀའ་གདམས་པ་དང་། བཀའ་བརྒྱུད་པ།ས་སྐྱ་པ། དགེ་ལུགས་པ་སོགས་གྲུབ་མཐའ་མི་འདྲ་བ་མང་པོ་རིམ་བྱུང་བ་དང་ཆབས་ཅིག དགོན་སྡེའང་མང་པོ་བྱུང་བ་སྟེ། བཀའ་གདམས་པའི་དགོན་པ་ལ།དེ་ཡང་ཇོ་བོ་རྗེ་ཡེར་པ་ལྷ་རིའི་མགུལ་དུ་ཕྱག་ཕེབས་ཏེ། དེར་ལོ་མང་པོ་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་དཔག་མེད་བསྐོར་བར་སྐལ་ལྡན་གདུལ་བྱ་གྲངས་འདས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ།སེམས་ཅན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པར་གཟིགས་ནས་ཇོ་བོས་དབུ་མཛད། བླ་སློབ་དུ་མས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཁ་ཕྱེ་ནས་རྭ་སྒྲེང་དགོན་འཛུགས་པའི་རྟེན་འབྲེལ་དང་། ས་འདུལ་ཕུན་སུམ་ཚོགས་པར་མཛད། དེ་ནས་ཤིང་མོ་ལུག་གི་ལོ་ལ་དགེ་བཤེས་སྟོན་པ་རྭ་སྒྲེང་དུ་བྱོན་ནས་ཐོག་མར་གནས་ཀྱི་བརྟག་པ་མཛད་པས། དེ་ཡང་སྤྱིར་ལུང་པའི་ཕུ་ཤར་ལ་བསྟན་པ། མདའ་ནུབ་ལ་བསྟན་པ། ཤར་ཡངས་པ། ནུབ་དོག་པ། ལྷོ་གཞོལ་བ། བྱང་སྐྱབས་པ།སའི་ཐུ་བ་ཡངས་ཤིང་ཁད་དཀར་བ། ཕྱོགས་ཀྱི་རི་ཐམས་ཅད་ཀྱང་རྒྱལ་སྲིད་སྣ་བདུན་འདྲ་བར་འདུག་པས།  ཇོ་བོ་རྗེའི་བཀའ་བཞིན་རབ་བྱུང་དང་པོའི་མེ་སྦྲེལ་(སྤྱི་ལོ་༡༠༥༦)ལོ་འབྲོམ་སྟོན་པས་བཀའ་གདམས་བསྟན་པའི་ཆུ་མགོ་བྱང་རྭ་སྒྲེང་དགོན་པ་ཕྱག་བཏབ་པ་དང་།  དེ་ནས་རིམ་བཞིན་རབ་བྱུང་གཉིས་པའི་ཆུ་གླང་(སྤྱི་ལོ༡༠༢༣)ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པའི་གསང་ཕུ་དགོན་པ།རབ་བྱུང་གསུམ་པའི་ཆུ་བྱ་(སྤྱི་ལོ་༡༡༥༣)ལོར་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ་པའི་སྣར་ཐང་དགོན་པ། དུས་རབས་བཅུ་གཅིག་ནང་ཇོ་བོ་རྗེའི་དངོས་སློབ་རིན་ཆེན་སྙིང་པོས་བཏབ་པའི་དབུས་སྟོད་སྟག་ཕུ་ཆོས་སྡེ།རབ་བྱུང་གཉིས་པའི་ཆུ་སྦྲེལ་(སྤྱི་ལོ་༡༡༡༣)ལོར་བྱ་ཡུལ་བ་གཞོན་ནུ་འོད་ཀྱིས་བཏབ་པའི་བྱ་ཡུལ་མང་རྭ་དགོན། དུས་རབས་བཅོ་ལྔའི་ནང་དགེ་བཤེས་འཆད་ཁ་པས་བཏབ་པས་བཏབ་པའི་འཆད་ཁ་དགོན།དུས་རབས་བཅུ་གཅིག་ནང་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་བཏབ་པའི་སྟོད་ལུང་མཚོ་སྨད་ལྷ་ཁང་དགོན། རབ་བྱུང་གསུམ་པའི་ས་གླང་(སྤྱི་ལོ༡༡༦༩)ལོར་སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་གིས་བཏབ་པའི་སྐྱོ་ལུང་དགོན། དུས་རབས་བཅུ་གསུམ་ནང་དགེ་བཤེས་ཨར་ཆེན་བྱང་ཆུབ་ཡེ་ཤེས་ཀྱིས་བཏབ་པའི་གནམ་རྩེ་སྡིང་དགོན་ལ་སོགས་པ་མང་པོ་ཡོད་དོ། །

