བོད་ཡིག་གི་དཔེ་དེབ་ལ་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཡིག་གི་དཔེ་དེབ་ལ་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་རག
བོད་ཡིག་གི་དཔེ་དེབ་ལ་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/11ལྟ་ཀློག (20347)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཡིག་གི་དཔེ་དེབ་ལ་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བ།

      ལོ་སྟོང་ཕྲག་དུ་མའི་རིང་ལ་བོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་བཅུ་ཕྲག་རིག་གནས་མི་རབས་ནས་མི་རབས་བར་བརྒྱུད་ཐུབ་པ་ནི་གནའ་སྔ་མོ་རྡོ་བརྐོས་དང་ཤིང་བརྐོས་ཡིག་རིགས་དང་། ཉེ་རབས་སྡེ་དགེ་པར་ཁང་སོགས་པར་རྐོའི་ལས་རིགས་དར་བ་དང་། ཡང་དེང་རབས་དཔེ་སྐྲུན་ཁང་བཙུགས་ནས་འཕྲུལ་འཁོར་གྱིས་པར་སྐྲུན་དར་རྒྱས་བྱུང་བས་ཡིན། གང་དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། གསར་དར་རིག་གནས་ཁྱབ་གདལ་སོགས་ལ་མཛད་རྗེས་བླ་ལྷག་བཞག་ཡོད། འདིར་ཁོ་མོས་བོད་ཡིག་དཔེ་དེབ་ཀྱི་རྩོམ་སྒྲིག་གི་ལས་ཀར་ཞུགས་ནས་ལོ་བརྒྱད་དགུ་ཙམ་འདས་སོང་བའི་ནང་གི་མྱོང་ཚོར་དང་སྦྲགས་ནས་རྩོམ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བར་བྱའོ།

