མཐོ་རིམ་དབུ་འཛིན་གསོ་སྐྱོང་གི་གལ་འགངས་གླེང་བ།
ཚོ་ཤོག་གསར་པས་གཙོ་སྒྲུབ་བྱས་པའི་བོད་ཀྱི་དཔལ་འབྱོར་དཔྱད་རྩོམ་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་དཔྱད་རྩོམ།
རྩོམ་པ་པོ། ཚེ་རིང་དངོས་གྲུབ།
ཀྲུང་གོ་མི་དམངས་སློབ་ཆེན།
【ཀླད་ཀྱི་གཏམ།】ཆ་འཕྲིན་གྱི་དུས་རབས་སུ་གླེང་བའི་ང་ཚོ་འཚོ་ཞིང་གནས་པའི་ཉེར་གཅིག་གི་དུས་འདིར། འཛམ་གླིང་ངམ་སྐྱེས་བུའི་གཙོ་རྒྱུགས་རིན་ཐང་ལྟ་བ་ནི་ཚན་རྩལ་དང་དཔལ་འབྱོར་རྨང་གཞི་རུ་བྱས་ཏེ་མི་བུ་སྒེར་གྱི་ཁེ་དབང་གི་རྒྱུ་འབྲས་བློ་མིག་གི་ཕྱོགས་ལ་འཕེལ་རྒྱས་ནས་མཐོ་རླབས་ཀྱི་ཕྱོགས་ལ་འགྲོ་བཞིན་མཆིས།
འོན་ཀྱང་ང་ཚོ་བོད་པ་ཚོ་ནི་ད་དུང་དཔལ་འབྱོར་དང་རིག་གནས་ཀྱི་ཆ་ལ་ཡང་རང་ཁ་རང་གསོ་ཙམ་ལས་ཁྲོམ་ར་ལ་ཁ་ཕྱོགས་པ་ཧ་ཅང་ཉུང་ལ་རིག་གཞུང་ཐད་ལ་ཡང་གསར་གཏོད་དང་ཚན་རྩལ་གྱི་བསམ་བློ་ཞིག་ཡོངས་ཁྱབ་སུ་དར་མེད། དེར་བརྟེན་མི་རིགས་ཀྱི་ཁྲོམ་ར་རྒྱ་ཆེར་རྒྱས་མི་ཐུབ་ཅིང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡོད་རུང་སྲོལ་རྒྱུན་གྱི་བཀག་རྒྱ་ལས་གྲོལ་མ་ཐུབ་པས་བོད་ཀྱི་ཁྲོམ་རའི་མ་ལག་དེ་ཡོངས་ཁྱབ་དང་རྒྱུན་ལྡན་ཅན་ཞིག་ཏུ་གཏོང་རྒྱུ་དེ་ང་ཚོའི་ལས་ཆའམ་དམིགས་ཡུལ་དུ་གྲུབ་ཡོད།
གུས་པས་རྩོམ་ཡིག་དེ་བྲིས་ནས་བོད་ཀྱི་ཁྲོམ་རའི་གནས་སྟངས་དང་རྣམ་པ། དེ་བཞིན་རྩ་འཛུགས་ཀྱི་སྒྲིག་གཞི་དང་བོད་དེ་ཕྱོགས་ཡོངས་ནས་ཁྲོམ་རའི་ལམ་ཁར་སྙེགས་པའི་བྱེད་ལས་གཙོ་བོ་སྟེ་མཐོ་རིམ་དོ་དམ་མཁན་ནམ་དབུ་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུ་ལྟེ་བར་བཟུང་ནས་དེའི་གལ་ཆེའི་རང་བཞིན་རགས་ཙམ་དཔྱད་ཡོད།
【 གཙོ་གནད་མིང་ཚིག 】 རྩ་འཛུགས་འབྲེལ་བ། དོ་དམ་པ། མི་ཤུགས་མ་རྩ། ངལ་རྩོལ་གྱི་རིན་ཐང་།
དང་པོ། མཐོ་རིམ་དབུ་འཛིན་དང་རྩ་འཛུགས་ཀྱི་འཕེལ་འགྲིབ་སྐོར།
རྣམ་དཔྱོད་མངའ་ལ་མཁྱེན་རྒྱ་ཡངས་པའི་དབུ་འཛིན་གྱི་མི་བུ་ནི་རྩ་འཛུགས་ཤིག་ལ་མེད་དུ་མི་རུང་ལ་ཚོགས་པའི་དར་རྒུད་ཀྱང་དོ་དམ་བྱེད་མཁན་གྱི་སྐྱེས་བུ་དེའི་ཤེས་རབ་དང་ཡོན་ཚད་ལ་རག་ལས་ཡོད། གོང་གི་རྒྱུ་འབྲས་བློ་མིག་དེ་མིའི་རིགས་ཀྱི་ཚོགས་པའི་རྣམ་པ་གང་རུང་དུ་རྟགས་གྲུབ་སྟེ་རྒྱ་ཆེ་བ་རྒྱལ་ཁབ་དང་ཁྱོན་ཆུང་བ་ཁྱིམ་ཚང་ཞིག་གི་འཕེལ་འགྲིབ་ཀྱང་དབུ་འཛིན་མི་བུ་ཞིག་ལ་ལན་ནས་ཡོད། དཔེར་ན་འཇར་མན་མི་རིགས་སྤྱི་ཚོགས་རིང་ལུགས་པའི་སྲོལ་འབྱེད་པ་ཧི་ཐོ་ལོ་(Adolf