      བཀའ་བརྒྱུད་པའི་ལུགས་འཛིན་པའི་དགོན་སྡེ་ཡང་རབ་བྱུང་གསུམ་པའི་ས་སྟག་(སྤྱི་ལོ༡༡༥༨)ལོར་འགྲོ་མགོན་ཕག་མོ་གྲུ་པས་བཏབ་པའི་གདན་ས་མཐིལ་དགོན་དང་། རབ་བྱུང་གསུམ་པའི་ཤིང་ལུག་(སྤྱི་ལོ་༡༡༧༥)ལོར་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པས་བཏབ་པའི་ཚལ་དགོན་པ། རབ་བྱུང་གསུམ་པའི་ས་ཕག(སྤྱི་ལོ༡༡༧༩)ལོར་སྐྱོབ་པ་འཇིག་རྟེན་མགོན་པོས་བཏབ་པའི་འབྲི་གུང་དགོན་པ།  རབ་བྱུང་གསུམ་ལྕགས་བྱི(སྤྱི་ལོ༡༡༨༠)ལོར་སྟག་ལུང་ཐང་པཆེན་པོ་བཀྲ་ཤིས་དཔལ་གྱིས་བཏབ་པའིབྱང་སྟག་ལུང་དགོན་པ། རབ་བྱུང་གསུམ་པའི་ས་བྱ(སྤྱི་ལོ༡༡༨༩)ལོར་ཀརྨ་པ་དུས་གསུམ་མཁྱེན་པས་བཏབ་པའི་མཚར་ཕུ་དགོན་པ། རབ་བྱུང་བཞི་བའི་ཆུ་ཕག(སྤྱི་ལོ༡༢༧༣)ལོར་རྡོ་རྗེ་རྒྱལ་པོས་བཏབ་པའི་སྡིང་རྒྱལ་སྒྲུབ་སྡེ་དགོན། རབ་བྱུང་བརྒྱད་པ་ས་ཕོ་སྤྲེལ(སྤྱི་ལོ༡༤༨༨)ལོར་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་བཏབ་པའི་ཕྲ་བ་དགོན། རབ་བྱུང་དགུ་པའི་ཤིང་རྟ(སྤྱི་ལོ༡༥༣༤)ལོར་རིག་འཛིན་ཕུན་ཚོགས་ཀྱིས་བཏབ་པའི་ཐུབ་བསྟན་ཡང་སྒར་ལྕོག་གྲྭ་དགོན། རབ་བྱུང་བཅུ་གཉིས་ས་ལུག(སྤྱི་ལོ༡༧༣༩)ལོར་དོན་གྲུབ་ཆོས་རྒྱལ་གྱིས་བཏབ་པའི་འབྲི་གུང་ཡང་རི་སྒར་ཐུབ་བསྟན་རབ་རྒྱས་གླིང་། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(སྤྱི་ལོ༡༧༦༠)ལོར་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་གྱིས་བཏབ་པའི་འབྲོང་ངུར་སྒྲུབ་སྡེ་དགོན། རབ་བྱུང་བརྒྱད་པའི་ཆུ་ཕག(སྤྱི་ལོ༡༥༠༣)ལོར་ཞྭ་དམར་སྐུ་ཕྲེང་བཞི་པ་ཡེ་ཤེས་ཀྱིས་བཏབ་པའི་ཡངས་བ་ཅན་དགོན། དུས་རབས་བཅུ་གཉིས་པའི་ནང་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་བཏབ་པའི་འབྲུག་བྱང་ཆུབ་ཆོས་གླིང་སོགས་མཐའ་ཡས་པ་བྱུང་ངོ་། །