དང་པོ། རྩོམ་སྒྲིག་གི་གོ་རིམ་སྐོར།

     རྩོམ་སྒྲིག་བྱ་བ་ལ་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་གསུམ་ཡོད་པ་སྟེ། ཐོག་ཞུ་དང་བསྐྱར་ཞུ། མཐའ་ཞུ་བཅས་སོ། ཐོག་ཞུ་བ་ནི་རྩོམ་སྒྲིག་འགན་འཁུར་བ་ཡིན་ལ། རྩོམ་སྒྲིག་འགན་འཁུར་བ་ནི་དཔེ་དེབ་ཅིག་གི་མགོ་མཇུག་བར་གསུམ་དུ་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ཆ་ནས་དཔེ་སྐྲུན་ལས་རིགས་སུ་རྩོམ་སྒྲིག་འགན་འཁུར་བ་ཞེས་ཟེར། དེ་ཡང་ཐོག་ཞུ་བས་དཔེ་སྐྲུན་གྱི་ཚད་གཞི་དང་བསྟུན་ནས་ཞུས་དག་བྱེད་དགོས་པ་སྟེ། གཙོ་བོ་ཆབ་སྲིད་དང་བསམ་བློ། དཔེ་སྐྲུན་ཚད་གཞི་བཅས་ཀྱི་ཐོག་ནས་དཔེ་དེབ་ཀྱི་ནང་དོན་ལ་ནོར་འཁྲུལ་ཡོད་མེད་དང་ཡིག་ནོར་ཡོད་མེད། ཕྲད་སྦྱོར་ཚུལ་ནོར་ཡོད་མེད། ཤད་རྒྱག་སྟངས་འགྲིག་ཡོད་མེད། གྲངས་ཀའི་འབྲི་ཚུལ་གཅིག་གྱུར་བྱས་ཡོད་མེད་སོགས་དང་། ད་དུང་དཀར་ཆག་སྒྲིག་སྟངས་ཀྱི་ཐད་ལ་ལེའུ་དང་སྡེ་ཚན་སོགས་ཀྱི་ཡིག་འབྲུ་ཆེ་ཆུང་བཀོད་སྒྲིག་སོགས་ལ་ཞིབ་མོས་བརྟག་དགོས། ནང་དོན་གྱི་ཐད་ལ་དོགས་གཞི་ཡོད་ན་བསྐྱར་ཞུ་བ་ལ་བསམ་ཚུལ་འདོན་དགོས། བསྐྱར་ཞུ་བ་ནི་སློབ་དཔོན་ཆེ་མོ་བ་གཞོན་པའི་གོ་མིང་ཡོད་པའི་རྩོམ་སྒྲིག་པས་འགན་བཞེས་བཞིན་ཡོད་པ་སྟེ། ཐོག་ཞུ་བའི་ལས་ཀ་ལ་གདེང་འཇོག་དང་རྩོམ་སྒྲིག་གི་ནང་དོན་ལ་གདེང་འཇོག་བྱེད་པ་དང་ཆབས་ཅིག་ཏུ། ཐོག་ཞུ་བའི་མི་འདང་ས་དང་ནོར་འཁྲུལ། ད་དུང་ཡིག་ནོར་དང་ཚིག་སྦྱོར་ལ་སོགས་པ་མཐོང་མེད་པའི་གནད་དོན་ལ་མཛུབ་སྟོན་བྱེད་དགོས། ནང་དོན་གྱི་ཐད་ལ་དོགས་གཞི་ཡོད་ན་མཐའ་ཞུ་བ་ལ་བསམ་ཚུལ་འདོན་དགོས། མཐའ་ཞུ་བ་ནི་སློབ་དཔོན་ཆེ་མོ་བའི་གོ་མིང་ཡོད་པའི་རྩོམ་སྒྲིག་པས་འགན་བཞེས་བཞིན་ཡོད་པ་སྟེ། གཙོ་བོ་བསྐྱར་ཞུ་བས་བཏོན་པའི་གནད་དོན་ཐག་གཅོད་དང་། ཐོག་ཞུ་བ་དང་བསྐྱར་ཞུ་བའི་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཁ་གསལ་པོའི་བླང་བྱ་འདོན་དགོས། ཞུས་དག་གསུམ་པོ་ཚར་རྗེས། རྩོམ་སྒྲིག་འགན་འཁུར་བས་ཞུས་དག་སྐོར་གྱི་བསམ་འཆར་ཡི་གེ་དང་དཔེ་སྐྲུན་གན་རྒྱ། དཔེ་དེབ་ཀྱི་ནང་དོན་བཅས་འབྲེལ་ཡོད་སྡེ་ཁག་ལ་ཕུལ་ནས་དཔེ་རྟགས་རེ་ཞུ་བྱེད་དགོས་པ་དང་། དུས་མཚུངས་སུ་རྩོམ་སྒྲིག་འགན་འཁུར་བས་དཔེ་སྐྲུན་གསལ་བཤད་དང་མཇུག་གཏམ་སོགས་འབྲི་སྲོལ་ཡོད་པ་དང་། དེབ་གཞིའི་བཟོ་འགོད་པ་དང་འབྲེལ་བ་བྱས་ནས་མདུན་ཤོག་དང་རྒྱབ་ཤོག་གི་རི་མོ་འཆར་འགོད་ཀྱང་བྱས་ཆོག དེབ་གཞིའི་བཟོ་འགོད་ནང་པར་གྲངས་དང་རིན་གོང་སོགས་གཏན་འཁེལ་བྱེད་དགོས་ལ། པར་གྲངས་ནི་དཔེ་དེབ་ཀྱི་སྤྱི་ཚོགས་ཀྱི་ཁེ་ཕན་དང་དཔལ་འབྱོར་གྱི་ཕན་ནུས་ལ་གཞིགས་ནས་གཏན་འཁེལ་དང་རིན་གོང་ནི་དཔེ་དེབ་ཀྱི་སྲབ་མཐུག་དང་སྤུས་ཀར་གཞིགས་ནས་གཏན་འཁེལ་བྱེད་བཞིན་ཡོད་པ་རེད།

