དགེ་བཤེས་ཐུབ་བསྟན་ཉི་མ་མཆོག་གི་བཀའ་སློབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »དགེ་བཤེས་ཐུབ་བསྟན་ཉི་མ་མཆོག་གི་བཀའ་སློབ།
དགེ་བཤེས་ཐུབ་བསྟན་ཉི་མ་མཆོག་གི་བཀའ་སློབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2021/3/9ལྟ་ཀློག (35534)རྩོམ་ཁུངས: ངེད་དྲ་བ།


དགེ་བཤེས་ཐུབ་བསྟན་ཉི་མ་མཆོག་གི་བཀའ་སློབ།

    སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་དུ་ཕྱི་ལོ་༢༠༢༡ བོད་ཟླ་༡ ཚེས་༢༣ཉིན་དགེ་འདུན་ཡོངས་ལ་དགེ་བཤེས་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་གིས་བསྩལ་བའི་བཀའ་སློབ།

ཐོག་མར་དགེ་བཤེས་མཆོག་གིས།

འོ་ལགས་སོ། །དགོན་འདིའི་སློབ་གཉེར་དགེ་བཟོ་སོགས་ཀྱིས་བཀོད་སྒྲིག་གནང་བ་ལྟར་དེ་རིང་ངས་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུ་ཡིན། སྐད་ཆ་མང་པོ་མི་བཤད་ཀུན་གྱིས་དཔེ་གཟིགས་གནང་དགོས་པ་རེད། དེ་ཡང་། དགོན་པ་གཞན་ལྟར་གུང་གསེང་ལྟ་བུའི་ངལ་གསོ་ནི་ཟླ་བ་གཉིས་ལྷག་སོང་ཡོད་པས་དེ་རིང་ནས་སློབ་སྦྱོང་མགོ་བརྩམས་པ་རེད། ད་ནི་སློབ་སྦྱོང་གི་གོ་སྐབས་ལ་ཀུན་གྱིས་དམ་འཛིན་བྱེད་དགོས། ཚང་མས་སློབ་སྦྱོང་ལ་ཁ་ཕྱོགས་ཏེ་དེའི་ཕྱོགས་ལ་སེམས་ཤུགས་བསྐྱེད་དགོས། སྤྱིར་ཚང་མ་མི་ཆེན་དང་བླ་ཆེན་གྱི་བྱ་བ་ལྟར་ལས་ཀ་ཆེན་པོ་ཞིག་བྱེད་དགོས་བསམ་མཁན་རྐྱང་རྐྱང་རེད། གང་ཡང་ཆེན་པོ་མེད་ནའང་རེ་བ་ཆེན་པོ་བྱེད་མཁན་རྐྱང་རྐྱང་རེད་ཨ། གལ་ཏེ་བྱ་བ་རླབས་ཆེན་ཞིག་བྱེད་བསམ་ན། ཐོག་མར་ཕོ་ཤེད་ཀྱིས་མགོ་བཞག་ཡས་དང་། ཚོང་ལས་ཀྱིས་མགོ་བཞག་ཡས་ཡོད་པ་མ་རེད། འོ་ན། ཐོག་མར་གང་གིས་མགོ་བརྩམས་དགོས་ཤེ་ན། སློབ་སྦྱོང་ནས་མགོ་བརྩམས་དགོས་ཏེ། མཁས་པ་ཀུན་གྱིས་དེ་ལྟར་བཞེད་པ་རེད། དེས་ན། སུས་བྱ་བ་རླབས་ཆེན་ཞིག་སྒྲུབ་བསམ་ནའང་སློབ་སྦྱོང་ནས་མགོ་བརྩམས་དགོས། གལ་ཏེ་སློབ་སྦྱོང་མེད་པའི་མི་ཞིག་ཏུ་གྱུར་ཕྱིན་ཆད་བྱ་བ་རླབས་ཆེན་ཞིག་སྒྲུབ་ཐབས་ཡོད་པ་མ་རེད། བྱས་ཙང་། ཀུན་གྱིས་སློབ་སྦྱོང་ཕྱོགས་ལ་ཤུགས་རྒྱོབས། སུས་བྱ་བ་རླབས་ཆེན་ཞིག་བྱེད་བསམ་ནའང་དེར་སློབ་སྦྱོང་མེད་ན་སྟོང་པ་རེད། དེས་ན། སློབ་སྦྱོང་ནི་རྩ་ཆེན་པོ་ཞིག་སྟེ་དེའི་རིན་ཐང་ཇི་བཞིན་ཞིག་བཤད་དགོས་ན་སུས་ཀྱང་བཤད་ཤེས་རྒྱུ་མ་རེད། སྤྱིར་ང་རང་ཚོས། བླ་མ་དང་། སྤྲུལ་སྐུ། དགེ་བཤེས་འདི་དག་ལ་རིན་པོ་ཆེ་ཞེས་འབོད་པ་རེད། བར་བར་དུ་ཅ་ལག་རིན་ཐང་ཅན་དང་གནའ་རྫས་ཀྱི་རིགས་ལའང་རིན་པོ་ཆེ་ཞེས་འབོད་པ་རེད། འོན་ཀྱང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་འདི་དག་ལ་རིན་པོ་ཆེ་ཞེས་ཞེ་དྲག་ལབ་ཀྱིན་མི་འདུག  ཁོང་གིས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་ས་སྟེང་འདིའི་རིན་པོ་ཆེ་ནི་དེ་གསུམ་ལ་བྱེད་ཅེས་གསུངས་ཡོད་པ་རེད། ང་ཚོ་ཚང་མ་སློབ་གཉེར་བ་རྐྱང་རྐྱང་ཡིན་པས་གཞུང་འདིའི་དོན་ཇི་བཞིན་མཁྱེན་རྒྱུ་རེད། གཞུང་དོན་རྣམས་རེ་རེ་ནས་མ་བཤད་ནའང་ཆོག་གི །རིན་པོ་ཆེ་འདི་གསུམ་ནི་སློབ་སྦྱོང་བྱས་ནས་སོ་སོའི་རྒྱུད་ལ་གྲུབ་དགོས་ཡས་ཤིག་རེད་མ་གཏོགས། རྒྱུ་འབྱོར་བ་དང་། ཕོ་ཤེད་སོགས་ཀྱིས་སོ་སོའི་རྒྱུད་ལ་གྲུབ་ཐབས་ཡོད་པ་མ་རེད། བྱས་ཙང་། སློབ་སྦྱོང་གི་རིན་ཐང་དེ་འདྲ་རྩ་ཆེན་ཞིག་ཡིན་པས་ཀུན་ཀྱིས་དེའི་ཕྱོགས་ལ་ཤུགས་རྒྱོབས། སློབ་སྦྱོང་ནི་སློབ་བུ་སོ་སོ་ལ་རག་ལས་ཏེ། དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་པ་ཙམ་ལས་དེའི་སློབ་སྦྱོང་གི་ཚབ་བྱེད་པ་མེད། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་པ་ལྟར་ཐར་ལམ་བསྟན་པ་བཅོམ་ལྡན་འདས་ལ་རག་ལས་ཀྱང་། ཐར་པ་འཐོབ་པ་ནི་ཁོང་ལ་རག་མ་ལས་པ་ཡིན། དེ་བཞིན་དུ་སློབ་ཁྲིད་བྱེད་པ་དགེ་རྒན་ལ་རག་ལས་ཀྱང་། སློབ་སྦྱོང་བྱེད་པ་ནི་དགེ་རྒན་ངོས་ནས་མིན་པ་སློབ་བུ་སོ་སོར་རག་ལས་པ་ཡིན། དགེ་རྒན་རྣམས་ཀྱིས་དཀའ་ལས་ག་ཚོད་བརྒྱབ་ནའང་སློབ་མའི་ངོས་ནས་བརྩོན་འགྲུས་མ་བསྐྱེད་ན་གྲུབ་འབྲས་གང་ཡང་འཐོབ་རྒྱུ་མེད། དངོས་གནས་བཤད་ན། ངས་ནི་ཁྱོད་ལ་རིག་གཞུང་སློབ་ཁྲིད་ཀྱི། །སློབ་སྦྱོང་རང་ལ་རག་ལས་ཤེས་པར་གྱིས། ཟེར་ནའང་མ་ཆོག་པ་མེད། དེས་ན། སློབ་སྦྱོང་ནི་གཙོ་བོར་སློབ་བུ་སོ་སོ་ལ་རག་ལས་པ་རེད། སུས་སློབ་སྦྱོང་ཡག་པོ་ཞིག་བྱེད་ནའང་གྲུབ་འབྲས་འཐོབ་རྒྱུ་ཡོད་དེ། རྒྱུ་ཕུན་སུམ་ཚོགས་པ་ལས་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་གི་རེད། ཀུན་གྱིས་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱོས། དེའི་ཕྱོགས་ལ་ཤུགས་རྒྱོབས། སྤྱིར་དགོན་པ་ཞེས་པ་ནི་སློབ་སྦྱོང་བྱེད་སའི་ཁོག་ཡུག་ཅིག་རེད། དགོན་པ་ཕྱག་བཏབ་ཡས་དང་རྒན་གསོ་ཁང་བཙུགས་པའི་དམིགས་ཡུལ་མི་འདྲ་བའམ་ཐ་དད་རེད། རྒན་གསོ་ཁང་བཙུགས་པའི་དམིགས་ཡུལ་ནི། རྒན་པའམ་བགྲེས་པོ་དག་ལ་གསོ་སྙོར་དང་ཞབས་ཞུ་བྱེད་བསམ་པ་དེ་རེད། དེ་ལ་སློབ་སྦྱོང་ཡར་རྒྱས་སོང་མིན་སྐད་ཆ་བཤད་རྒྱུ་མེད། དེར་བསྡད་པའི་རྒན་པ་ཚོས་ཁ་འདོན་དགེ་སྦྱོར་བྱས་ནའང་རང་དབང་རེད། མདོར་ན། དེར་བསྡད་པའི་རྒན་པ་རྣམས་ལ་ཟས་གོས་དཀའ་ངལ་མེད་ཙམ་གྱིས་འགྲིག་བསྡད་ཡོད། དགོན་པ་ནི་དེ་ལྟར་མ་རེད། འོ་ན། དགོན་པ་ཕྱག་བཏབ་ཡས་དམིགས་ཡུལ་གང་ཞེ་ན། སློབ་སྦྱོང་ཡོད་པའམ་དེ་ཡར་རྒྱས་འགྲོ་བ་དེ་དེའི་དམིགས་ཡུལ་རེད། བྱས་ཙང་། རྒྱལ་ཁབ་ནི་ཆབ་སྲིད་ཀྱི་སྟེང་ནས་སྐྱོང་དགོས་པ་ལྟར། དགོན་པ་ནི་སློབ་སྦྱོང་གི་སྟེང་ནས་སྐྱོང་དགོས། དཔེར་ན། ཆབ་སྲིད་དང་འགལ་བའི་མི་དེ་རྒྱལ་ཁབ་ཀྱི་ཉེས་ཅན་ཡིན་པ་བཞིན་དུ། སློབ་སྦྱོང་ལ་གནོད་པར་བྱེད་པའི་མི་དེའང་དགོན་སྡེའི་ནག་ཉེས་ཆེ་ཤོས་ཡིན། གལ་ཏེ་དགོན་པ་དེ་ལ་སློབ་སྦྱོང་ཡག་པོ་མེད་ན། གནའ་རྫས་ཅི་ཙམ་ཡོད་རུང་དགོན་པ་ཐམས་ཅད་ཀྱི་ཐ་མལ་དུ་ལུས་པ་རེད། དཔེར་ན། དེང་སང་རྒྱ་ནག་གི་ཡུལ་དུ་དགོན་པ་ཡིན་ཟེར་ནས་ལྷ་ཁང་འདྲ་བོ་ཞིག་ལས་སློབ་སྦྱོང་གང་ཡང་མཐོང་རྒྱུ་མེད་པ་མང་པོ་ཡོད། གལ་ཏེ་ངེད་ཅག་ལའང་སློབ་སྦྱོང་མེད་ན་དེ་དང་ཐག་ཉེ་བར་ཆགས་འགྲོ་ཡི་རེད། དེས་ན། ཀུན་གྱིས་སློབ་སྦྱོང་ཕྱོགས་ལ་ཤུགས་རྒྱོབས་ཟེར་ནས་སྐད་ཆ་གཅིག་ཡིན།