Hitler)ནི་རྨད་དུ་བྱུང་བའི་དབུ་འཛིན་པའམ་དོ་དམ་མཁན་ཞིག་ཡིན་སྲིད། ཆབ་སྲིད་ཀྱི་གཏམ་བརྗོད་ལས་གྲོལ་ཏེ་དུས་དེ་གའི་འཇར་མན་མི་དམངས་ཀྱི་གནས་བབས་དང་དགོས་མཁོ་ལས་འཕྲོས་ཏེ་ཁོང་གི་བྱས་པ་ལ་དཔྱད་ཚེ་རྣམ་དཔྱོད་ཀྱིས་སྤུད་པའི་ཁོ་བོའི་རང་བཞིན་དེ་གསལ་ལེར་འཆར་ཡོང། དེ་ནི་མི་དམངས་ཀྱི་དགོས་མཁོ་དང་དུས་འགྱུར་གྱི་ལངས་ཕྱོགས་ལ་གཙིག་པའི་དཔྱོད་ཤེས་ཤིག་རེད། ཁོང་གིས་འགོ་ཁྲིད་པའི་ཆབ་སྲིད་དང་གཡུལ་འཐབ་ཁྲོད་རྩ་གཛུགས་ཀྱི་སྒྲིག་གཞི་ཆ་ཚང་ལ་དམག་འཐབ་ཀྱི་ཇུས་ཆ་བཟང་བ། ད་དུང་དབུ་འཛིན་པར་མཁོ་བའི་དཔའ་སྤོབས་དང་འགན་འཁྲིའི་འདུ་ཤེས་བཅས་ཚང་བ། དེར་མ་ཟད་རྒྱལ་ནང་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་མི་བུ་རེ་རེའི་འཚོ་བའི་དགོས་དབང་ལ་གནག་ཐོག་གཙག་འཁེལ་གྱི་འདོད་སེམས་བསྐངས་ཏེ་མྱུར་མགྱོགས་གཞུང་ལམ་གསར་དུ་བསྐྲུན་ནས་ས་ཁུལ་ཁག་བར་ཚོང་འབྲེལ་གྱི་དྲ་བ་འབྲེལ་ལ་མི་དམངས་ཀྱི་འཚོ་བ་དང་ཁྲོམ་རའི་ལས་བཞུགས་མི་སྣའི་ལས་གནས་སྲ་བརྟན་དུ་བཏང་།
འཁྱམ་པོའི་ཚུགས་ཀ་ཅན་གྱི་སྐྱེས་བུ་དེས་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བར་ངེས་ལྡན་གྱི་རྣམ་དཔྱོད་མཁོ་ལ་དབུ་འཛིན་པའི་ཡོན་ཚད་ཆེ་ཆུང་གིས་རྒྱལ་ཁབ་ཀྱི་མ་འོངས་གསལ་སྟོན་བྱེད་ལ་དེའི་རྒྱུ་རུ་ཡང་གྲུབ། དེ་དང་འདྲ་བར་ཁྲོམ་རའི་ཁེ་ལས་ཁག་གི་དབུ་འཛིན་པ་དང་དེ་བཞིན་ཚོགས་པའི་རང་བཞིན་ལྡན་པའི་སྡེ་ཚན་ཚང་མར་མགོ་གཙོ་རེ་ཡོད་སྲིད་ལ་དེས་ཚོགས་པའི་ལས་གཞིར་བསྩལ་བའི་གཏན་འབེབས་རེ་རེ་ནི་རྩ་འཛུགས་ཧྲིལ་པོའི་ལུས་ཁམས་ན་རྒྱུ་བའི་ཁྲག་རྩ་རེ་རེའི་གནས་བབས་བཟུང་ནས་ཡོད་ལ་དབུ་འཛིན་པའི་བཀོད་འདོམས་དང་འཕེལ་རྒྱས་ཀྱི་དམིགས་ཕྱོགས་འོག་ལས་མི་རེ་རེར་འཕེལ་ལམ་གྱི་འགྲོ་ཕྱོགས་དང་ལས་བགོས། མཉམ་ལས། ཞབས་ཞུ་སོགས་ཀྱི་རིན་ཐང་བསྟན་ཏེ་ཕྱོགས་ཡོངས་ནས་དུས་མཐུན་གྱི་ཁྲོམ་རའི་ལམ་ཁར་གསར་གཏོད་དང་འགྲན་རྩོད་ཀྱི་བསམ་སྦྱོར་བཞེས་ནས་ཁྲོམ་རའི་ལམ་ཁར་འཇུག་དགོས་པ་གསལ་སྟོན་བྱེད་སྲིད།
གཉིས། བོད་ཀྱི་དཔལ་འབྱོར་ཁྲོམ་རའི་གནས་བབས།
བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཞེས་གླེང་བའི་གླེང་གཞི་བོད་རིགས་ཀྱི་ལས་བཞུགས་མི་སྣ་དང་ན་གཞོན་སློབ་ཆེན་པ་ལྟ་བུས་བོད་ཀྱི་དཔལ་འབྱོར་ཡོངས་འབབ་གོང་མཐོར་གཏོང་བའི་གླེང་གཞི་དེ་གནད་དུ་བཟུང་དགོས་པ་ཞིག་རེད། དེས་ན་བོད་ཀྱི་ཡུལ་གྲུ་ཁག་གི་དཔལ་འབྱོར་དང་ཁྲོམ་རའི་གནས་བབས་ལ་བརྟག་ཞིབ་དང་དོ་ཁུར་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་དུ་སླེབས་ནས་ཡོད། བོད་ཀྱི་གྲོང་ཁྱེར་ལྷ་ས་ནས་རྩིས་པའི་གྲོང་ཁྱེར་ཆེ་ཆུང་དག་གི་ཁྲོམ་རའི་རྩ་འཛུགས་འབྲེལ་བའི་གནས་སྟངས་དག་ལ་བལྟས་ཚེ། བོད་རིགས་ཀྱི་ཚོང་པ་དག་ནི་དགོན་པའི་ཉེ་འཁོར་དག་དང་གྲོང་ཁྱེར་གྱི་མཐའ་བཞི་དག་ན་གནས་ཡོད་པ་ཤ་སྟག་ཏུ་མཐོང་ལ་གྲོང་ཁྱེར་ལྟེ་བ་ན་བོད་རིགས་ཀྱི་ཞབས་ཞུ་མ་དང་ཚོང་གཡོག་ལས་སྒེར་གྱི་ཚོང་ཁང་མཐོང་རྒྱུ་མེད་པ་ནི་སྤྱིར་མི་བུ་ཚང་མའི་ལྟ་ཆོས་སུ་སྣང་།
འོ་ན་རྒྱལ་ནང་དང་ཐག་ཉེ་བའི་བོད་རིགས་ཀྱི་གྲོང་ཁྱེར་དག་ན་ཁྲོམ་རའི་རྣམ་པ་དེ་གང་འདྲ་ཡིན་ཞེ་ན། རང་ཉིད་འདི་ལོའི་རྒྱལ་སྟོན་དུས་ཆེན་ལ་མདོ་སྨད་རེབ་གོང་དུ་ཕྱིན་པའི་མཐོང་ཐོས་ཤིག་འདིར་གླེང་ན། རེབ་གོང་ཡང་བོད་ཀྱི་གྲོང་ཁྱེར་གཞན་དང་འདྲ་བར་རང་རིགས་ཀྱི་ཚོང་གཉེར་བྱེད་པའི་ཁྲོམ་ར་དག་གྲོང་ཁྱེར་གྱི་གྲུ་ཟུར་འགའ་ན་གནས་ཤིང་། མང་ཆེ་བ་རྒྱ་ཟོག་ཙག་ཙིག་ཚོང་ཁང་དང་གྱོན་གོས་དེ་མིན་ཚེ་བོད་ལྭ་དང་རས་ཆ་ཚོང་མཁན་ལས་གཞན་ཡོད་པ་འདྲ་མི་མཐོང་། གོ་ར་ནི་ཡུལ་དེ་གའི་བཟའ་ཆ་མེད་དུ་མི་རུང་བ་ཞིག་རེད་འདུག གང་ལགས་ཤེ་ན་མི་ཤི་བྱུང་ཚེ་སྣུམ་གོར་དང་ལོ་གསར་སྟོན་མོ་རུ་གོ་ར་མེད་དུ་མི་རུང་བ་ང་ཚོས་མཚོ་སྔོན་ལོ་གསར་དགའ་སྟོན་གྱི་བརྙན་པར་དག་ལས་མཐོང་ཐུབ། ད་དུང་རྒྱུན་པར་མི་བུ་ཞིག་རང་ཁྱིམ་དུ་སླེབས་ཚེ་ལམ་སང་གོ་རེ་འདྲ་འདོན་རྒྱུ་མེད་ཚེ་དུད་ཚང་དེ་སེར་ན་ཆེ་ལ་འབྱོར་པ་དེ་ཙམ་མེད་པར་བརྩི་སྲོལ་ཡོད་པ་འདྲ། འོན་ཀྱང་གོར་ཚོང་མཁན་མང་ཆེ་བ་ནི་ཧུའུ་རིགས་ཀྱི་བུད་མེད་དག་རེད་ལ་ཁྲོམ་རའི་འགྲན་རྩོད་ཆེ་བའི་སྟེང་ལ་གྲོང་ཁྱེར་ལྟེ་བའི་ཚོང་ཁང་དག་མང་ཆེ་བ་ཧུའུ་རིགས་རེད་འདུག་པས་མཐའ་འཁོར་གྱི་བོད་རིགས་དག་ལ་ཧ་ལམ་ཉོ་མཁན་ཉུང་བར་སྣང་།
ད་དུང་བོད་རིགས་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་གོང་འཚམ་པའི་བོད་ཟས་ཤིག་བཟའ་རྒྱུ་ལོས་ཡོད་བསམ་ངེས་རེད། དཔེར་ན་ལྷ་ས་ལྟ་བུར་བུལ་ཐུག ཤ་འབྲས། བོད་ཇ་སོགས་མང་དུ་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཡུལ་དེ་རུ་བོད་ཟས་ཀྱང་མཐོང་དཀོན་པའི་གནས་སུ་གྱུར་འདུག ཡོད་པ་དེ་ཚོ་ཡང་གོང་མཐོ་ལ་ཚད་ཉུང་བ་ཤ་སྟག་རེད་འདུག རང་ཡུལ་དུ་རང་གི་ཐོན་ཁུངས་དག་ཕུན་སུམ་ཚོགས་པར་ཡོད་དགོས་པ་བཤད་མ་དགོས་ལ། དེ་དག་ལས་གྲུབ་བའི་ཚོང་རྫས་དག་རྒྱུན་གཏན་ཅན་དང་རིན་གོང་དམའ་བའམ་འཚམ་པའི་ཅ་དངོས་ཤིག་ཡིན་རྒྱུ་ནི་ལུགས་མཐུན་དང་དེང་རབས་དཔལ་འབྱོར་གཞུང་ལུགས་དང་མཐུན་པའི་དོན་དངོས་ཤིག་ཡིན་དགོས་པ་རེད། གལ་སྲིད་དེ་ལྟར་མིན་ཚེ་ཡུལ་དེའི་ཐོན་ཁུངས་མིན་པའམ་ཐོན་ཁུངས་དབེན་པ་རྟགས་སུ་གྲུབ་ངེས། དེར་བརྟེན་བོད་རིགས་རང་སྐྱོངས་ཁུལ་དུ་བོད་ཟས་ཐོན་ཁུངས་མེད་ཅེས་བརྗོད་ན་ཧ་ལས་དགོས་པ་ཞིག་རེད། གཅིག་བྱས་ན་ཡུལ་དུས་ཀྱི་འཕེལ་བགྲིབ་ཁྲོད་བོད་ཀྱི་ཁྲོམ་ར་དེ་ཡོད་པ་ནས་ཉུང་བ། ཉུང་བ་ནས་མེད་པར་གྱུར་བར་བསམ། གལ་སྲིད་སྔ་མོ་ནས་དེ་གའི་ཟས་རིགས་དང་རྒྱ་རིགས་ཀྱི་རྒྱུན་ཟས་གཉིས་འདྲ་བར་གྱུར་ཞེས་བཤད་ན་ནི་བོད་རིགས་ཀྱིས་གཉེར་བའི་རྒྱ་ཟས་ཁང་མཐོང་མ་བྱུང་ལ་ཞབས་ཞུ་མ་ཡང་མཐོང་དཀོན་པར་སྣང་།
གོང་དུ་གླེང་བའི་རྣམ་པའམ་གནས་བབས་དག་ནི་ཁྲོམ་རའི་རགས་གཟུགས་ཀྱི་རྣམ་པ་ཡིན་ཏེ་ཉོ་ཚོང་དང་ཚོང་འབྲེལ་གྱི་ཁྱབ་རྒྱ་ཆུང་བ་དང་ཡུལ་དུས་གཉིས་[1]ནི་དཔལ་འབྱོར་ཁེ་དཔོག་གི་བཀག་རྡོ་དང་རྒྱུ་མཚན་དུ་གྱུར་པས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེ་དག་གི་ཁེ་དཔོག་དང་གནས་བབས་ཞན་དུ་འགྲོ་བ་ནས་མཐར་ཁྲོམ་ར་ནས་བུད་པའི་ཁྱད་ཆོས་ལྡན་ཡོད། དེར་བརྟེན་དེང་གི་དུས་དེར་རྒྱ་ཆེར་དར་བའི་ཉོ་ཚོང་གི་རྣམ་པ་ནི་དྲ་ཐོག་གི་ཚོང་ཁང་སྟེ་ཡུལ་དུས་ཀྱི་བཀག་རྒྱས་མི་འགག་པར་ཚོང་པའི་ཁྲོམ་ར་དང་ཉོ་མཁན་གྱི་འདོད་པ་གཉིས་ཀ་བསྐོང་ཐུབ་པའི་སྟེགས་བུ་དེར་ཕྱོགས་ཡོངས་ནས་ཁ་ཕྱོགས་ཡོད། དེས་ན་འཐུས་སྒོ་ཚང་བའི་དཔལ་འབྱོར་འཕེལ་རྒྱས་ལ་བསམ་ཚེ་ངེས་པར་དུ་འཕྱར་བ་གྲུ་འདེགས་ཀྱི་ངང་ནས་ཕྲ་རགས་རྣམ་གཉིས་ཀྱི་དེང་གི་ཁྲོམ་རའི་འཕེལ་ཕྱོགས་ལ་ཁ་གཏད་དང་ནང་འཇུག་བྱེད་དགོས་ལ་དེའི་སྐོར་ལ་མུ་མཐུད་སློབ་སྦྱོང་དང་གསར་གཏོད་བྱ་དགོས་པ་རེད།
འོན་ཀྱང་རང་རིགས་ཀྱི་དྲ་ལམ་ཁྲོམ་རའི་གནས་དེ་སྤྱིའི་ཆ་ནས་སྐྱ་ཐིང་ངེར་སྣང་(གཞན་རིགས་ཀྱི་གནས་བབས་ལ་བསྡུར་ན)དེར་བོད་ཀྱི་གྲོང་ཁྱེར་ལྷ་སའི་རྣམ་པ་ལས་བརྗོད་པར་བྱ། ཉིན་གཅིག་ཐུན་གསུམ་གྱི་ཟ་མ་ནི་མིའི་རིགས་ལ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཡིན་ལ་ཁ་ཟས་ཀྱི་ཁྲོམ་ར་དེ་ཡང་ནུབ་པར་མི་བྱེད་པའི་ཚོང་རའི་གྲུབ་ཆ་ཞིག་ཏུ་གྲུབ་ཡོད། དེང་གི་ཆར་གྲོང་ཁྱེར་རྒྱ་བསྐྱེད་ཇི་ཆེར་བྱས་རྐྱེན་དྲ་ལམ་ནས་ཟ་མའམ་ཚོང་རྫས་མངགས་ཉོ་བྱེད་པ་ནི་གྲོང་ཁྱེར་འཕེལ་རྒྱས་དང་ལྷན་དུ་ཐོན་པའི་ཁྲོམ་རའི་རྣམ་པ་གསར་པ་ཞིག་ཡིན་ལ་མི་བུ་མང་ཆེ་བའི་གདམ་ཁ་དང་ཁེ་ལས་པ་ཁག་གི་ཡོངས་འབབ་ཆེར་བསྐྱེད་ཀྱི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན། འོན་ཀྱང་ལྷ་ས་རུ་དྲ་ལམ་ནས་ཟ་མ་མངག་ཉོ་ཐུབ་པའམ་དྲ་ལམ་ན་ཟ་ཁང་ཡོད་པ་ནི་རྒྱ་རིགས་ལས་བོད་ཟས་དང་བོད་རིགས་ཟ་ཁང་ཧ་ཅང་མཐོང་དཀོན་པར་གྱུར་ཡོད། དོན་དེ་འདྲ་བ་ཞིག་ལས་ཀྱང་བོད་རིགས་ཁེ་ལས་པའི་རྗེས་ལུས་དང་འབྲས་བུའི་ཐོག་ནས་བཤད་ན་གྱོང་གུན་ཁོ་ན་ལས་མེད། དྲ་ལམ་ཁྲོམ་ར་དང་ལྷན་དུ་དར་ཡོང་བ་ནི་དྲ་ཐོག་དངུལ་ཁང་རེད། རྒྱལ་ནང་དུ་ཕྲ་འཕྲིན་དང་དེ་བཞིན་གཉེན་ཆས་གཞན་གྱི་དངུལ་ཁུག་ལས་མཛད་སྤྱོད་པའི་ཉིན་རེའི་འགྲོ་སོང་གཏོང་བ་ནི་ཆེས་རྒྱུན་གཏན་ཅན་དུ་གྱུར་ཡོད། འོན་ཀྱང་བོད་ཁུལ་གྱི་གྲོང་ཁྱེར་ལྷ་སའི་རང་རིགས་ཀྱིས་གཉེར་བའི་ཚོང་ལས་ཁང་དག་ན་ཕྲ་འཕྲིན་དངུལ་ཁུག་བེད་སྤྱོད་མཁན་རྩ་བའི་ཆ་ནས་མེད་པས་དངུལ་དམར་ཁོ་ན་མ་གཏོགས་ཉོ་ཚོང་ལེགས་གྲུབ་མི་ཡོང་བ་དེ་ཡང་རྗེས་ལུས་ཀྱི་རྣམ་པར་སྣང་།
གོང་གི་གནས་སྟངས་ལས་ང་ཚོས་བོད་རིགས་ཀྱི་ཁེ་ལས་སམ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་རར་ལྡན་པའི་གནས་ཚུལ་དག་ཁ་གསལ་བར་བརྗོད་ན་གཤམ་གསལ་ལྟར་ཏེ།
སྒེར་གཉེར་རང་བཞིན་ལྡན་པའི་ཁྲོམ་ར་དག་གྲོང་ཁྱེར་གྱི་ལྟེ་བ་འཛིན་མི་ཐུབ་པ།
ལས་བཞུགས་མི་སྣ་སྤྱིར་ཚང་མ་གཞུང་ཞབས་པ་འམ་ཞབས་ཞུའི་ལས་རིགས་ལས་ཁེ་ལས་པའམ་མགོ་འཛིན་མི་སྣ་མིན་པ།
ཐོན་ཁུངས་ལ་གསར་གཏོད་དབེན་ལ་དེང་གི་ཁྲོམ་རར་ཁ་མི་ཕྱོགས་པ།
ཁེ་ལས་ཀྱི་རྣམ་པ་དེ་ཙག་ཙིག་ཚོང་ཁང་ལས་རྩ་འཛུགས་ཀྱི་སྒྲིག་གཞི་ལྡན་པའི་དེང་གི་ཁེ་ལས་ཀྱི་རྣམ་པར་མ་ཚུད་པ།
ཁྱོན་ཡོངས་ནས་དེང་རབས་རྣམ་པ་ཅན་གྱི་ཚོང་འབྲེལ་མ་ལག་མ་གྲུབ་པར་དང་ད་དུང་ཆེས་རྨང་གཞིའི་ཚོང་འབྲེལ་གྱི་རྣམ་པ་རུ་གནས་པ།
སྤྱི་ཚོགས་དང་འཛད་སྤྱོད་པའི་དགོས་མཁོར་བསམ་གཞིག་དང་བརྟག་དཔྱད་མི་བྱེད་པ།
དེས་ན་བོད་རིགས་ཀྱི་དཔལ་འབྱོར་ཡོངས་འབབ་ལ་ཕྲ་རགས་གང་རུང་གི་ཁྲོམ་རའི་ཐོག་གནས་བབས་ཞན་པར་སྣང་ལ་དེང་རབས་ཅན་གྱི་ཁྲོམ་རའི་མ་ལག་མི་ལྡན་ཅིང་ཁེ་ལས་པའི་ཁྲོམ་རའི་བསམ་སྦྱོར་མ་གྲུབ་པ་སོགས་དོན་དམ་གྱི་ཁྲོམ་རར་ཕྱོགས་པར་གནད་དོན་མང་དག་ཅིག་དང་ལེན་དང་ཐག་གཅོད་བྱེད་དགོས་ལ་མིག་སྔའི་གནས་སྟངས་ལ་གཞིག་རུང་བོད་ཀྱི་ཁྲོམ་ར་དེ་རྩ་འཛུགས་ཅན་དང་དེང་གི་སྒྲིག་གཞི་སྟེ་དབུ་འཛིན་སོགས་ཀྱི་དོ་དམ་མཁན་དང་ལས་མིའི་ཚན་ཁག་དབྱེ་རྒྱུ་ནི་དགོས་མཁོ་ཆེ་བར་སྣང་།
གསུམ། མཐོ་རིམ་དོ་དམ་མཁན་ནམ་མགོ་འཛིན་གསོ་སྐྱོང་གི་རིན་ཐང་སྐོར།