གཉིས་པ། ཞུས་དག་བྱེད་ཚུལ་སྐོར།

     རང་རེའི་དཔེ་སྐྲུན་ཁང་ལྟ་བུར་མཚོན་ན་དཔེ་ཆའི་རིགས་ཧ་ཅང་མང་སྟེ། བོད་ཀྱི་གནའ་བོའི་དཔེ་རྙིང་དང་། གནའ་དེང་གི་རིག་རྩལ་བརྩམས་ཆོས། ཆོས་གཞུང་གི་སྐོར། རིག་གཞུང་ཞིབ་འཇུག་གི་སྐོར། ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སྐོར། ན་གཞོན་སློབ་མའི་ཀློག་དེབ། སློབ་གྲྭ་ཆེ་མོའི་སློབ་དེབ་སོགས་རིགས་ཧ་ཅང་མང་པོ་ཡོད། དེ་ཡང་རྩོམ་སྒྲིག་པས་ཞུས་དག་བྱེད་སྐབས། ཐོག་མར་ནང་དོན་གྱི་ཐད་མི་རིགས་དང་ཆོས་ལུགས། ཆབ་སྲིད་ལ་སོགས་པའི་གནད་དོན་ཡོད་མེད་སྐོར་བློ་ཞིབ་མོས་བརྟག་དཔྱད་བྱས་ནས་དཔེ་དེབ་ཀྱི་ནང་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་གནོད་པའི་ཚིག་དང་། ཆོས་ལུགས་ལ་དམའ་འབེབས་དང་། ཆབ་སྲིད་དང་འགལ་བའི་ཚིག་མི་ཐོན་པ་བྱས་ཁར། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་དཔེ་སྐྲུན་གྱི་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་སྟེ། ཆབ་སྲིད་ཀྱི་ཐད་ལ་མི་ནོར་མི་འཁྲུལ་བ་ཡོང་བ་བྱས་རྗེས། གཤམ་གྱི་དོན་གནད་ལ་ཞུས་དག་ལེགས་པར་གཏོང་དགོས།

      ༡. བྱ་ཚིག་གི་སྐོར། བྱ་ཚིག་ནོར་བ་ནི་རྩོམ་སྒྲིག་པས་ཞུ་དག་སྐབས་ཧ་ཅང་མཐོང་མང་བའི་གནད་དོན་ཞིག་རེད། བྱ་ཚིག་ལ་གཟུགས་འགྱུར་བ་དང་མི་འགྱུར་བ་གཉིས་ལས། གཟུགས་འགྱུར་བ་ལ་ཡང་འདས། མ་འོངས། ད་ལྟ་བ། སྐུལ་ཚིག་བཅས་བཞི་ཡོད། ནམ་རྒྱུན་ཁ་སྐད་ཀྱི་ཁྲོད་དུ་དུས་གསུམ་གྱི་འགྱུར་བ་ལ་དེ་ཙམ་དོ་སྣང་མི་བྱེད་པ་དང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་ཁྱད་པར་ལས་བྱ་ཚིག་སྤྱོད་སྟངས་ཀྱི་གོམས་གཤིས་མི་འདྲ་བ་ཡང་ཡོད། དཔེར་ན། 《འཁྱམ་པོའི་ཟིན་བྲིས》ཞེས་པའི་དེབ་ནང་དུ། ངལ་རྩོལ་བྱེད་ནས་ཐོབ་པའི་འབྲས་བུ་ལྟ་བུ་དང་ཆང་ལ་ཆུ་བསྣོན་པས་ཞིམ་པོ་མི་འདུག་ཅེས་པ་ལྟ་བུ་ཡིན་ན། “བྱེད”དང“བསྣོན”ནི་ད་ལྟ་བ་ཡིན་པ་དང་། ཚིག་གི་ནང་དོན་ནི་དུས་འདས་ཟིན་པ་ཡིན་པས། ངལ་རྩོལ་བྱས་ནས་ཐོབ་པའི་འབྲས་བུ་ཞེས་པ་དང་ཆང་ལ་ཆུ་བསྣན་པས་ཞིམ་པོ་དེ་ཙམ་མི་འདུག་ཅེས“བྱས”དང“བསྣན”ཞེས་བཅོས་དགོས་པ་ལྟ་བུ་དང་། ཡང་དཔེར་ན། 《བདེན་འཚོལ》ལས། ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་རྣམ་པ་གསར་དུ་བཏོད་དགོས་ཞེས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་ཆེན་པོ་བཞག་དགོས་ཞེས་པ་ལྟ་བུ་ཡིན་ན། “བཏོད”དང་“བཞག”ནི་དུས་འདས་པ་སྟོན་བྱེད་ཀྱི་བྱ་ཚིག་ཡིན་པ་དང་། ཚིག་གི་ནང་དོན་ནི་དུས་མ་འོངས་པ་ཡིན་པས་རིམ་པ་བཞིན་དུ་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་རྣམ་པ་གསར་དུ་གཏོད་དགོས་ཞེས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་མ་འོངས་པའི་བྱ་ཚིག“གཏོད”དང“འཇོག”ཅེས་བཅོས་དགོས་པ་ལྟ་བུའོ།

