ཐེ་བོ་དཀོན་སེང་གི་སྙན་ངག་ཅིག ཕྱིར་དྲན་ཐེངས་གཅིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཐེ་བོ་དཀོན་སེང་གི་སྙན་ངག་ཅིག ཕྱིར་དྲན་ཐེངས་གཅིག
ཐེ་བོ་དཀོན་སེང་གི་སྙན་ངག་ཅིག ཕྱིར་དྲན་ཐེངས་གཅིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/10/29ལྟ་ཀློག (5371)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕྱིར་དྲན་ཐེངས་གཅིག



ཐེ་བོ་དཀོན་སེང་།

འདོད་ཞེན་སྤངས་ཀྱང་འདོད་པའི་མྱོས་བུམ་རྒྱས།།
ཕྱོགས་ཞེན་བྲལ་ཡང་གཉེན་ལ་ཟུར་མིག་གཡོ།།
ཚངས་པའི་སྲས་སུ་གྲགས་པའི་ལྷ་མོ་དེས།།

ཆོས་དབྱིངས་ཀློང་ནས་དུས་ཀུན་བདག་ལ་སྲུངས།།


འདུས་མཐར་འབྲལ་ཞིང་སྐྱེས་མཐར་འཆི་དགོས་པ།།
སྐྱེས་བུ་ཀུན་གྱི་རང་གཤིས་ཡིན་ན་ཡང་།།
འཆི་ལུགས་གསོན་སྟངས་འདྲ་མིན་སྣ་ཚོགས་འདི།།

སོ་སོས་འབད་པས་གྲུབ་པ་ཉིད་དུ་ངེས།།


གཞོན་པའི་དུས་ནས་ད་ལྟའི་བར་དག་ཏུ།།
བདེ་སྡུག་འགག་འཕྲང་ཅི་ཙམ་བགྲོད་པ་ལ།།
དྲན་པའི་ཤེས་ཀྱིས་རེ་རེ་བསྔོགས་གྱུར་ན།།

སྐབས་འགར་ཁོང་དགོད་ཧབ་ཆ་ངང་གིས་འཆོར།།


ལན་རེར་ཕངས་འགྱོད་མིག་ཆུ་སེམས་སུ་ལྷུང་།།

དེ་དུས་སྡུག་གི་སྨྲེ་ངག་དབྱངས་ལ་གྱེར།།

རེས་སྐྱིད་རེས་སྡུག་འདོད་པའི་འཇིག་རྟེན་འདི།།

ཡིད་བརྟན་མེད་པའི་སྒྱུ་མའི་སྣང་བརྙན་ཞིག།


སྒྱུ་མའི་མཁན་པོ་རེ་རེའི་མཐའ་འཁོར་ན།།
སྒྱུ་མའི་ལྟད་མོར་གཡེངས་པའི་མི་ཚོགས་མང་།།
སྒྱུ་མའི་ཡུལ་ན་སྒྱུ་འཕྲུལ་གང་མཁས་ཀྱིས།།

སྒྱུ་མའི་རོལ་གར་མཛད་འཕྲིན་དེ་བཞིན་རྒྱས།།


སྣང་གནས་མི་མཐུན་རྫུན་པའི་འཇིག་རྟེན་འདིར།།
སྣང་བ་ལྟར་དུ་མ་གྲུབ་གླེང་བཞིན་དུ།།
སྣང་བའི་རྗེས་སུ་རང་གཞན་ཀུན་ཀྱང་བསྙེགས།།

སྣང་ཚུལ་འདི་ཡིས་རང་དམ་བཤིག་མིན་ནམ།།


བདེན་པའི་གནས་ལུགས་གཅིག་ཙམ་བསྒྲུབ་པའི་སླད།།
རྫུན་པའི་རིགས་འཕྲུལ་མང་དུ་བསྒྲིག་དགོས་པས།།
བདེན་རྫུན་རྩོད་པའི་མཐའ་དོན་ཆོད་པ་ལ།།