     
ཡང་འོད་གསལ་ལྷ་ལས་མཆེད་པ་འཁོན་གྱི་གདུང་རྒྱུད་དུ་འཁྲུངས་པའི་འཁོན་དཀོན་མཆོག་རྒྱལ་པོས་བྲ་བོ་ལུང་བར་དགོན་པ་ཆུང་ངུ་ཞིག་ཕྱག་བཏབ་ནས་ལོ་ཤས་བཞུགས་པས་དགོན་དེར་ས་སྐྱ་གོག་པོར་གྲགས་ཤིང་། དུས་དེར་བླ་སློབ་རྣམས་སྐྱོ་བསངས་ལ་ཕེབས་པའི་སྐབས་སུ་རི་ཁ་ནས་གཟིགས་་པསདབོན་པོ་རི་གླང་བོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུག་གཡས་བའི་ཐད་ན་ས་དཀར་ཞིང་སྣུམ་པ། ཆུ་གཡས་སུ་འབབ་པ་ལ་སོགས་བཀྲ་ཤིས་དང་དགེ་མཚན་དུ་མ་ཚང་བར་གཟིགས་ཏེ་དེར་དགོན་པ་ཞིག་བཏབ་ན་ལེགས་པའི་ཐུགས་དགོངས་འཁྲུངས། སྐབས་དེའི་ཡུལ་བདག་ཇོ་བོ་གནོང་ནག་པ་བྱ་བ་ལ་ས་དེ་སྣང་བར་ཞུ་ཞེས་གསོལ་བས་གནང་། ཡང་སྒོས་ཀྱི་ས་ཡི་བདག་པོ་ཞང་གཞུང་གུ་རི་བ་དང་བན་དེ་གྲོང་བཞི།ལྷ་མི་གྲོང་བདུན་ཡོད་པ་དེ་རྣམས་ལ་འདིར་དགོན་ཆུང་ཞིག་འདེབས་སྙམ་པས་རིན་འབབ་ཅི་ཡིན་གསུངས་བ་ལ་དེ་རྣམས་ནས་ས་རིན་ཅི་ཡང་མི་དགོས།  གནས་འདིར་དགོན་པ་འདེབས་པར་ཞུ་ཟེར་ཡང་འཁོན་དཀོན་མཆོག་རྒྱལ་བོས་རྒོད་མ་དཀར་པོ་ཞིག་དང་། མོ་གོས་གཅིག ནོར་བུའི་ཕྲེང་བ་གཅིག  ཁྲབ་གཅིག་བཅས་རིན་དུ་ཕུལ།  དེ་ནས་དབོན་པོ་རིའི་ས་དཀར་དབུས་ཀྱི་ལོགས་སུ་འཁོན་དཀོན་མཆོག་རྒྱལ་བོས་རབ་བྱུང་དང་པོའི་ཆུ་གླང(སྤྱི་ལོ༡༠༧༣)ལོར་དཔལ་ལྡན་ས་སྐྱ་དགོན་པ་ཕྱག་བཏབ།  ས་སྐྱ་དགོན་པ་ལྷོ་བྱང་ཁག་གཉིས་སུ་དབྱེ་བ་ལས་དགོན་པ་ལྷོ་མ་དེ་ས་སྐྱ་གྲམ་ཆུའི་ལྷོ་ངོས་ཐང་གཤོངས་སུ་ཆགས་ཤིང་། དགོན་པ་བྱང་མ་ནི་གྲམ་ཆུའི་བྱང་ངོས་དབོན་པོ་རིའི་འདབས་སུ་ཆགས། དང་ཐོག་དེ་ཉིད་གཞི་རྒྱ་ཆུང་ངུ་ཞིག་ལས་མེད་ཀྱང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་གོང་མའི་རྒྱབ་སྐྱོར་འོག་ས་སྐྱ་བར་བོད་ཡོངས་ལ་ཆོས་སྲིད་དབང་སྒྱུར་བའི་དབང་ཆ་ཐོབ་རྗེས་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་ལས་ལ་བསྐུལ་ནས་ལྷ་ཁང་བྱང་མ་རྒྱ་བསྐྱེད་བྱས་པ་དང་འབྲེལ་བོད་རབ་བྱུང་ལྔ་བའི་ས་འབྲུག(སྤྱི་ལོ༡༢༦༨)ལོར་ལྷ་ཁང་ལྷོ་མ་སྟེ་ས་སྐྱ་ལྷ་ཁང་ཆེན་མོ་གསར་བཞེངས་ཀྱིས་ཕྱིས་སུ་རྒྱུ་བསྐྱེད་དེ་འཕེལ་རྒྱས་བྱུང་། དགོན་པ་འདུ་ཁང་གི་རྒྱ་ཁྱོན་ཀ་བ་བཅུ་བཞི་ཙམ་ཡོད། དེའི་ནང་གྲགས་ཆེ་བ་ནི་རྒྱ་ནག་སེ་ཆེན་ཀ་བ་དང་།  ནག་པོ་ཁྲག་འཛག་གི་ཀ་བ།  འབྲོང་ཕོ་ཀ་བ།  སྟག་ཕོ་ཀ་བ་བཅས་ཀ་ཆེན་བཞི་ཡོད། འདུ་ཁང་གི་རྟེན་གཙོར་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང་།   འཇམ་དབྱངས་གར་གཟིགས་མ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ་སོགས་སྐུ་བརྙན་དུ་མ་བཞུགས་ཤིང་། གཞན་ཡང་ཡོན་རྒྱལ་བོས་བླ་མ་འཕགས་པར་དབང་ཡོན་དུ་ཕུལ་བའི་ཆོས་དུང་དཀར་པོ་རྒྱང་གྲགས་ཞེས་པ་དང་།   ཆོས་པོ་ཏི་ཆེན་མོ་ལྕགས་ལོང་མ་ཞེས་པ་བཅས་བཞུགས་ལ། ད་དུང་འདུ་ཁང་དུ་བླ་མ་འཕགས་པའི་སྐུ་དུས་སུ་བོད་ཀྱི་ཡིག་མཁན་མང་པོའི་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་གསེར་དངུལ་སོགས་ལས་བྲིས་པའི་ཆོས་ཀྱི་པོ་ཏི་སྟོང་ཕྲག་བརྩིགས་ཡོད་པས་ཕྱི་ས་རྡོའི་རྩིག་པ་ཞིག་ཀྱང་ནང་ཆོས་ཀྱི་རྩིག་མ་ཞེས་པ་ཞིག་པའི་དཔེ་ཆགས་པ་ལྟར་གྱི་ཁྱད་ཆོས་ལྡན།  གཞན་ཡང་ཤིང་ཏ་ལའི་ལོ་མར་བྲིས་པའི་རྩ་ཆེའི་རྒྱ་དཔེ་དང་ཆོས་རྒྱལ་འཕགས་པའི་སྐུ་རྒྱུ་ཕྱག་རྫས་དང་། ཡོན་ཆིང་རྒྱལ་རབས་སོ་སོའི་དུས་ཀྱི་དཀར་ཡོལ་ལ་བརྩིགས་པའི་རྩ་ཆེའི་རིག་དངོས་མང་པོ་ཡོད་པ་དུས་ཀྱི་ཡོ་ལང་གིས་ཐོར་གྱང་དུ་སོང་ཡང་འགའ་ཞིག་ད་ལྟའང་མཇལ་རྒྱུ་ཡོད།
    