འཇར་མན་གྱི་རླབས་ཆེའི་དཔལ་འབྱོར་རིག་པ་མཁས་ཅན་དང་ཆབ་སྲིད་གཏན་ཚིགས་རིག་པ་མཁས་ཅན་དུ་གྲགས་པའི་མ་ཁེ་སེའི་བརྩམས་ཆོས་«མ་རྩ་གླེང་བ་»ཞེས་པའི་དཔེ་ཆའི་ནང་ངལ་རྩོལ་གྱི་རིན་ཐང་སྐོར་ཞེས་པ་ལས་ལས་བཟོ་བའི་རིན་ཐང་དང་མི་བུའི་རྩོལ་བས་ཅ་དངོས་ཀྱི་རིན་ཐང་གོང་མཐོར་གཏོང་ཐུབ་པ་རིག་པས་བསྒྲུབ་ཡོད་ལ་ཞོར་དུ་ངལ་རྩོལ་ཆ་སྙོམས་དང་གླ་ཕོགས་ཆ་སྙོམས་ཀྱི་བསམ་བློ་ཡང་བསྒྲུབ་པར་བྱས། ངལ་རྩོལ་གྱིས་རིན་ཐང་སྟོན་ནུས་པ་ནི་རྟགས་ཡང་དག་ཏུ་གྲུབ་རུང་ཆ་སྙོམས་རིང་ལུགས་པའི་བསམ་སྦྱོར་ནི་ངལ་རྩོལ་གྱི་རང་བཞིན་དང་མི་མཐུན་ལ་གསར་གཏོད་དང་འཕེལ་རྒྱས་ལ་གནོད་པའི་རྒྱུ་ཡིན་པ་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་ཙམ་ལ་ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་སུ་འུ་རྫིས་(Theodore W. Schultz)གཙོས་པས་མི་ཤུགས་མ་རྩའི་རྣམ་བཞག་[2]ཅེས་མི་བུའི་ལུས་ཀྱི་བདེ་ཐང་དང་སྤྱོད་བཟང་དེ་བཞིན་ཤེས་ཡོན་གྱི་བྱང་ཚད་བཅས་ལས་གྲུབ་པའི་རིན་ཐང་གི་རྟགས་ཐབས་ཤིག་ཡིན་ལ་དེའི་བྱང་ཚད་མཐོ་དམན་གྱི་སྐྱེས་བུའི་ལས་གཞི་དང་དེའི་རིན་ཐང་སྟེ་གླ་ཕོགས་དཔག་པ་དང་དེའི་ཞོར་དུ་མི་ཤུགས་མ་འཇོག་སྟེ་སློབ་གྲྭ་འགྲིམ་པ་དང་ལས་ཞོར་དུ་གཟབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མི་བུ་སྒེར་གྱི་རིན་ཐང་གོང་མཐོར་གཏོང་བའི་རིག་ལམ་ཞིག་ཀྱང་ཡིན། དེའི་གཞུང་ལུགས་དེ་ཐོན་རྗེས་མི་ཤུགས་མ་རྩ་མི་གཅིག་པའི་སྐྱེས་བུ་རེ་རེར་དེ་དང་འཚམ་པའི་ལས་གཞི་དང་གླ་ཕོགས་ཀྱི་མ་ལག་རེ་གྲུབ་ལ། དེ་བཞིན་ལས་དུས་དང་ཁེ་དཔོག་ཡང་རྣམ་པ་སྣ་མིན་དུ་སྣང་བ་དོན་དམ་དུ་གནས། གོང་གི་གཞུང་ལུགས་དེས་མ་ཁེ་སེའི་ངལ་རྩོལ་ལས་རིན་ཐང་བྱུང་བ་ཞེས་པའི་ལྟ་ཚུལ་ལ་ཞིབ་ཁྲའི་དབྱེ་ཞིབ་དང་རྒྱབ་སྐྱོར་བྱེད་ཞོར་ཆ་སྙོམས་རིང་ལུགས་ཀྱི་ལྟ་ཚུལ་ལ་དགག་ལན་རྒྱབ་པར་བྱས།
ཁྲོམ་རའི་ཐོག་ཅ་དངོས་རིན་གོང་གི་གྲུབ་ཚུལ་ནི་མ་རྩ་དང་ཁེ་སང་གིས་གྲུབ་ཡོད་པ་དང་དེའི་ནང་དུ་མ་རྩའི་གྲུབ་ཚུལ་ཐད་ཐོན་སྐྱེད་རྒྱུ་ཆ་དང་ལས་མིའི་བླ་ཆ་དེ་བཞིན་དཔྱ་ཁྲལ་སོགས་ཡིན་པ་བཤད་ཡོད་ལ། ཁེ་སང་ནི་དབུ་འཛིན་པའི་མ་རྩའི་ཁེ་དཔོག་ཡིན་ལ་དེས་ཅ་དངོས་རིན་གོང་གི་བརྒྱ་ཆ་ལྔ་བཅུ་ཡན་བཟུང་ཡོད་པ་མི་བུ་ཚང་མས་མཐོང་ཆོས་སུ་གྲུབ་ཡོད་ཅེས་གསུངས།།