རྫུན་པའི་མི་ཚེ་བཏང་ཡང་འདང་མཐའ་ཅི།།


ཚེ་འདིར་བསམ་ན་ཚན་རིག་མཁོ་ཆེ་ཡང་།།
ཕྱི་མར་ནང་ཆོས་དེ་བས་གལ་ཆེ་ཕྱིར།།
ཚན་རིག་མ་སྦྱངས་ནང་ཆོས་གཏིང་མ་དཔོག།

མི་ཚེ་སྟོང་བར་ཟད་པའི་ལོ་རྒྱུས་འབྲི།།


འགྲོ་ཀུན་རང་གི་མ་རུ་གྱུར་རབས་བཤད།།
དྲིན་གཟོ་ད་ཞོག་ད་ལྟའི་བར་དུ་ཡང་།།
ཁོ་ཚོའི་རྔུལ་ཁྲག་རིན་ལ་སྤྱོད་བཞིན་དུ།།

ངན་ཁག་ཁོ་ཚོར་འགེལ་འདི་ཨེ་མ་སྐྱོ།།


བགྲང་བྱ་དུ་མའི་རིང་དུ་ཆོས་གྲྭ་ནས།།
བགྲང་ཡས་མཁས་པའི་ལེགས་བཤད་མང་ཐོས་ཀྱང་།།
ལེགས་བཤད་ཞག་རྩི་སེམས་ལ་མ་འགོས་པས།།

ལེགས་ཉེས་གོ་འཛོལ་ལུས་སེམས་གྲང་ཤུར་ཤུར།།


ཕྱི་ཚུལ་ཆོས་པ་ཞིག་གི་རྣམ་པར་བཅོས།།
ནང་སེམས་བཤན་པ་ཞིག་གི་དམན་ཡིན་པའི།།
ཚུལ་འཆོས་ལས་ལ་གོམས་པའི་ཁྲེལ་མེད་པོས།།

ཆོས་པའི་གདོང་འབག་འོག་ནས་མི་ཚེ་ཐལ།།


མ་བརྟགས་མ་དཔྱད་འཇིག་རྟེན་སྣང་བ་ལ།།
མི་ཚེ་ཀྱཀ་ཀྱོག་ལམ་འཕྲང་མང་མཆིས་ཀྱང་།།
བརྟགས་ཤིང་དཔྱད་ན་མི་ཡི་མི་ཚེ་འདི།།

ཡུན་ཐུང་རྨི་ལམ་ཞིག་དང་ཤིན་ཏུ་མཚུངས།།


ཡུན་ཚད་ཐུང་བའི་ཐུན་གཅིག་རྨི་ལམ་ནང་།།
བདེ་སྡུག་རྨི་ལྟས་སྣ་ཚོགས་འཆར་བ་ལྟར།།
ཡུན་ཐུང་མི་ཚེ་གཅིག་ལ་ལས་རིགས་ཀྱང་།།

སྣ་ཚོགས་རྩོམ་ན་འགྲུབ་པའི་ལོང་ཡང་སྲིད།།


མ་ནོར་དམ་པ་གཤེགས་པའི་བཤུལ་ལམ་ནས།།
མ་ཞུམ་སྙིང་སྟོབས་བསྐྱེད་དེ་རང་མོས་ཀྱིས།།
མ་གྱུར་འགྲོ་ལ་ཕན་པའི་ལས་དོན་ཤིག།

མ་ཤི་བར་དུ་སྒྲུབ་པའི་སེམས་ཤུགས་གལ།།


སྣང་བའི་རྗེས་སུ་འབྲང་བའི་ཞེན་འཛིན་གྱིས།།
ཁྱོད་དང་ང་ཡང་མི་ཡི་ལུང་བར་འཁྱམས།།
མདོར་ན་གང་སྣང་སྒྱུ་མའི་ཟློས་གར་འདིས།།
བདེན་ཞེན་ཨ་འཐས་འཛིན་ཐག་ལྷོད་པར་ཤོག།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41121192
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1