གཞན་ཡང་རབ་བྱུང་གཉིས་པའི་ལྕགས་སྤྲུལ(སྤྱི་ལོ༡༡༠༡)ལོར་གཉན་ལོ་ཙཱ་བས་བཏབ་པའི་འབྲོམ་ཐོད་གཉན་མགོན་ཕུགརབ་བྱུང་གཉིས་པའི་མོ་བྱ(སྤྱི་ལོ༡༠༩༣)ལོར་གླང་རི་ཐང་བའམ་གླང་ཐང་རྡོ་རྗེ་སེང་གེའི་བཏབ་པའི་གླང་ཐང་དགོན།   རབ་བྱུང་བདུན་པའི་ཤིང་མོ་ཡོས(སྤྱི་ལོ༡༤༣༥)ལོར་རོང་སྟོན་སྨྲ་བའི་སེང་གེ་བཏབ་པའི་ནཱ་ལེན་དྲ།དུས་རབས་བཅུ་གཉིས་ནང་ཡར་རླུང་པ་གྲགས་པ་རྒྱལ་མཚན་གྱིས་བཏབ་པའི་སྟོད་ལུང་སྡིངས་ཀ་དགོན་སོགས་མང་ངོ་། །
       རྙིང་མའི་དགོན་པ་ལ། བསམ་ཡས་དང་། དུས་རབས་བཅུ་གཉིས་པའི་ནང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་བཏབ་པའི་གྲོག་མཁར་དགོན། རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས(སྤྱི་ལོ༡༦༥༢)ལོར་རྒྱལ་དབང་ལྔ་བས་བཏབ་པའི་གསང་སྔགས་བྱང་ཆུབ་གླིང་སོགས།