དེ་བརྟེན་དོན་དངོས་ཀྱི་ཁྲོམ་རའི་རྣམ་པ་དང་མཛད་སྤྱོད་པའི་དགོས་མཁོ་ལེགས་པར་བརྟག་ཐུབ་པའི་དོ་དམ་མཁན་ཞིག་གམ་དོ་དམ་མཁན་གྱི་རིག་པ་གསོ་སྐྱོང་བྱས་ཚེ་དུས་མཐུན་གྱི་ཁྲོམ་རའི་རྣམ་པར་འཇུག་ཐུབ་ལ་མི་བུ་མང་ཆེ་བའི་དགོས་མཁོ་སྐོང་ཐུབ་པའི་ཚོས་ལས་པའི་མཚན་ཉིད་དེ་ཡང་ཚང་ཡོང་བ་རེད། ད་དུང་མ་འོངས་པའི་ཁྲོམ་རའི་འཕེལ་ཕྱོགས་ལ་གནད་ལ་འཕིག་པའི་སྔོན་བརྟག་བྱེད་ཐུབ་ལ་གསར་གཏོད་རང་བཞིན་གྱི་ཐོན་རྫས་དང་ཞབས་ཞུ། དེ་བཞིན་མཛད་སྤྱོད་པའི་རེ་འདུན་གཞན་བསྐོང་ཐུབ་པ་སོགས་བྱེད་ཐུབ་ཡོང་།
དེས་ན་མཐོ་རིམ་དབུ་འཛིན་པས་རྩ་འཛུགས་སྤྱི་ཡོངས་ཀྱི་ཁེ་དཔོག་གམ་འཕེལ་རྒྱས་ལ་བསྐྲུན་པའི་བྱེད་ལས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་གལ་ཆེའི་ནུས་པ་ཐོན་པ་གོང་དུ་རྟགས་གྲུབ་ལ། ངོ་བོ་བདག་ཉིད་ཅན་གྱི་དོ་དམ་མཁན་རང་གི་རིན་ཐང་དང་གནས་བབས་ཀྱིས་མི་རིགས་ཀྱི་དཔལ་འབྱོར་དང་སློབ་གསོ་ལ་ལེགས་སྐྱེས་འབུལ་ཐུབ་ལ་ཕྱི་རབས་པར་ཚོར་མིག་དཔེ་སྟོན་པར་དགེ་མཚན་ཆེ་བར་སྣང་།
བཟོ་མིའི་ལས་ཕྱོད་གོང་མཐོར་གཏོང་རྒྱུ་དང་ལས་དགོས་ཁེ་གཙང་ཅན་དུ་གཏོང་བ། དེ་བཞིན་བཟོ་གྲྭའི་སྲོལ་རྒྱུན་ནམ་རིན་ཐང་ལྟ་བ་འཐུས་ཚང་དུ་གཏོང་བ་དང་ནང་མིའི་རྣམ་པ་ཅན་གྱི་ཀུང་སིའི་ཁོར་ཡུག་བསྐྲུན་པ་བཅས་ནི་དེང་གི་དཔལ་འབྱོར་ཁྲོམ་རའི་ཐོག་ཆེས་དགོས་སུ་མཁོ་ལ་དཔལ་འབྱོར་ཞིབ་འཇུག་པ་ཚོའི་ལས་བྱའི་གནད་འགག་ཞིག་ཏུ་གྲུབ་ཡོད་ལ་ཁེ་ལས་ཁག་གི་ལས་གཞི་སྔར་བས་ཞི་མཐུན་ངང་འཕེལ་ཞིང་རྒྱས་པར་ཁ་ཚ་དགོས་ཐུག་གི་དོན་ཚན་ཡང་ཡིན། འོན་ཀྱང་བོད་རིགས་ཀྱི་སྲོལ་རྒྱུན་སུ་ནང་སེམས་ཀྱི་བདེ་བ་དང་བྱམས་དང་སྙིང་རྗེ་དག་གི་དཀྱེལ་ཡངས་ཀྱི་བསམ་བློ་དག་གཙོ་རྒྱུགས་ཀྱི་རིན་ཐང་ལྟ་བ་རུ་གྲུབ་པས་དཔལ་འབྱོར་དང་ཁེ་དབང་གི་འདུ་ཤེས་དམའ་ལ་དེང་གི་ཁྲོམ་རའི་འགྲན་རྩོད་ཀྱི་བསམ་བློ་ཡང་བོད་ཁུལ་ཡོངས་ན་རྒྱ་ཁྱབ་ཅན་དུ་ཕྱིན་མེད། དེར་མ་ཟད་དེང་གི་བོད་ཁུལ་དུ་ཡང་མ་ལག་ཅན་དང་ཆ་ཚང་ཅན་གྱི་དཔལ་འབྱོར་ཁྲོམ་ར་ཞིག་གྲུབ་མེད་པའི་ཁར་སྒེར་གཉེར་རྣམ་པ་ཅན་གྱི་དུས་རབས་ཀྱི་ཁྲོམ་རའི་འགྲན་རྩོད་ནང་བཞུགས་མ་ཐུབ་པར་སྲོལ་རྒྱུན་གྱི་རྣམ་པ་ཅན་དུ་ལུས་ཡོད་པ་ནི་གོང་དུ་བྲིས་པའི་བོད་ཁུལ་གྱི་ཁྲོམ་རའི་གནས་བབས་ལས་ཧ་ཅང་གསལ། དེས་ན་བོད་ཀྱི་ཁྲོམ་རའི་རྣམ་པ་དེ་ལས་ང་ཚོར་བཏོན་པའི་དྲི་བ་གཉིས་ཏེ། གཅིག་ནི་བོད་ཀྱི་ཁྲོམ་རའི་རྣམ་པ་དེ་དུས་མཐུན་ཅན་གྱི་དཔལ་འབྱོར་ཁྲོམ་རར་སྙེགས་མི་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་དང་གཉིས་པ་ནི་ཇི་ལྟར་བྱས་ནས་བོད་ཀྱི་ཁེ་ལས་ཁྲོམ་ར་དག་མ་ལག་ཅན་དང་དེང་གི་དཔལ་འབྱོར་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཐོན་སྐྱེད་རྩ་འཛུགས་སུ་འགྲོ་རྒྱུ་དེ་ཡིན།
