སློབ་དཔོན་ཞོན་ཙང་གིས་རྒྱ་བརྒྱུད་ཚད་མར་བཞག་པའི་མཛད་རྗེས་སྐོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སློབ་དཔོན་ཞོན་ཙང་གིས་རྒྱ་བརྒྱུད་ཚད་མར་བཞག་པའི་མཛད་རྗེས་སྐོར།
སློབ་དཔོན་ཞོན་ཙང་གིས་རྒྱ་བརྒྱུད་ཚད་མར་བཞག་པའི་མཛད་རྗེས་སྐོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/20ལྟ་ཀློག (3975)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་དཔོན་ཞོན་ཙང་གིས་རྒྱ་བརྒྱུད་ཚད་མར་བཞག་པའི་

མཛད་རྗེས་སྐོར།

ཁ་སྒང་སྟག་འབུམ་རྒྱལ།


         སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པའི་《རྩོད་རིགས》དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པར་གྲགས་ཀྱང་དོན་དུ་ཁོང་དང་དུས་མཉམ་པའི་ཐེག་དམན་གྱི་སློབ་དཔོན་ཞིག་གིས་བརྩམས་པའི་《ཐབས་བསྟན་པའི་མདོ》གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་《བདེན་པའི་མདོ》དང་སློབ་དཔོན་ཆོས་ཀྱི་གྲགས་པས་བརྩམས་པའི་《དམིགས་པ་བརྟག་པ》སོགས་ཚད་མའི་ཆོས་ཚན་ནམ་བསྟན་བཅོས་སྐོར་ཞིག་རྒྱ་ཡུལ་དུ་ནང་བསྟན་དར་བ་དང་ཆབས་ཅིག་རྒྱའི་སྐད་དུ་བསྒྱུར་ཡོད་པས། རྒྱའི་ཡུལ་དུ་ཚད་མ་རིག་པའི་མྱུ་གུ་ཙམ་ཞིག་སློབ་དཔོན་ཞོན་ཙང་གི་གོང་རོལ་ནས་སྔ་ནས་འབུས་ཡོད་པར་བཤད་ཆོག་ཀྱང་། དེ་ལྟ་བུའི་ཚད་མ་དེ་ཐར་ཐོར་རམ་འཐུས་སྒོ་མི་ཚང་བ་དང་སྒོས་སུ་དེ་ལ་འཆད་ཉན་བྱེད་མཁན་གྱི་སློབ་གཉེར་བའི་དཔུང་སྡེ་བརྟན་པོ་ཞིག་མ་བྱུང་བ་སོགས་རྒྱུ་མཚན་དུ་མས་ང་ཚོས་སློབ་དཔོན་ཞོན་ཙང་ཡན་ཆོད་ལ་རྒྱའི་ཚད་མ་དེ་ཅུང་ཙམ་ཚད་ལྡན་དང་སྒྲིག་གཞི་ལྡན་པ་ཞིག་ཏུ་ཆགས་ཡོད་ཅེས་བཤད་ན་ཅུང་མི་འཚམ་པར་སློབ་དཔོན་ཞོན་ཙང་གི་སྐུ་རིང་ནས་དེ་ལྟར་དུ་བྱུང་ཞེས་བཤད་ན་འོས་པར་སེམས།

དང་པོ། སློབ་དཔོན་ཞོན་ཙང་གི་ལོ་རྒྱུས་རགས་བསྡུས།

         སློབ་དཔོན་ཞོན་ཙང་མཆོག་ཐང་ཆེན་མོའི་གོང་མ་(隋开皇)སྲིད་བཞུགས་རིང་སྟེ་སྤྱི་ལོའི ༦༠༠ལོར་ཧི་ནན་ཡན་ཧྲི་རྫོང་དུ་སྐུ་འཁྲུངས། ཐོག་མའི་མིང་ལ་ཁྲིན་ཝེ(陈讳)ཞེས་འབོད་ཅིང་དགུང་ལོ་བརྒྱད་པ་ནས་ཆོས་དཔེ་ཀློག་འདོན་གྱི་དབུ་བཙུགས། དགུང་ལོ་བཅུ་གསུམ་སྟེང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་དེ་ནས་མི་ལོ་བཅུའི་རིང་ལོ་དབྱང་སོགས་ཕྱོགས་དང་ཕྱོགས་སུ་ཉུལ་ནས་ཐོས་པ་བཙལ་བའི་ངལ་བ་ལྷུར་བླངས། དགུང་གྲངས་ཉེར་བརྒྱད་ལ་སླེབས་པ་སྤྱི་ལོའི་༦༢༧ལོར་ལྷོ་ཕྱོགས་རྒྱ་གར་ཡུལ་དུ་འབྱོར། ཆོས་སྡེ་ཆེན་པོ་དཔལ་ནཱ་ལེན་དྲར་སློབ་དཔོན་དུལ་བ་ལྷ་སོགས་ཀྱི་མདུན་ནས་ལོ་ལྔའི་རིང་ལ་ནང་བའི་གཞུང་ལ་སྦྱངས་ཤིང་། གཞན་ཡང་རྒྱ་གར་གྱི་ས་ཆ་མང་པོར་ཕེབས་ཏེ་ནང་བའི་མཁས་པ་མང་པོའི་མདུན་ནས་ནང་བའི་གཞུང་རྣམས་ལ་བྱང་ཆུབ་པར་སྦྱངས། གོང་མ་ཀྲིན་གོན་ཁྲི་ལོ་ལྔ་བ་སྤྱི་ལོའི་༦༤༡ལོར་རྒྱ་གར་ནས་གཞུང་དཔེ་དྲུག་བརྒྱ་དང་བརྒྱད་བསྣམས་ཏེ་ཕྱིར་རང་རྒྱལ་དུ་ལོག་ཅིང་། དེ་ནས་མི་ལོ་བཞི་ཙམ་ཕྱིན་པའི་སྤྱི་ལོའི༦༤༥ལོ་ནས་སྒྲ་བསྒྱུར་ཚོགས་པ་བཙུགས་ནས་སློབ་དཔོན་གྱི་ཐོགས་མེད་ཀྱི་《རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི》དང་《མངོན་པ་ཀུན་བཏུས》སོགས་བསྟན་བཅོས་དང་ཆོས་ཚན་མང་པོ་ཕར་རྒྱ་ཡིག་སྟེང་བསྒྱུར་བ་སྟེ། དེ་ལྟར་མཐར་དགུང་གྲངས་རེ་ལྔར་ཕེབས་པ་སྐུ་གཤེགས་པའི་དུས་ལ་བབ་པ་ན་སྔ་ཕྱིར་ནང་གཞུང་པོ་ཏི་བདུན་ཅུ་དོན་གསུམ་ཙམ་དང་ཆོས་ཚན་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་ཙམ་བསྒྱུར་ཟིན་པས་ནང་ཆོས་རྒྱ་ཡུལ་དུ་སྤེལ་བ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཁས་པ་ཞིག་ཏུ་རྒྱའི་ཞིབ་འཇུག་པ་དག་མགྲིན་གཅིག་ཏུ་གླེང་ངོ་། །

གཉིས་པ། སློབ་དཔོན་ཞོན་ཙང་མཆོག་རྒྱ་གར་དུ་ཕེབས་པའི་རྒྱུ་མཚན།

     ཐང་ཆེན་མོའི་རྒྱལ་ས་ནས་རྒྱ་གར་བར་དུ་ལེ་དབར་སྟོང་ཕྲག་མང་པོས་ཆོད་ཅིང་། ལམ་དུ་ཇག་རྐུན་དང་གཅན་གཟན་སོགས་ཀྱི་འཇིགས་པ་ཧ་ཅང་མང་ལ། ལྷག་པར་ཟས་སྤྱོད་དང་ཡུལ་སྲོལ་སོགས་ཐ་དད་པས་འཚོ་བ་ལ་དཀའ་ཁག་ཤིན་ཏུ་ཆེ་བར་སྣང་། ཡིན་ནའང་སློབ་དཔོན་ཞོན་ཙང་མཆོག་འཇིགས་པ་དེ་དག་ཐམས་ཅད་ལ་དཔའ་མ་ཞུམ་པར་ཐང་གི་ཡུལ་ནས་རྒྱ་གར་དུ་ཕེབས་ཐུབ་པའི་རྒྱུ་མཚན་དེ་གང་ཡིན་ནམ་ཞེ་ན་གཤམ་གསལ་ཕྱོགས་གཉིས་ནས་མཐོང་ཐུབ་སྙམ་སྟེ། ༡ སྤྱིར་སློབ་དཔོན་ཁོང་ལ་ནང་བསྟན་སྦྱངས་འདོད་ཤིན་ཏུ་ཆེ་བ་དང་། ལྷག་པར་དུ་རྒྱ་གར་གྱི་ནང་བའི་སློབ་དཔོན་དེ་ཚོའི་མདུན་ནས་ཐེག་ཆེན་གྱི་ཆོས་ལ་སློབ་གཉེར་གྱི་འདུན་པ་ཤུགས་དྲག་ཡོད་པ། ༢ སློབ་དཔོན་ཁོང་རྒྱ་གར་དུ་མ་ཕེབས་པའི་སྐབས་དེ་དག་ཏུ་རྒྱའི་ཡུལ་ནས་ལྷོ་བྱང་གི་ནང་བསྟན་ཞེས་ལྟ་བ་མི་མཐུན་པ་གཉིས་བྱུང་སྟེ་རྩོད་པ་ཡུན་རིང་བོར་གནས་ཤིང་། ནང་བསྟན་དེ་རྒྱའི་ཡུལ་དུ་སྔ་ནས་དར་ཡོད་ནའང་གཅིག་གྱུར་མིན་པའི་གནས་ཚུལ་ཡིད་སྐྱོ་བ་མཆིས་ཕྱིར། སློབ་དཔོན་ཁོང་གིས་ནང་བསྟན་གྱི་ཕ་ས་རྒྱ་གར་རང་གི་ཆོས་ཁུངས་རྣམ་དག་ལ་བརྟེན་ནས་ཕྱིར་ཕ་ཡུལ་ནས་དག་ཐེར་གཅིག་གྱུར་གྱི་དགོངས་པ་རྒྱ་ཆེ་བ་མངའ་བ། ༣ གྲལ་རིམ་དང་སྤྱི་ཚོགས་མི་འདྲ་བ་ལ་རིག་གནས་ཀྱི་དགོས་མཁོའང་མི་གཅིག་པས་སྐབས་དེའི་ཐང་རྒྱལ་ཁབ་ཆེན་མོར་མཚོན་ནའང་ནང་བསྟན་ལྟ་བུ་རིག་གནས་གསར་བ་ཞིག་གི་དགོས་མཁོ་ཆེ་བ་དང་། དགོས་མཁོ་དེ་སྤྱི་ཚོགས་ཀྱི་ཟུར་སོ་སོ་ནས་མངོན་པས་སློབ་དཔོན་ཞོན་ཙང་ལའང་ཁོར་ཡུག་དེ་ལྟ་བུས་དངོས་ཤུགས་གཉིས་ནས་ཤུགས་རྐྱེན་བཞག་སྟེ་གདོང་ལེན་གྱི་སྙིང་སྟོབས་བསྩལ་ཡོད་ངེས་པ་སོགས་མདོར་ན་སློབ་དཔོན་ཞོན་ཙང་རྒྱ་གར་དུ་ཕེབས་པ་དེ་རྒྱའི་རིག་གནས་ལོ་རྒྱུས་སྟེང་གི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ། །

གསུམ་པ། སློབ་དཔོན་ཞོན་ཙང་དང་རྒྱ་གར་ཆོས་རྩོད་ཆེན་མོ།

         འབྲེལ་ཡོད་ལོ་རྒྱུས་ནང་འཁོར་པ་ལྟར། རྒྱ་གར་གྱི་རྒྱལ་པོས་ཆེད་དུ་སློབ་དཔོན་ཞོན་ཙང་གཙོ་བྱས་པའི་སྐབས་དེའི་མཁས་པ་རྣམས་ལ་རིག་གཞུང་རྩོད་གླེང་ཚོགས་ཆེན་ཞིག་བསྡུས་པ་སྟེ། དེར་ཞུགས་ཕྱོགས་ཡོང་གྲྭ་བཙུན་ཁྲི་ཕྲག་བརྒལ་ཞིང་། སྒོས་སུ་རྩོད་ལ་མཁས་པ་བཞི་སྟོང་ལྷག་ཞལ་འཛོམས་ནས་བསྟུད་མར་ཉིན་བཅོ་བརྒྱད་རིང་ལ་རྩོད་པ་བཙུགས། སློབ་དཔོན་ཞོན་ཙང་མཆོག་གིས་སེམས་ཙམ་པའི་གྲུབ་མཐའི་རིང་ལུགས་གཙོར་བཟུང་ཐོག་རྩོད་གཞི་བསླངས་ཤིང་། ཉིན་བཅོ་བརྒྱད་ཀྱི་རིང་དུ་རྒོལ་བ་སུས་ཀྱང་ཕམ་པར་བྱ་མ་ཐུབ་པས་སྙན་གྲགས་རིང་དུ་ལྡིར། དེ་ལྟར་སློབ་དཔོན་ཞོན་ཙང་གཙོར་ཞུགས་པའི་སྐབས་དེའི་ཆོས་རྩོད་ཚོགས་ཆེན་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་མཆིས་ཏེ། ༡ ཚོགས་ཡུན་གྱི་དུས་ཚོད་རིང་ཞིང་ཚོགས་ཞུགས་མཁས་པ་མང་ལ་རྩོད་པ་རྣོ་ངར་ལྡན་པ་སྟེ། འདིས་དུས་སྐབས་དེའི་རྒྱ་གར་གྱི་གཏན་ཚིགས་རིག་པའི་རྩོད་གྲྭའི་ངོ་བོ་ལེགས་པར་མཚོན་ཐུབ་པ། ༢ སློབ་དཔོན་ཞོན་ཙང་གི་རྩོད་པའི་རིགས་ལམ་དག་ཕྲ་ཞིང་ཞིབ་པ་ལས་ཁོང་རང་རྒྱ་གར་གྱི་གཏན་ཚིགས་ལ་བྱང་ཆ་ལྡན་པ་ཤེས་ཐུབ་པ། ༣ སྤྱིར་གཏན་ཚིགས་ལ་རྒྱལ་ཁོངས་དང་རིགས་རུས་མེད་ནའང་སློབ་དཔོན་ཞོན་ཙང་གིས་མགོ་མཇུག་ཀུན་ཏུ་སེམས་ཙམ་སྨྲ་བའི་གྲུབ་མཐའི་ལ་རྒྱ་བཟུང་ནས་རྩོད་པ་བཏང་བ་སོགས། མདོར་ན། རྒྱའི་ཚད་མའི་ཞིབ་འཇུག་པ་སྐུ་ཞབས་ཡེ་ཡོའུ་ཡིས། “ཁོང་གི་ཐུགས་དགོངས་ཞིབ་པས་གཏན་ཚིགས་ཀྱི་ཆ་ལ་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མ་བྱུང་ཞིང་དེ་ལྟར་ཉིན་བརྒྱད་ཅུའི་རྩོད་གླེང་རིང་མོའི་ཁྲོད་རྒོལ་བ་སུས་ཀྱང་ཕམ་པར་གཏོང་མ་ཐུབ་པའི་ངོ་མཚར་པའི་ཟིན་ཐོ་བསྐྲུན”ཞེས་གསུངས་པ་ལྟར། ཁོང་གི་ཐུན་མོང་མ་ཡིན་པའི་མཁས་ཚུལ་གྱིས་སྐབས་དེའི་རྒྱ་གར་གྱི་རིག་པ་སློབ་གཉེར་བའི་སྡེ་ལ་སྐད་གྲགས་ངེས་ཅན་བཞག་འདུག་གོ །