ཡང་རབ་བྱུང་དྲུག་པའི་མེ་བྱ(སྤྱི་ལོ༡༣༥༧)ལོར་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་འཇིག་རྟེན་དུ་བྱོན་ཏེ། ཚད་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་བསྟེན་ནས་གདན་ས་ཆེན་པོ་རྣམས་སུ་མཁས་པར་སྦྱངས་ཤིང་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་བོར་མཛད། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀྲལ་བ་མ་ཟད། དེའི་དོན་ཉམས་སུ་བཞེས་ཏེ་ཕྱིན་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་གངས་རིའི་ལྗོངས་སུ་སྤེལ་ཏེ། རབ་བྱུང་བདུན་པའི་ས་གླང(སྤྱི་ལོ༡༤༠༩)ལོར་དབང་བསྐུར་བའི་རིའི་ལྡེབས་བཙུན་མོ་སྡིངས་ཀྱི་མདུན་ངོས་འགོག་པ་རིའི་ངོས་སུ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ།  དེའི་དུས་བོད་ཀྱ་ས་ཆེན་པོ་འདི་རྗེ་ཙོང་ཁ་བའི་གདུགས་དཀར་གཅིག་གིས་ཁྱབ་པ་བྱུང་བས་དེའི་ལུགས་ཀྱི་བསྟན་འཛིན་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་བསྟུན་རི་བོ་དགེ་ལུགས་པའི་ཆུ་མགོ་ལྟ་བུའི་མ་དགོན་དགའ་ལྡན་དགོན་པ་ལས་གྱེས་པའི་དགོན་པ་ཡང་དཔེར་ན། དབུས་སུ་བདུན་པའི་མེ་སྦྲེལ(སྤྱི་ལོ༡༤༡༦)ལོར་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་བཏབ་པའི་དཔལ་ལྡན་འབྲས་སྤུངས་དགོན་དང་།  རབ་བྱུང་བདུན་པའི་ས་ཕག(སྤྱི་ལོ༡༤༡༩)ལོར་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་བཏབ་པའི་དཔལ་ལྡན་འབྲས་སྤུངས་དགོན་དང་། རབ་བྱུང་བདུན་པའི་ས་ཕག(སྤྱི་ལོ༡༤༡༦)ལོར་རྗེའི་དངོས་སློབ་བྱམས་ཆེན་ཆོས་རྗེས་བཏབ་པའི་སེ་ར་ཐེག་ཆེན་གླིང་། རབ་བྱུང་བདུན་པ་ལྕགས་བྱི(སྤྱི་ལོ༡༤༢༠)ལོར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་བཏབ་པའི་བཙུན་མོ་ཚལ་དགོན་སོགས་དང་། གཙང་དུ་རབ་བྱུང་བརྒྱད་པའི་མེ་ཡོས(སྤྱི་ལོ༡༤༤༧)ལོར་རྗེ་དགེ་འདུན་གྲུབ་ཀྱིས་བཏབ་པའི་བཀྲ་ཤིས་ལྷུན་པོ། མདོ་སྨད་དུ་རབ་བྱུང་དྲུག་པའི་ས་མོ་གླང(སྤྱི་ལོ༡༣༤༩)ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་པའི་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་།  རབ་བྱུང་བཅུ་གཅིག་པའི་ལྕགས་སྟག(སྤྱི་ལོ༡༣༤༩)ལོར་བཙན་པོ་དོན་གྲུབ་རྒྱ་མཚོས་བཏབ་པའི་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་། རབ་བྱུང་བཅུ་བའི་ཆུ་ཡོས(སྤྱི་ལོ༡༦༠༣)ལོར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པའི་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་།  རབ་བྱུང་བཅུ་བའི་ཆུ་ཡོས(སྤྱི་ལོ༡༦༠༣)ལོར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པའི་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་། རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་པའི་གནས་དེར་ཙན་དན་གྱི་སྡོང་བོ་ཞིག་སྐྱེས་པ་དེ་ཉིད་སྙིང་པོ་བྱས་ཏེ་ཡུམ་གྱི་ཐུགས་བཀོད་ལྟར། རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་གཅིག་དཔར་དུ་བཏབ་པ་གཟུངས་སུ་ཕུལ་བའི་མཆོད་རྟེན་པདྨ་སྤུངས་པ་ཞིག་བཞེངས་པའི་མཐའ་སྐོར་དུ་རྡོ་རྩིག་གི་ར་བས་བསྐོར་བ་བཅས་ཡོད་པའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱིས་ཐོག་བཀབ་པ་ཞིག་གསར་བཞེངས་གནང་བ་དང་།  རབ་བྱུང་བཅུ་པའི་མེ་གླང(སྤྱི་ལོ༡༤༧༧)ལོར་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་ཐུགས་འགན་བཞེས་ཏེ་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་བཞུགས་པའི་བྱམས་ཁང་གསར་ཁང་གནང་བ་བཅས་ལྷ་ཁང་སྔ་རྗེས་གཉིས་ཀྱི་རྨང་གཞིའི་སྟེང་རྒྱལ་བ་བསོད་ནམས་རྒྱ་མཚོའིབཀའ་བཀོད་ལྟར་རིམ་བཞིན་རྒྱ་བསྐྱེད་པའི་སྐུ་འབུམ་དགོན་པ།  རབ་བྱུང་བཅུ་གཉིས་པའི་ས་གླང(སྤྱི་ལོ༡༧༠༩)ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་བཏབ་པའི་བླ་བྲང་བཀྲ་ཤིས་བཅས་མང་ངོ་།།