       ༢. ཡིག་ནོར་བཅོས་ཚུལ་སྐོར། ཡིག་ནོར་སེལ་རྒྱུ་ནི་རྩོམ་སྒྲིག་པའི་ལས་འགན་དང་པོ་ཞིག་ཡིན། ང་ཚོས་རྩོམ་སྒྲིག་གི་སྐབས་སུ་ཡིག་འབྲུ་རེ་རེ་བཞིན་ཀློག་དགོས་པ་དང་། ཡིག་ནོར་ཡོད་མེད་དང་ཡིག་འབྲུ་ཆད་ལྷག་ཡོད་མེད། ནང་དོན་ཡང་དག་ཡིན་མིན་བཅས་ཞིབ་མོས་ལྟ་དགོས། དཔེར་ན། 《རྩི་ཤིང་རིག་པའི་དངོས་བཤེར》ལས། མྱུག་གུ་དང་ཞིབ་འཇིག སྟབས་དེབ། གདུབ་དབྱུབས། ལ་སོགས་པ་ཡིག་ནོར་བྱུང་ཡོད་པས་རིམ་པ་བཞིན་དུ་མྱུ་གུ་དང་། ཞིབ་འཇུག སྟབས་བདེ། གདུབ་དབྱིབས་བཅས་སུ་བཅོས་དགོས་པ་ལྟ་བུ་དང་། ཡང་དཔེར་ན། 《འཇང་གླིང་གཡུལ་འགྱེད》ལས། སྒོང་ང་དང་ངན་ལོབ། འགྲོ་གྲབ། མང་རབ་ཡོད། འདྲ་འཚུངས་ལ་སོགས་པ་ཡིག་ནོར་བྱུང་ཡོད་པས་རིམ་པ་བཞིན་དུ་སྒོ་ང་དང་ངན་ལོབས། འགྲོ་གྲབས། མང་རབས་ཡོད། འདྲ་མཚུངས་བཅས་སུ་བཅོས་དགོས་པ་ལྟ་བུའི་རིགས་ནི་ཞུ་དག་གི་སྐབས་མཐོང་རྒྱུ་ཧ་ཅང་མང་ངོ་། ཡི་གེ་བཏགས་པ་ལས་བྱུང་བའི་ཡིག་ནོར་ཐད་ལ། 《གྲུ་གླིང་གཡུལ་འགྱེད》ལས། དཔེར་ན། ལྔང་གཟུགས་དང་ཆུ་དྭམས་མོ། ལྟ་ལིབ་ལ་སོགས་པ་ཡིག་སྐྱོན་བྱུང་བས་རིམ་པ་བཞིན་དུ་ལྗངས་གཟུགས་དང་ཆུ་དྭངས་མོ། ལྟ་ཞིབ་བཅས་སུ་བཅོས་དགོས་པ་ལྟ་བུའོ། ཡང་ཡུལ་སྐད་ལས་བྱུང་བའི་ཡིག་ནོར་ལྟ་བུ་ལ། དཔེར་ན། 《གྲུ་གླིང་གཡུལ་འགྱེད》ནི་ཧོར་བྲག་འགོ་ནས་བྱུང་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཞིག་ཡིན་པ་དང་། དེའི་ནང་འབྲོག་སྐད་ཀྱི་ཤུགས་རྐྱེན་ལས་བྱུང་བའི་ཡིག་ནོར་ཡོད་པ་སྟེ། དཔེར་ན། སྲང་མོ་དང་གཏང་ནས། སོ་བ། ཤོང་ལོ། ལ་སོགས་པ་རིམ་པ་བཞིན་དུ་སྲིང་མོ་དང་གཏིང་ནས། སོ་པ། ཤིང་ལོ་བཅས་སུ་བཅོས་དགོས་པ་ལྟ་བུའོ། དེ་ཡང་བོད་རིགས་ས་ཁུལ་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་ཁྱད་པར་ལྡན་པ་མ་ཟད། དེའི་ནང་གསེས་རོང་སྐད་དང་འབྲོག་སྐད་གཉིས་ཀྱི་ཁྱད་པར་ཆེན་པོ་ཡོད་ལ། རྩོམ་པ་པོ་སོ་སོ་ལ་རང་ཉིད་འཚོ་གནས་བྱེད་སའི་ཡུལ་སྐད་ཀྱིས་ཤུགས་རྐྱེན་ཐེབས་པ་ཡང་རྒྱུན་གཏན་གྱི་ཆོས་ཉིད་ཅིག་ཏུ་ཆགས་འདུག