བཞི་པ། ཚད་མ་ནི་དགག་སྒྲུབ་ཀྱི་རིག་པ་ཞིག་ཏུ་གཏན་འཁེལ་མཛད་པ།

      སློབ་དཔོན་ཞོན་ཙཱང་ལ་ཁོང་རང་ཉིད་ནས་བརྩམས་པའི་ཚད་མའི་བསྟན་བཅོས་མེད་ནའང་། རྒྱ་གར་གྱི་ཚད་མའི་བསྟན་བཅོས་ཁག་ལས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་《ཚད་མ་རིགས་པར་འཇུག་པའི་སྒོ》དང་སློབ་དཔོན་དབང་ཕྱུག་སྡེའི་《ཚད་མ་རིགས་འཇུག》གཉིས་གདམ་གསེས་ཡོད་པའི་ཐོག་རྒྱའི་སྐད་ཡིག་སྟེང་བསྒྱུར། ང་ཚོས་ཤེས་གསལ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མའི་བསྟན་བཅོས་ཁག་ལས་《ཚད་མ་ཀུན་བཏུས》འདི་ཉིད་སྐུ་ཚེ་སྨད་དེ། རིག་པ་དང་ཉམས་མྱོང་སོགས་བཟང་སྒང་གི་དུས་སུ་བརྩམས་ཤིང་ལྷག་པར་ཁོང་གི་སྐུ་ཚེ་སྟོད་ཀྱི་ཚད་མའི་གསུང་རྩོམ་ཐར་ཐོར་དུ་ལུས་པ་རྣམས་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་གྲགས་ཅན་ཡིན་པས་སྤྱིར་ཡིན་ན་འདི་ཉིད་བསྒྱུར་བ་ལས་འོས་མེད་ཀྱང་། དེ་ལྟ་ནའང་སློབ་དཔོན་ཞོན་ཙང་ནས་བསྟན་བཅོས་འདི་ཉིད་མ་བསྒྱུར་བར་གཞན་དེ་གཉིས་དམིགས་ཀྱིས་བདམས་ཏེ་བསྒྱུར་པའི་རྒྱུ་མཚན་གང་ཡིན་ལ་འབྲེལ་ཡོད་མཁས་པ་རྣམས་ཀྱིས་སྤྱི་བསྡོམས་འདི་ལྟར་མཛད་ཡོད་པ་སྟེ། ༡ སློབ་དཔོན་ཞོན་ཙང་རྒྱ་གར་དུ་བཞུགས་རིང་ལ་ལེགས་སྦྱར་གཙོ་བྱས་པའི་ནང་བསྟན་གྱི་གཞུང་ལ་སྦྱངས་པ་བྱས་པ་ལས་ཡིག་སྒྱུར་གྱི་ཕྱོགས་ལ་དེ་འདྲའི་དོ་སྣང་བྱས་མེད་པ་དང་གཅིག ༢ སློབ་དཔོན་ཞོན་ཙང་ནས་བརྒྱུད་པའི་རྒྱ་བརྒྱུད་ཚད་མས་གཙོ་བོར་དགག་སྒྲུབ་ཀྱི་རྣམ་གཞག་དེ་ཉིད་མཐོང་ཆེན་པོར་བརྩི་བ་ལས་ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རིམ་པ་སྟེ་ཤེས་པའི་རྣམ་གཞག་དེ་ཙམ་གཙོར་མི་འཛིན་པས། དགག་སྒྲུབ་ཀྱི་རྣམ་གཞག་གཙོར་སྟོན་པའི་བསྟན་བཅོས་བསྒྱུར་བར་འོས་པ་ལས་ཤེས་པའི་རྣམ་གཞག་ཕྱོགས་གཙོར་སྟོན་པའི་《ཚད་མ་ཀུན་བཏུས》འདི་ཉིད་རེ་ཞིག་མི་མཁོ་བས་སྐབས་ཀྱི་དགོས་མཁོའི་དབང་གིས་མ་བསྒྱུར་པ་དང་གཅིག ༣ སློབ་དཔོན་ཞོན་ཙང་མཆོག་རྒྱ་གར་དུ་ཕེབས་ནས་སློབ་གཉེར་གནང་སྐབས་སུ་ཕྱོགས་ཀྱི་གླང་པོའི་སྐུ་ཚེ་སྟོད་ལ་འཁེལ་འདུག་པས་ད་དུང་ཡང་《ཚད་མ་ཀུན་བཏུས》བརྩམས་མེད་སྲིད་པ་དང་། ལྷག་པར་སློབ་དཔོན་ཞོན་ཙང་མཆོག་གིས་རྒྱ་གར་ནས་བསྣམས་ཏེ་འོངས་པའི་ཚད་མའི་བསྟན་བཅོས་ནང་《ཚད་མ་ཀུན་བཏུས》ཉིད་མེད་པས་དུས་ཀྱི་སྔ་ཕྱིའི་དབང་གིས་བསྒྱུར་མ་ཐུབ་པ་དང་གཉིས། ༤ སློབ་དཔོན་ཞོན་ཙང་རྒྱ་གར་དུ་བཞུགས་པའི་དུས་སྐབས་དེར། ཕྱོགས་ཀྱི་གླང་པོའི་《ཚད་མ་ཀུན་བཏུས》དང་། ལྷག་པར་དཔལ་ཆོས་ཀྱི་གྲགས་པའི་《ཚད་མ་རྣམ་འགྲེལ》ཟུང་བརྩམས་ཡོད་ཀྱང་སྐབས་དེའི་ཚད་མའི་བསྟན་བཅོས་གཞན་དང་བསྡུར་ཚེ་ད་དུང་སྙན་གྲགས་ཆེན་པོ་ཆགས་མེད་པ་དང་། སྒོས་སུ་རྗེས་སུ་བྱུང་བའི་འཆད་ཉན་དེ་འདྲ་ཞིག་སྐབས་དེར་རྒྱས་མེད་པས་སློབ་དཔོན་ཞོན་ཙང་ཉིད་ནས་ཀྱང་ཚད་མའི་གསུང་རྩོམ་འདི་གཉིས་ལ་དེ་འདྲའི་གཙུག་ཆེན་པོར་མ་བཟུང་བ་དང་བཞི་བཅས། གང་ལྟར་སློབ་དཔོན་ཞོན་ཙང་གིས་རྒྱ་གར་གྱི་ནང་བའི་ཚད་གཞུང་རྐྱང་བ་དང་ཚད་གཞུང་མ་ཡིན་ཡང་ཚད་མའི་ཆོས་ཚན་རེ་ཟུང་མཆིས་པའི་བསྟན་བཅོས་འགའ་ཤས་རྒྱ་ཡིག་ཐོག་བསྒྱུར་ནས་རྒྱ་བརྒྱུད་ཚད་མ་དེ་དགག་སྒྲུབ་ཀྱི་རྣམ་གཞག་ཆ་ཚང་སྟོན་པའི་རིག་གཞུང་གི་ངོ་བོར་སྐུལ་འདེད་དང་འཕེལ་རྒྱས་བཏང་ངོ་། །

ལྔ་པ། སློབ་དཔོན་ཞོན་ཙང་དང་《ཚད་མ་རིགས་སྒོ》

     《ཚད་མ་རིགས་སྒོ》ལ་རྒྱ་འགྱུར་མ་གཉིས་ཡོད་པ་ལས་གཅིག་ནི་སློབ་དཔོན་ཞོན་ཙང་དང་། ཅིག་ཤོས་སློབ་དཔོན་ཡེ་ཅིན་གྱི་ཡིན་པ་སྟེ། ཕྱི་མ་སྔ་མ་ལས་ཡིག་འབྲུ་སུམ་བརྒྱ་ལྷག་ཙམ་གྱི་མང་བ་མ་གཏོགས་གཞན་རྣམས་ལ་མི་འདྲ་བ་མེད་ཅིང་། བོད་དུའང་འདི་དང་མཚན་བྱང་གཅིག་པའི་བསྟན་བཅོས་ཤིག་ཡོད་པ་ལ་བརྗོད་བྱའི་ནང་དོན་དབང་ཕྱུག་སྡེའི་《ཚད་མ་རིགས་འཇུག》དང་གཉིས་སུ་མ་མཆིས་པས། འདི་ནི་རྒྱ་བརྒྱུད་ཚད་མ་ཁོ་ནར་དབང་བའི་ཕྱོགས་ཀྱི་གླང་པོའི་བརྩམས་ཆོས་ཤིག་ཏུ་ངེས། ཞེས་གསུངས། བསྟན་བཅོས་འདིར་གཙོ་བོར་དགག་སྒྲུབ་གཉིས་ཀྱི་རྣམ་གཞག་གཙོར་འཆད་ཐོག་དེའི་རྩ་དོན་དང་ནོར་འཁྲུལ་གྱི་དབྱེ་བ། རྒྱུ་རྐྱེན་སོགས་ལ་རྩལ་དུ་བཏོན་ནས་འཆད་ཡོད་པ་སྟེ། བསྟན་བཅོས་ཡོངས་ལ་སྒྲུབ་ངག་ཡང་དག་དང་སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཡང་དག་དང་སུན་འབྱིན་ལྟར་སྣང་གཉིས་ཀྱི་ལེའུ་གཉིས་སུ་བགོས་ཡོད་པའོ། །