བཙུན་དགོན་ལ།

       དུས་རབས་བཅུ་གཉིས་པའི་ནང་ཕ་དམ་པ་སངས་རྒྱས་ཀྱིས་བཏབ་པའི་གར་རི་བསམ་གཏན་གླིང་། དུས་རབས་བཅོ་ལྔ་ཡས་མས་སུ་རབ་འབྱམས་ཆོས་རྗེས་བཏབ་པའི་ནེལ་ཆུང་རི་ཁྲོད།  དུས་རབས་བཅུ་གཉིས་ནང་བཤེས་གཉེནགླང་ལུང་པས་བཏབ་པའི་ལྷས་ལུང་དགོན། དུས་རབས་བཅོ་བརྒྱད་པའི་ནང་ལྷ་སའི་རྡོ་རིང་པཎ་གྱིས་བཏབ་པའི་ཁྱུང་ཚང་དགོན། དུས་རབས་བཅུ་གཅིག་ནང་ཤ་ར་བ་ཡོན་ཏན་གྲགས་པས་བཏབ་པའི་འཕན་པོ་ཤ་བ་འབུམ་པ་སོགས་ཡོད་དོ། །

      གཞན་ཡང་རབ་བྱུང་བཞི་བའི་ནང་ཇོ་ནངཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་བཏབ་པའི་ཇོ་ནང་ངེས་དོན་ཆོས་འཁོར་གླིང་སོགས་ཇོ་ནང་བའི་དགོན་པ།  རབ་བྱུང་དང་པོའི་ལྕགས་འབྲུག་(སྤྱི་ལོ༡༠༥༠)ལོར་གཤེན་ཀླུ་དགའ་ཡིས་བཏབ་པའི་འབྲིག་མཚམས་མང་ལ་རྩེའི་བོན་དགོན་སོགས་གྲུབ་མཐའ་སོ་སོའི་དགོན་པ་མང་དུ་བྱུང་ངོ་།།

      མདོར་ན། བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དགོན་པ་བྱུང་བ་ནས་བཟུང་རྙིང་མ་བ་དང་།བཀའ་གདམས་པ། ས་སྐྱ་པ། བཀའ་རྒྱུད་པ། དགེ་ལུགས་པ། ཇོ་ནང་པ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་མང་དུ་བྱུང་བ་ལ་བརྟེན་ནས་དགོན་སྡེའི་རིག་གནས་དར་རྒྱས་ཆེན་པོ་བྱུང་ངོ།།


གཉིས། དགོན་སྡེ་རིག་གནས་ཀྱི་གོ་དོན།

     དགོན་སྡེའི་རིག་གནས་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབང་དང་། དགོན་སྡེ་ཁག་གི་བསླབ་གཞིའི་དབང་གིས་གོ་བ་ལེན་སྟངས་མི་འདྲ་བ་དུ་མ་ཞིག་བྱུང་ཡོད། སྤྱིར་བཏང་སྒྲ་ཡངས་འཇུག་གི་དབང་དུ་བཏང་ན། སངས་རྒྱས་ཀྱི་བཀའ་འགྱུར་རོ་ཅོག་དང་། རྒྱ་གར་པཎ་གྲུབ་རྣམས་ཀྱི་བསྟན་བཅོས་བོད་གངས་ཅན་གྱི་སྐད་དུ་བསྒྱུར་པ་ཐམས་ཅད། དགོན་སྡེ་ཁག་གི་ཆོ་ག་སྣ་ཚོགས། འདོན་རྟ་དབྱངས་གསུམ། དཔལ་འབྱོར། སྒྲིག་གཞི། སློབ་གསོ་བྱེད་ཐབས། གཙུག་ལག་དང་སྐུ་རྟེན་བཞེངས་ཚུལ། དགེ་འདུན་པའི་འཚོ་བའི་གནས་སྟངས་ལ་སོགས་པ་ཐམས་ཅད་དགོན་སྡེའི་རིག་གནས་ཡིན།

སྒྲ་དོག་འཇུག་གི་དབང་དུ་བཏང་ན། དུས་སྐབས་སོ་སོའི་དགོན་པའི་བསླབ་གཞིའི་ཁག་མི་འདྲ་བའི་དབང་གིས་གོ་དོན་འདྲ་མིན་མང་པོ་ཡོད།