གཉིས་པ་ནི། སྒྲིག་གཞིའི་སྐོར་རེད། དེ་ཡང་ཁ་རྩང་ནས་དགེ་རྒན་རྣམ་པ་ཚོས་ཁྱེད་ཚོ་ལ་བཤད་ཡོད། དེ་ལས་ལྷག་ཏུ་ངེད་ལའང་ཅང་བཤད་རྒྱུ་མེད། རེད་དེ། རྩ་བའི་ཆ་ནས་སྔོན་ཆད་ངེད་ཅག་གིས་སྒྲིག་གཞི་འོས་འཚམས་ཤིག་གཏན་ཁེལ་བྱས་ཡོད། ཀུན་གྱིས་མཁྱེན་གསལ་ཡིན། སུས་ཀྱང་དེ་ལ་གནོད་པའམ་ཧམ་པ་བྱེད་དོན་མེད། ཁྱེད་ཚོས་དེ་བདག་པོ་ཡག་པོ་རྒྱོབས། གྲོང་ཆོག་སྐོར་ཡིན་ནའང་སྔོན་ཆད་ནས་ས་མཚམས་ཤིག་ཕྱེ་ཡོད། དཔེར་ན། དགོན་གཞུང་གིས་ཞབས་བརྟན་སྐུ་རིམ་བསྒྲུབ་དགོས་ཚེ་སློབ་གྲྭའི་ངོས་ནས་དང་ལེན་བྱེད་པའམ་ཕར་བརྟེན་ཚུར་བརྟེན་བྱེད་དགོས་རྒྱུ་ཡིན། མདོ་སྔགས་སློབ་གླིང་གི་ངོས་ནས་ཀྱང་ཞབས་བརྟན་སྐུ་རིམ་བསྒྲུབ་དགོས་ཚེ་དེ་དེ་བཞིན་རེད། དེ་མ་གཏོགས་རྒྱུ་ཆེན་ཡིན་ཟེར་བ་འདྲ་དང་། ངོ་ཆེན་ཡིན་ཟེར་བ་དེ་དག་གིས་གྲོང་ཆོག་འགྲོ་མི་འདོད་པའི་སློབ་མ་རྣམས་གྲོང་ཆོག་ཏུ་བསླུ་འཁྲིད་བྱེད་མི་ཆོག  ངེད་ཀྱིས་ན་ནིང་ནས་བཤད་ཡོད། གལ་ཏེ་དེ་ལྟ་བུའི་བསླུ་ཁྲིད་བྱས་ཚེ་གསེར་ཟངས་སྟོང་སྤྲད་ནའང་མི་འགྲིག་སྟེ། ངེད་ཀྱིས་སྒྲིག་ཁྲིམས་བདམས་པ་ལས་རྒྱུ་མི་བདམས། སྤྱིར་རང་ཉིད་རྒྱུ་ལ་དགའ་མཁན་ཞིག་ཡིན་རུང་སྒྲིག་ཁྲིམས་དང་རྒྱུ་གཉིས་ཀྱི་ནང་ནས་སྒྲིག་ཁྲིམས་བདམས་རྒྱུ་ཡིན། ཀུན་གྱིས་དེ་ཤེས་པར་གྱིས། ལྷག་པར་དུ་སྒྲིག་ཁྲིམས་ལྟ་མཁན་རྣམས་ཀྱིས་དེའི་ཐོག་ནས་གནོན་དགོས།