དྲུག་པ། སློབ་དཔོན་ཞོན་ཙང་གི་ཚད་མའི་འཆད་ཉན་སྤེལ་ཚུལ།

        སློབ་དཔོན་ཞོན་ཙང་གིས་ཚད་མའི་བསྟན་བཅོས་བསྒྱུར་ཞོར་དུ་གཞན་ད་དུང་སྐབས་དེའི་སྒྲ་སྒྱུར་གླིང་གི་གྲྭ་བཙུན་རྣམས་ལ་ཚད་མའི་སྐོར་གྱི་དཀའ་གནད་མཛུབ་སྟོན་སོགས་དཔེ་ཁྲིད་བསྐྱངས་པ་སྟེ།“ཉིན་རེར་ཁོང་གིས་དཔེ་ཁྲིད་དང་ཡིག་སྒྱུར་ལས་གཞན་ད་དུང་ཕྱི་དྲོར་དུས་ཚོད་གཉིས་ཀྱི་རིང་ལ་སྒྲ་སྒྱུར་གླིང་གི་གྲྭ་བཙུན་གསར་སློབ་པ་རྣམས་ལ་ཚད་མའི་སྐོར་གྱི་དཔེ་ཁྲིད་དང་། དེ་ཚོས་དྲིས་པའི་དྲི་བ་དག་ལ་ལན་འདེབས་པར་བྱེད་ལ་ཐ་ན་དགུང་མོའི་ཆ་ལའང་སློབ་གཉེར་བ་བརྒྱ་ལྷག་ཅིག་སློབ་གཉེར་ཆེད་མ་བོས་མགྲོན་དུ་ཕེབས་པ་སོགས་ཁང་བའི་བར་ཁྱིམ་རྣམས་ཀྱང་སློབ་མས་བཀང་འདུག” ཅེས་གསུངས་པས་ཤེས་ནུས་པ་ལྟར། སྐབས་དེ་དག་ཙ་ན་རྒྱའི་ཡུལ་གྱི་ནང་བའི་རྗེས་འཇུག་མང་ཤོས་ཀྱིས་རིག་པ་གསར་བ་འདི་ལ་སློབ་གཉེར་དང་། དེར་འབྲེལ་རང་གིས་འགྲེལ་བ་རྩོམ་པ་སོགས་ཚད་མའི་འཆད་ཉན་སྔར་ལས་རྒྱས་ཤིང་། ལྷག་པར་དུ་སློབ་དཔོན་ཞོན་ཙང་དང་དགུང་གྲངས་མཉམ་པའི་བིན་ཀོས(文轨)སོགས་རྒན་རབས་པ་དེ་དག་ནས་ཀྱང་ཞོན་ཙང་དགེ་རྒན་དུ་བསྟེན་ནས་སློབ་གཉེར་མཛད་པར་མ་ཟད་ཀྱི། དེ་ལས་ཀྱང་ཡོན་ཚིག་(圆测)སོགས་འགའ་ཞིག་དཔེ་ཁྲིད་ཀྱི་ཡུལ་དངོས་སུ་མ་ཆུད་པའི་སྐབས་དག་ལའང་སྒོའི་སྲུབས་དང་སྒེའུ་རོལ་ཕྱི་རོལ་ནས་ལྐོག་ཉན་ངང་སློབ་སྦྱོང་ལ་བརྩོན་ཤུགས་མ་བཏང་བའི་ངོ་མཚར་བའི་སློབ་སྦྱོང་གི་རྣམ་པ་ཉམས་སྤྲོ་བ་བྱུང་སྟེ། དེ་ལྟར་སློབ་དཔོན་ཞོན་ཙང་གིས་ཚད་མ་རིག་པ་འདི་ཉིད་རྒྱའི་ཡུལ་དུ་ཐོག་མར་སྤེལ་བའི་དུས་སྐབས་དེར་སློབ་གཉེར་བ་ནང་ཕན་ཚུན་འགྲན་བཞིན་དུ་སློབ་པ་དང་། གང་ཤེས་པ་རྣམས་ཕན་ཚུན་བར་ངོམ་སོ་བྱེད་པ་ལ་སོགས་གང་ལྟར་རིག་པ་གསར་བ་ཞིག་གི་ངོས་ནས་བར་འདི་ལ་སློབ་གཉེར་གྱི་རྣམ་པ་ཉམས་དགའ་བ་ཞིག་བྱུང་།

བདུན་པ། སློབ་དཔོན་ཞོན་ཙང་གི་ཚད་མའི་ལོ་ཙཱ།

       མི་རིགས་དང་སྐད་ཡིག་མི་འདྲ་བའི་ལོ་ཙཱ་བ་རེ་ལ་རང་རང་གི་ཁྱད་ཆོས་རེ་མཆིས་པ་ལྟར། སློབ་དཔོན་ཞོན་ཙང་གི་ལོ་ཙཱ་ལའང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཆིས་ཏེ།“ཞོན་ཙང་གིས་མ་ཡིག་ཐད་སྒྱུར་མི་བྱེད་པར་མ་ཡིག་གི་གོ་བ་གཏིང་ལོན་ཡོད་པའི་ཐོག་དགོས་མཁོའི་འཕྲི་སྣོན་སོགས་རྒྱའི་སྐད་ཀྱི་སྲོལ་དང་བསྟུན་ནས་བསྒྱུར་པས་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ”ཞེས་བརྗོད་པ་ལྟར། བསྒྱུར་བྱའི་མ་ཡིག་གང་དེའི་ཚིག་འབྲུ་རྣམས་རེ་རེ་ནས་ཇི་བཞིན་སྒྱུར་བྱེད་བུ་ཡིག་གི་ཐོག་ཏུ་ཐད་ཀ་ཐད་སོར་མི་བསྒྱུར་བར། དང་ཐོག་མ་ཡིག་ལ་གོ་བ་གཏིང་ཟབ་ཅིག་ལོན་པར་བྱས། དེ་ནས་མ་ཡིག་གང་དེའི་དོན་གྱི་འགངས་མ་ཤོར་ཞིང་དགོངས་པ་མ་བོར་བའི་ཆ་རྐྱེན་ཐོག་བུ་ཡིག་ལ་སྐད་ཀྱི་སྲོལ་དང་བརྡ་སྤྲོད་ཀྱི་འགྲོས་བཞིན་འཕྲི་སྣོན་དང་བཅས་གོ་བདེར་བསྒྱུར་གནངས་མཛད་པ་ཞིག་སྟེ། དཔེར་ན་ཚད་མའི་བསྟན་བཅོས《རིགས་འཇུག》དང་《རིགས་སྒོ》གཉིས་ལེགས་སྦྱར་ནས་ཚུར་རྒྱ་ཡིག་སྟེང་བསྒྱུར་དུས་བསྒྱུར་བྱའི་བསྟན་བཅོས་ཀྱི་ངོས་ནས་“ཚད་མ”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་མེད་ནའང་། གཅིག་ནས་རིག་པ་འདི་ཉིད་སྐབས་དེར་རྒྱ་ཡུལ་ལ་མཚོན་ན་གསར་དུ་རྒྱུས་མེད་ཡིན་པ་དང་། གཉིས་ནས་བསྟན་བཅོས་དེ་ཉིད་རིག་ཚན་གང་གི་ཁོངས་གཏོགས་ཡིན་པ་གསལ་བོར་འབྱེད་ཆེད་མཚན་བྱང་གི་དབུར“ཚད་མ”ཞེས་པའི་ཡིག་འབྲུ་གཉིས་གསར་དུ་བསྣན་ནས《ཚད་མ་རིགས་འཇུག》དང་《ཚད་མ་རིགས་སྒོ》ཞེས་བསྒྱུར་པ་ལྟ་བུ་དང་། གཏན་ཚིགས་ཚུལ་གསུམ་བསྒྱུར་བའི་སྐབས་སུའང་། ཚུལ་དང་པོ་ཕྱོགས་ཆོས་སྐོར་སྤྱིར་མ་ཡིག་གི་གོ་དོན་ཐད་ཀར་བསྒྱུར་བའི་དབང་དུ་བྱས་ཚེ་བསྒྲུབ་བྱའི་ཆོས་ཡོད་པ་ཞེས་པ་ཙམ་དང་། ཚུལ་གཉིས་པ་རྗེས་ཁྱབ་ལ་མཐུན་དཔེ་ལ་ཡོད་པ་ཞེས་པ་ཙམ་དང་། ཚུལ་གསུམ་པ་ལྡོག་ཁྱབ་ལ་མི་མཐུན་དཔེ་ལ་མེད་པ་ཞེས་པ་ཙམ་ལས་མེད་ཀྱང་། སློབ་དཔོན་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ཀྱི་ལྟོས་གཞི་ལ་ཡོད་པ་དང་། མཐུན་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པ་དང་། མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ་ཞེས་ཕར་རྒྱ་ཡིག་སྟེང་བསྒྱུར་སྐབས་ཡིག་འབྲུ་འགའ་ཤས་ལས་ཁ་མ་བསྣན་ཀྱང་དོན་གྱི་གོ་བ་ལ་ཁྱད་པར་ཤིན་ཏུ་ཆེ་ཞིང་། ལྷག་ཏུ་དེ་ལྟར་བསྒྱུར་པས་སྒྱུར་བྱེད་མིང་ཚིག་རང་སྟེང་ནས་གང་དེའི་མཚན་ཉིད་བདེ་བླག་ངང་གོ་ཐུབ་པ་ལྟ་བུའི་ཁྱད་ཆོས་འདུག་པ་སོགས། སློབ་དཔོན་ཞོན་ཙང་ནས་བཟུང་རྒྱའི་ཡུལ་དུ་ཚད་མ་རིག་པ་སྔོན་ཆད་དང་མི་འདྲ་བར་དར་ཐུབ་བྱུང་བའང་ཕྱོགས་གཅིག་ནས་ཁོང་གི་ལོ་ཙཱའི་ཐབས་རྩལ་ལའང་རག་ལས་པར་བསམ་མོ། །