        ༣. ཕྲད་སྦྱོར་ཚུལ་སྐོར། ཕྲད་སྦྱོར་ཚུལ་ནི་བོད་ཡིག་གི་རྨང་གཞིའི་ཤེས་བྱ་ཡིན་ཡང་། རྩོམ་པ་པོས་སྣང་ཆུང་དབང་གིས་ནོར་འཁྲུལ་འདི་རིགས་ཧ་ཅང་མང་སྟེ། དཔེར་ན། 《གྲུ་གླིང་གཡུལ་འགྱེད》ལས། རྐྱེན་ཀྱིས་དང་རི་ལུང་གང་ཏེ། ཤར་ཀྱི་གངས་རི། རེད་བསམ་ཏེ། སྙོམས་ངོས་ཞིག་ཏུ་ལ་སོགས་པ་ཕྲད་སྦྱོར་སྟངས་ནོར་ཡོད་པས་རིམ་པ་བཞིན་དུ་རྐྱེན་གྱིས་དང་རི་ལུང་གང་སྟེ། ཤར་གྱི་གངས་རི། རེད་བསམ་སྟེ། སྙོམས་ངོས་ཤིག་ཏུ་བཅས་སུ་བཅོས་པ་ལྟ་བུའོ།

       ༤. ཡིག་སྒྱུར་ལས་བྱུང་བའི་ཐ་སྙད་སྤྱོད་ཚུལ་སྐོར། དེང་སང་ཆབ་སྲིད་ཀྱི་ཡིག་ཆ་དང་ཚགས་པར། དུས་དེབ་སོགས་སུ་དྲིལ་སྒྲོག་དང་ཁྱབ་སྒྲོག སྒྲིགས་སྲོལ། སྒྱུར་བཅོས་སྒོ་དབྱེ་ཞེས་པ་སོགས་ཀྱི་ཐ་སྙད་སྒྱུར་སྟངས་མི་འདྲ་བ་མང་པོ་བྱུང་ཡོད། དེ་ཡང་སྔོན་གྱི་གསུང་རྩོམ་སོགས་སུ་དྲིལ་བསྒྲགས་དང་ཁྱབ་བསྒྲགས། སྒྲིག་སྲོལ། བསྒྱུར་བཅོས་སྒོ་འབྱེད་ཅེས་བསྒྱུར་ཡོད་པས་འདི་དག་རྒྱུན་འཁྱོངས་བྱས་ན་བོད་ཀྱི་ཐ་སྙད་གཅིག་གྱུར་ལ་ཕན་ཐོགས་ཆེ་སྙམ། ཡིག་སྒྱུར་གྱི་ཐ་སྙད་སྤྱོད་ཚུལ་སྐོར་ལ་གཤམ་གྱི་ཕྱོགས་འགའ་ཞིག་ནས་དོ་སྣང་བྱ་དགོས་ཡོད་པ་སྟེ། གཅིག་ནི་མི་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་སུ་དོན་དག་མཚོན་བྱེད་གཅིག་པའི་ཐ་སྙད་ཅིག་ཡོད་ཚེ། དེ་སྤྱད་ན་ལེགས་སྙམ། དཔེར་ན། “请柬”ལྟ་བུར་མཚོན་ན། གདན་ཤོག་ཅེས་མ་བསྒྱུར་བར་མགྲོན་ཤོག་ཅེས་བསྒྱུར་ན་ལེགས་སྙམ། གཉིས་ནི་གཅིག་གྱུར་བྱུང་ཟིན་པའི་ཐ་སྙད་དེ་རྒྱུན་འཁྱོངས་བྱས་ན་ལེགས་སྙམ། དཔེར་ན། མར་ཁེ་སིའི་རིང་ལུགས་ཞེས་འི་སྒྲ་བསྣན་ནས་བསྒྱུར་བར་དགོས་པ་ཆེན་པོ་མི་འདུག་སྙམ། གསུམ་ནི་ཐད་སྒྱུར་དང་དོན་སྒྱུར་གདམ་གསེས་འོས་འཚམ་བྱེད་དགོས། “中国梦”ལྟ་བུར་མཚོན་ན། ཀྲུང་གོའི་ཕུགས་འདུན་ཞེས་པ་ལས་ཀྲུང་གོའི་རྨི་ལམ་ཞེས་ཐད་བསྒྱུར་བྱས་ན་མི་འགྲིག་སྙམ། རྨི་ལམ་ནི་མི་རྟག་པ་དང་མི་སྲིད་པ་ཞིག་ཏུ་བརྩི་བཞིན་ཡོད་པས་དེ་ཙམ་འཚམ་པོ་མེད། ཕུགས་འདུན་ནི་འབད་བརྩོན་གྱི་དམིགས་ཡུལ་ཡིན་པས་མི་རྣམས་ལ་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་སྟེར་ཐུབ། བཞི་ནི་ཡིག་སྒྱུར་སྐབས་སུ་སྐད་བརྡའི་ཁམས་ལ་ལྟ་དགོས། དཔེར་ན། “把握”ལྟ་བུར་མཚོན་ན། སྟངས་འཛིན་དང་རྒྱུས་ལོན། ཁོང་དུ་ཆུད་པ་སོགས་བསྒྱུར་སྟངས་མང་བས་སྐད་བརྡའི་ཁམས་ལ་བལྟས་ནས་འོས་ཤིང་འཚམ་པའི་གདམ་གསེས་བྱ་རྒྱུ་གལ་ཆེའོ།

གཞན་ཡང་། ས་མིང་དང་མིའི་མིང་སྒྱུར་སྐབས། སྒྲ་སྒྱུར་གཙོ་བོར་བྱེད་དགོས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་མཇུག་ཏུ་བཀོད་པའི་རྒྱ་བོད་སྒྲ་སྦྱོར་ཤན་སྦྱར་ལ་གཞིར་བཟུང་ན་ལེགས།

མདོར་ན། རྩོམ་སྒྲིག་གི་སྐབས་སུ་དཔེ་ཆ་རེ་རེ་ལའང་དཀའ་གནད་མི་འདྲ་བ་རེ་འཕྲད་སྲིད་པས། རྩོམ་སྒྲིག་པ་ཞིག་ཡིན་ཚེ། ངང་རྒྱུད་རིང་པོ་ཞིག་ཡིན་དགོས་ལ་འགན་འཁུར་གྱི་འདུ་ཤེས་བརྟན་པོ་ཞིག་ཀྱང་ཡོད་དགོས། ཤེས་བྱའི་སྐོར་ལ་ཡང་རིགས་གཞུང་འདྲ་མིན་སྣ་ཚོགས་དང་འཕྲད་སྲིད་པས་མུ་མཐུད་ནས་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ། ལས་ཀའི་བྱང་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་། ལས་རིགས་ཀྱི་ཀུན་སྤྱོད་བཟང་པོ་ཞིག་རྒྱུད་ལ་འཇགས་པ་བཅས་བྱ་རྒྱུ་ནི་རྩོམ་སྒྲིག་པ་ཞིག་གི་མི་ཚེ་ཧྲིལ་པོར་འབད་བརྩོན་བྱེད་དགོས་པའི་རྒྱུ་ཡིན་ནོ།།

མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་བློ་བཟང་ལྷ་མོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41369203
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1