དེས་ན་ང་ཚོས་གོང་གི་དྲི་གཞི་གཉིས་ཀྱི་གནད་དོན་ཐག་གཅོད་དགོས་ཚེ། དོན་དམ་གྱི་ལམ་ནས་རིག་པའི་གཞུང་ལུགས་སམ་ཡང་དག་རྣམ་གཞག་ལ་བརྟེན་ནས་དེའི་ཐབས་ལམ་འཚོལ་དགོས་པར་ཐུག གོང་གི་དོན་ཚན་དང་པོ་དང་གསུམ་པའི་ནང་དོ་དམ་པ་དང་ཚོགས་པའི་འཕེལ་བགྲིབ་ཀྱི་འབྲེལ་བ་དང་ངང་རྩོལ་གྱི་རིན་ཐང་། དེ་བཞིན་མི་ཤུགས་མ་འཇོག་གི་རིན་ཐང་སོགས་འདྲེན་ནས་རྩ་འཛུགས་སམ་ཚོགས་པ་ཞིག་གི་ཁེ་དབང་ཡར་བསྐྱེད་དང་ཚད་མཐོའི་སྤྱི་ཚོགས་གནས་བབས་ཅན་གྱི་ཚོགས་པ་ཞིག་དུ་འགྲོ་བར་མེད་དུ་མི་རུང་བ་ནི་དོ་དམ་མཁན་ནམ་མཐོ་རིམ་དབུ་འཛིན་མི་བུར་རག་ལས་པ་ནི་ཡང་དག་པའི་རྟགས་སུ་གནས་ལ་ཚོགས་པ་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་གལ་ཆེན་ཡང་ཡིན། དེས་ན་བོད་ཀྱི་ཁྲོམ་རའི་དཔལ་འབྱོར་འཐུས་ཚང་ཅན་དང་དུས་རབས་ཀྱི་ཁྲོམ་རའི་གོམས་འགྲོས་སྙེགས་ཐུབ་པ་དགོས་ཚེ་ངེས་པར་དུ་མཐོ་རིམ་དབུ་འཛིན་མི་སྣ་གསོ་སྐྱོང་དང་ཕྱོགས་ཡོངས་ནས་བོད་རིགས་སློབ་ཆེན་པ་དང་བོད་ཀྱི་ཁེ་ལས་པའི་དོ་དམ་ནུས་པ་དང་དཔལ་འབྱོར་ཁེ་དབང་གི་འདུ་ཤེས་དང་བྱང་ཚད་གོང་མཐོར་གཏོང་དགོས་པར་མི་བུ་སྒེར་ནས་ཤུགས་སྣོན་རྒྱག་དགོས་པ་རེད། སྐྱེས་བུ་རེ་འགའ་བའི་ཁེ་དཔོག་གི་བསམ་སྦྱོར་ཡང་ཉེ་བའི་ལོ་འགའི་རིང་ག་ལེར་གྲུབ་ཡོང་ལ་དེ་འདྲའི་བལྟ་ཆོས་འཛིན་པའི་མི་བུ་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་མཆིས་པས་བོད་ཀྱི་དཔལ་འབྱོར་ལས་གཞི་དག་དེང་རབས་ཅན་དུ་འགྲོ་བར་ཕན་པ་ཡོང་ངེས་ཡིན།
དཔྱད་གཞིའི་ཡིག་ཆ།
༡ . མ་ཁེ་སེ་ . «མ་རྩ་གླེང་བ་» .མི་དམངས་དཔེ་བསྐྲུན་ཁང་ .༢༠༠༤ལོའི་སྤྱིའི་འདོན་ཐེངས་༢
༢ . ཡ་ཏང་སི་མི་. «འབྱོར་ལྡན་རྒྱལ་ཁམས་གླེང་བ་» .ཧ་ཤག་དཔེ་བསྐྲུན་ཁང་ . ༢༠༠༥ལོའི་སྤྱིའི་འདོན་ཐེངས་༡
༣ .ཐའེ་ལོ་. «ཚན་རིག་དོ་དམ་རྣམ་བཞག་». འཕྲུལ་ཆས་བཟོ་ལས་དཔེ་བསྐྲུན་ཁང་. ༢༠༡༣ལོའི་འདོན་ཐེངས་༡
ཁྲོམ་ར་སྒེར་གྱི་གནས་ཡུལ་དང་གྲོང་མིའི་སྡོད་ཁུལ་བར་གྱི་རྒྱང་ཐག
དེང་གི་དཔལ་འབྱོར་རིག་པའི་མིང་ཚིག་ཞིག་སྟེ་མི་བུའི་ལུས་ཀྱི་བདེ་ཐང་དང་སྤྱོད་བཟང་དེ་བཞིན་ཤེས་ཡོན་གྱི་བྱང་ཚད་བཅས་ལས་གྲུབ་པའི་རིན་ཐང་གི་བརྟག་ཐབས་ཤིག་ཡིན་ལ་དེའི་བྱང་ཚད་མཐོ་དམན་གྱི་སྐྱེས་བུའི་ལས་གཞི་དང་དེའི་རིན་ཐང་སྟེ་གླ་ཕོགས་དཔག་ཐབས་ཤིག
|