བརྒྱད་པ། སློབ་དཔོན་ཞོན་ཙང་གི་རྗེས་འཇུག་སློབ་མའི་གནས་ཚུལ་སྐོར།

        སློབ་དཔོན་ཞོན་ཙང་གིས་གསར་དུ་བཏོད་པའི་རྒྱ་བརྒྱུད་ཚད་མ་རིག་པ་འདིའང་ཁོང་གི་སློབ་མ་གཅིག་ནས་གཅིག་བརྒྱུད་དེ་འཕེལ་རྒྱས་སུ་ཕྱིན་པ་སྟེ། སློབ་དཔོན་ཁེ་ཅེ་(窥基)བརྒྱུད་པའི་བྱམས་ཆེན་ཆོས་བརྒྱུད་(慈恩宗)དང་། སློབ་དཔོན་ཡོན་ཚིག་(圆测)ནས་བརྒྱད་པའི་ནུབ་ཚད་པ།(西明系)གཉིས་མཆིས་ཤིང་། གཞན་ཡང་བིན་ཀོས་དང་།(文轨)ཧོས་ཀྲོའུ།(慧沼)ཧྲིན་ཐེ་(神泰)ཅིན་མེ།(靖迈)མིན་ཅོ།(明觉)བིན་པེ།(文备)ཞོན་ཡིན།(玄应)ཏིན་པིན།(定宾)ལིན་ཞེ།(灵隽)ཅིན་ཡན།(净眼)པེ་ཀོང་།(壁公)སོགས་རྗེས་འཇུག་སློབ་མ་དང་ཡང་སློབ་མང་དུ་བྱུང་ལ་དེ་དག་ལ་ཚད་མའི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་ཡོད་པས་འདིར་ས་བཅད་མ་སྟོང་ཙམ་དུ་ཉུང་ངུར་བཀོད་ན་འདི་ལྟར། སློབ་དཔོན་ཁེ་ཅེ་ཡིས་《ཚད་མ་རིགས་འཇུག་འགྲེལ་ཆེན》དང་། སློབ་དཔོན་ཧོས་ཀྲོའུ་ཡིས་《རིགས་འཇུག་བསྡུས་དོན》དང་《རིགས་འཇུག་དོན་གཅོད》སློབ་དཔོན་ཧྲིན་ཐེ་ཡིས་ཞོན་ཙང་གི་ཁྲིད་རྒྱུན་ལྟར་《རིགས་འཇུག་འགྲེལ་བ》དང་《རིགས་སྒོའི་འགྲེལ་ཐོ》གཉིས་དང་། སློབ་དཔོན་བིན་ཀོས་ཀྱིས་《རིགས་འཇུག་འགྲེལ་བ》སློབ་དཔོན་ཅིན་ཡན་གྱིས་《ཚད་མ་རིགས་འཇུག་ལག་བཤུས》དང་《ཚད་མ་རིགས་འཇུག་ཕྱི་འགྲེལ》སོགས་བརྩམས་ཆོས་ཀྱང་མང་དུ་བྱུང་ངོ་། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྡོ་རྗེ་གཟེགས་མ། སྤེལ་དུས:2020/7/20
བསྟན་འགྱུར་ཁྲོད་དུ་圆测ལ་ཝེན་ཚེག་ཅེས་བསྒྱུར་འདུག་པས་དེ་བཞིན་ཕྱག་ལེན་ལ་བསྟར་ན་རྒྱན་དུ་འགྱུར་ངེས།གཞན་རྣམས་བཤད་རྒྱུ་མེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41146965
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1