ཤིང་སྟག(སྤྱི་ལོ༡༠༧༤)ལོར་བཀའ་གདམས་པའི་བླ་མ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་བཏབ་སྟེ།ཁོང་གི་དབོན་པོ་རྔོག་ལེགས་པའི་ཤེས་རབ་སོགས་ཀྱིས་དགོན་པ་དེར་གཞུང་པོ་ཏི་ལྔ་སྟེ། རྣམ་འགྲེལ། ཕར་ཕྱིན། དབུ་མ། མངོན་པ་གོང་འོགའདུལ་བ་བཅས་ཀྱི་འཆད་ཉན་བཤད་གྲྭ་བཙུགས་ཤིང་། རྗེས་སུ་ས་སྐྱ། སྣར་ཐང་། ཞ་ལུ་སོགས་སུ་འཆད་ཉན་བཤད་གྲྭ་བཙུགས་ཤིང་།རྗེས་སུ་ས་སྐྱ། སྣར་ཐང་། ཞ་ལུ་སོགས་སུ་འཆད་ཉན་བྱེད་ཚུལ་དེ་དར་བ་དང་། རིམ་བཞིན་བོད་ཡུལ་ཡོངས་སུ་དར་བས་དགོན་པའི་རིག་གནས་ཞེས་པ་གཞུང་པོ་ཏི་ལྔ་ལ་གོ་བ་ལེན་གྱི་ཡོད།

དཔལ་ལྡན་ས་སྐྱ་བའི་དུས་སུ། ས་སྐྱ་པའི་མ་དགོན་ས་སྐྱ་དགོན་ནས་སྙན་ངག 《 སྙན་ངག་མེ་ལོང 》 སོགས་བོད་དུ་བསྒྱུར་པ་དང་། སྔོན་གྱི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་དང་། རྒྱ་ནག་སོགས་ནས་དར་བའི་བསྟན་བཅོས་ཁག་མི་འདྲ་བ་རྣམས་རིག་ཚན་ཕྱེས་ཏེ་སྒྲ་དང་།ཚད་མ། བཟོ་དང་། གསོ་བ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔར་གྲངས་ཕྱེས་ཏེ་འཆད་ཉན་བྱེད་པའི་སྲོལ་ཕྱེས་པ་ནས་དགོན་སྡེའི་རིག་གནས་ཞེས་པ་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལ་ངོས་འཛིན་པ་ཡིན།

བོད་དུ་དགོན་སྡེ་ཇེ་མང་དུ་ཕྱིན་པ་དང་། ཆོས་འཆད་ཉན་གྱི་བཤད་གྲྭ་དགོན་སྡེ་ཁག་གི་ཁྱད་ཆོས་དང་བསྟུན་ནས་འཕེལ་རྒྱས་ཕྱིན་པས། ཁོར་ཡུག་ཆུང་ངུའི་ཁྲོད་ནས་དགོན་སྡེའི་རིག་གནས་ཀྱི་གོ་དོན་ལ་འགྱུར་བ་ཡོད་པ་སྟེ། དཔེར་ན། མདོ་སྨད་ཀྱི་བསླབ་གཞིའི་ཁྲོད་དུ་གཞུང་དང་རིག་གནས་ཞེས་དབྱེ་བ་ཕྱེས་ཏེ་པོ་ཏི་ལྔ་ལ་གཞུང་དང་། གཞན་པའི་ཐ་སྙད་རིག་གནས་ལ་རིག་གནས་ཞེས་བརྗོད་པས་དགོན་པའི་རིག་གནས་ཞེས་པ་ཐ་སྙད་རིག་གནས་ཙམ་ཞེས་བརྗོད་པས་དགོན་པའི་རིག་གནས་ཞེས་པ་ཐ་སྙད་རིག་གནས་ཙམ་ལ་གོ་བའང་ཡོད་དོ།།

རྩོམ་ཁུངས། 《 བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ 》 ཡིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2020/2/16
སྐྱབས་སུ་མཆི། 🙏🙏🙏
 སྤེལ་མཁན: དྷཱི སྤེལ་དུས:2020/2/16
སྐྱབས་སུ་མཆི།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41122349
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1