མཛའ་གཅུགས་གྲོགས་པོ།
ཚིག ཞི་བདེ་ཉི་མ།
གཞས་གདངས། བདུད་བྷེ།
གཞས་པ། བདུད་བྷེ།
ཞིམ་མངར་འོ་ཇ་དཀར་པོ། །
གྲོགས་མཆོག་ཁྱོད་ཀྱིས་བཞེས་རོགས། །
ཁྱོད་དང་འུ་གཉིས་མཛའ་བརྩེ། །
འོ་ཇ་དཀར་པོའི་ངང་ཚུལ། །
ན་ནིང་ངེད་ཅག་འབྲལ་དུས། །
ས་གཞི་ཁ་བས་གཡོགས་འདུག །
དེ་རིང་འུ་གཉིས་མཇལ་དུས། །
གནས་འདིར་དཔྱིད་དཔལ་སླེབས་ཡོང་། །
ཁྱོད་རང་ཕེབས་པས་དགའ་སོང་། །
བདག་གཉིས་མཇལ་བས་སྤྲོ་སོང་། །
ཨེ་མ་མཛའ་གཅུགས་གྲོགས་པོ། །
སྙན་མོའི་གསུང་གཏམ་གསུང་རོགས། །
མཛའ་བརྩེ་ཁ་བཏགས་དཀར་པོ། །
གྲོགས་མཆོག་ཁྱོད་ལ་འབུལ་ལོ། །
ཁྱོད་དང་འུ་གཉིས་མཛའ་བརྩེ། །
ཁ་བཏགས་དཀར་པོའི་ངང་ཚུལ། །
ཁུ་བྱུག་གསུང་སྙན་གྲགས་དུས། །
གྲོགས་མཆོག་ཡིད་ལ་འཁོར་བྱུང་། །
སྤང་ལ་མེ་ཏོག་བཞད་དུས། །
གྲོགས་མཆོག་སྙིང་ནས་དྲན་ཡོང་། །
སྐྱིད་པའི་གར་ལ་རོལ་ནས། །
སྙན་མོའི་གླུ་ཞིག་ལེན་རོགས། །
དགའ་བའི་འཛུམ་མདངས་བསྟན་ནས། །
དུང་བའི་གསུང་ཞིག་བརྗོད་རོགས། །