གསུམ་པ་ནི། ན་བཟའ་སྐོར་རེད། དེ་ཡང་། སྔོན་ཆད་ནས་ངེད་ཅག་གིས་གཏན་ཁེལ་བྱས་ཡོད། དེ་ལས་ལྷག་ཏུ་གང་ཡང་མི་དགོས། སྤྱིར་དེང་སང་སྟོང་སྐོར་དགོན་པ་ནི་ཀུན་གྱིས་སྤྱོད་ལམ་ཡག་གི་ཟེར་ནས་བཤད་ཀྱིན་ཡོད་པ་ལས། སྤྱོད་ལམ་ངན་པ་རེད་ཟེར་ནས་དམའ་འབེབས་སམ་མཐོང་ཆུང་བྱེད་མཁན་མེད། དེས་ན། དགོན་སྡེ་བཅུ་གསུམ་གྱི་ཐ་མལ་དུ་ལུས་མེད། སྐྱེས་བུ་འགའ་རེའི་སྐད་ཆ་དམིགས་བསལ་རེད། གཟུར་གནས་བློ་ལྡན་རྣམས་སུས་ཀྱང་སྟོང་སྐོར་དགོན་པའི་གྲྭ་བ་རྣམས་སྤྱོད་ལམ་ཡག་གི་ཟེར་བ་མ་གཏོགས་ངན་པ་རེད་ཟེར་ནས་བཤད་ཀྱིན་མི་འདུག །ད་འགྲིག་ཡོད།

བཞི་པ་ནི། སློབ་བུ་དག་གིས་སློབ་སྦྱོང་བྱེད་སྐབས་དགྲ་ཆེ་ཤོས་ནི་ཁ་པར་ནང་དུ་རྩེད་མོ་རྩེ་ཡས་དེ་རེད། སྤྱིར་དགོན་པ་གཞན་དག་ལ་གུང་གསེང་སྐབས་མ་གཏོགས་སོ་སོའི་ཁ་པར་གཞུང་ལ་ཡར་སྤྲད་རྒྱུའི་ལུགས་སྲོལ་ཡོད། འོན་ཀྱང་། ད་རུང་ང་ཚོ་ལ་དེ་ལྟ་བུའི་སྒྲིག་གཞི་བཞག་མེད། དགེ་རྒན་རྣམ་པ་ཚོས་ང་ལ་འདི་བཤད་དེ། འཛིན་གྲྭ་འོག་མ་འགས་ཁ་པར་མི་རྩེ་ཟེར་ནས་ཁོ་བོ་ཅག་ལ་བཤད་སོང་ཟེར། དངོས་གནས་ཡག་པོ་རེད། སློབ་བུ་དེ་དག་གིས་བཤད་པ་ལྟར་ཁ་པར་མི་རྩེ་བ་ཡིན་ན། ཕྱིས་སུ་དེ་དག་ལ་གཟེངས་བསྟོད་སོགས་སྤྲད་རྒྱུ་ཡོད། དེ་འོས་འཚམས་ཡིན། ངེད་ཅག་ཀུན་གྱིས་དེ་འདོད་ཡོད། སྤྱིར་སོ་སོས་ཁ་པར་མི་རྩེ་བ་ནི་རང་ཚོའི་རང་དོན་རེད། འོན་ཀྱང་། སློབ་སྤྱིའི་ངོས་ནས་དེ་ལ་བསྟོད་བསྔགས་ཡོད། ལག་སྟོང་མིན་ཟེར་རྒྱུ་ཡིན།

མདོར་ན། ཀུན་གྱིས་སྒྲིག་རང་འཁུར་དགོས། སྔོན་ཆད་ལའང་མདོ་སྔགས་སློབ་གླིང་གི་ངོས་ནས་སྒྲིག་གཞི་ཐམས་ཅད་སློབ་མ་རྣམས་ཀྱི་སེམས་ཁམས་དང་མཐུན་པ་ཞིག་ཨེ་ཡོང་བལྟས་ཡོད། མུ་མཐུད་ནས་དེ་དེ་བཞིན་ཡིན། སྒྲིག་གཞི་རྣམས་ཧ་ཅང་བཙན་ཐབས་བྱས་ན་མི་འགྲིག་སྟེ། ངེད་ཀྱིས་སློབ་གཉེར་དགེ་སོགས་ལ་འདི་བཤད་ཡོད། ཐབས་ཤེས་གང་ཡོད་གུ་ཡངས་ཐོག་ནས་སློབ་གྲྭ་འཚོགས་དགོས་ཟེར་ནས་བཤད་ཡོད། གུ་ཡངས་ཀྱིས་སློབ་བུའི་སེམས་ཁམས་ལ་མི་གནོད་པས་སློབ་གཉེར་ལ་དོན་གཉེར་ཡོད་རྐྱེན་ཕན་ཐོགས་ཆེན་པོ་ཡོད། འཇིག་རྟེན་གཏམ་དཔེ་ལ། ཆོས་ཁྲིམས་དར་གྱི་མདུད་པ་བསྡམས་ད་བསམ་དུས་ཇེ་ལྷོད། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྷོད་ད་བསམ་དུས་ཇེ་བསྡམས། །ཞེས་བཤད་པ་ལྟར་ཆོས་ཁྲིམས་ནི་རྒྱལ་ཁྲིམས་དང་མི་འདྲ་བས་ཀུན་ཀྱིས་སྒྲིག་རང་འཁུར་བྱོས་དང་གུ་ཇེ་ཡང་ཇེ་ཡང་དུ་འགྱུར་བ་ཡོད།

རང་གིས་བཤད་པའི་སྐད་ཆ་ཐམས་ཅད་ལྷག་བསམ་ཡིན། ལྷག་བསམ་གྱི་སྐད་ཆ་ནི་མཇུག་གཡོག་པོའམ་སུས་བཤད་ཀྱང་གསེར་རེད། གཡོ་སྒྱུའི་སྐད་ཆ་ནི་མགོ་བླ་མས་བཤད་ནའང་དུག །བར་ནས་བཤད་ནའང་དུག །ཐ་ནས་བཤད་ནའང་དུག་ཡིན་པས་མཐོ་དམན་དྲག་ཞན་སུས་བཤད་ཀྱང་དུག་རེད། ལྷག་བསམ་གྱི་སྐད་ཆ་ནི་མཐོ་དམན་དྲག་ཞན་སུས་བཤད་ཀྱང་གསེར་རེད། ཀུན་གྱིས་དེ་ཐམས་ཅད་ཐུགས་ལ་བཟུང་། དེ་རིང་དེ་ཙམ་ཡིན།

སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་འདིར་དགེ་བཤེས་རིན་པོ་ཆེས་བསླབ་བྱ་གནང་བ་འདི་དག་སློབ་བུ་ཡོངས་ཀྱི་སེམས་ཁམས་དང་མཐུན་ཞིང་ཕན་ཐོགས་ཤིན་ཏུ་ཆེ་བས། ཕྱི་ལོ་༢༠༢༡ བོད་ཟླ་༡ པའི་ཚེས་༢༣ ཉིན་ངེད་ཀྱིས་ཡིག་ཐོག་ལ་བཀོད་པ་ཡིན་ཡང་ནོར་བ་བྱུང་ཚེ་བཟོད་པར་གསོལ། འདིས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་པར་གྱུར་ཅིག །

སྒྲ་ཕབ་མཁན་དགེ་བློ་སྦྱིན། དགེའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yr6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45488893
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1