གཞོན་པའི​་རིན་ཐང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »གཞོན་པའི​་རིན་ཐང་།
གཞོན་པའི​་རིན་ཐང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2021/11/8ལྟ་ཀློག (23367)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཞོན་པའི་རིན་ཐང་།

རྩོམ་པ་པོ།  རྒྱལ་སྲས། 


      ཡུལ་འདི་ངའི་ཕ་ཡུལ་མིན། ལས་སྐལ་གྱིས་རྐྱེན་ཡིན་ནམ་ཅི་ཆ། གང་ལྟར་སློབ་ཆེན་མཐར་ཕྱིན་ནས་ད་བར་དུ། ངའི་མི་ཚེའི་ཁྲོད་ཀྱི་ལོ་ངོ་གསུམ་ཙམ་གྱི་དུས་ཚོད་དང་འཚོ་བ་མང་ཤས་ཡུལ་འདི་ནས་བསྐྱལ་བ་ཡིན། ནམ་རྒྱུན་ངས་གཞས་ཚིག་ཅིག་གིས་རང་གི་ལས་དབང་ལ་ར་སྤྲོད་ལྟ་བུ་བྱེད་བཞིན་ཡོད་པ་ནི"ང་ཡི་ཕ་ཡུལ་ས་མཐའ་རེད"ཅེས་པ་སྟེ། ཁ་པར་སླེབས་ཐེངས་རེས་ཀྱང་གཞས་དེས་རང་ཉིད་ལ་གསལ་ཁ་གང་མང་བཏོན་མྱོང་། འདི་ལ་ཡང་རིན་ཐང་ལྡན་པའི་ལོ་ངོ་གསུམ་ཟེར་ནའང་མི་ཆོག་པ་མེད་དེ། ངས་རིན་ཐང་ལྡན་པའི་དུས་ཚོད་གང་མང་ཞིག་ལ་རིན་ཐང་ཡོད་པའི་བྱ་བ་མང་བོ་ཞིག་ཅིས་ཀྱང་འགྲུབ་མེད་པས་སོ། །

      འདི་རུ་ངས་དགེ་རྒན་གྱི་བྱ་བའི་མིང་ཙམ་ཁུར་ནས་ཡོད། དེ་ཡང་རང་ཉིད་ལ་ཐོག་མ་ནས་བཟུང་དགེ་རྒན་ཞིག་བྱེད་འདོད་ཀྱི་འདུན་མ་ཡོད་པ་དེ་ཉིད་ཧ་ལམ་བོར་མ་མྱོང་ཞིང་། འབོར་ཡང་མི་སྲིད་པ་ལྟ་བུ་ཞིག་རེད་འདུག ནང་མི་གྲོགས་པོ་གང་མང་ཞིག་གིས་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་ང་རང་ལས་ཀ་འདིར་སུན་འགྲོ་ངེས་ཞེས་མང་དུ་ལབ་མྱོང་ཡང་། ངས་དེ་ལ་བསམ་བློ་མང་བོ་མ་བཏང་། བཏང་ཡང་སུན་མི་འགྲོ་བ་འདྲ། དྲང་མོ་བཤད་ན་དགེ་རྒན་གྱི་ལས་ཀ་འདི་རླབས་ཆེན་པོ་རེད། དེ་ཉིད་རླབས་ཆེན་ཡིན་པས་རྒྱུ་མཚན་ཡིན་ནམ་ཅི་ཤེས་མོད། མ་མཐའ་ཡང་ང་ད་རུང་སུན་བཞིན་མེད། ཡིན་ཡང་དགེ་རྒན་གང་མང་ཞིག་རང་གི་བྱ་བར་སུན་བཞིན་པ་ངོ་མ་རེད། རྗེས་མར་ང་ཡང་དེ་འདྲ་མི་སྲིད་པར་ཁ་ཚོད་གཅོད་མི་ཐུབ། རྒྱུ་མཚན་དེ་ཉིད་མ་འོང་བའི་དོན་དག་ཅིག་རེད། 

      ཡུལ་འདི་ཕྱིའི་སྣོད་བཅུད་ཕུན་སུམ་ཚོགས་པའི་ཡུལ་དེ་འདྲ་མ་རེད། མ་མཐའ་ཡང་ང་སྐྱེ་ས་དང་འཚར་ས་རྩྭ་ཐང་ཡིན་པས། རི་མཐོ་བྲག་གཟར་གྱི་ཡུལ་གྲུ་འདིས། ངའི་ནང་སེམས་ཀྱི་ནམ་མཁའ་དང་ས་གཞི་གུ་དོག་པོ་བཟོས་འགྲོ ཡང་ན་གཞོན་པའི་སྣང་བ་མཐུན་སའི་འབྱོར་ཕྱུག་གི་དཔལ་འཛོམས་པའི་གནས་དེ་འདྲ་ཡང་མ་ཡིན་པས། སྐབས་རེར་ཁོར་ཡུག་འདི་འདྲར་འཚོ་གནས་བྱེད་པར་ནང་སེམས་སུ་ཁེར་རྐྱང་དང་སྐྱོ་སྣང་ཡང་ཐེངས་མང་བྱུང་མྱོང་། ཡིན་ཡང་དེ་ནི་ཁོར་ཡུག་གིས་མིའི་ནང་སེམས་ལ་བསྐྱེད་པའི་ཚུར་སྣང་ཙམ་ལས། དོན་དུ་ཡུལ་འདིའི་ནང་བཅུད་ཀྱི་སེམས་ཅན་གྱི་དཔལ་ཡོན་ནི་ཕུན་སུམ་ཚོགས་པ་སྟེ། སོ་སོའི་རིག་གནས་གོམས་གཤིས་དང་འཚོ་བ་རོལ་སྟངས། དད་མོས་དང་ཡུལ་སྐད་སོགས་ནི་ཧ་ལམ་གཅིག་འདྲ་ཆགས་འདུག་པས། དེ་ཡང་ང་རང་གནས་འདིར་འབྲལ་སེམས་མི་རྒོད་པའི་རྒྱུ་རྐྱེན་ཆེ་ཤོས་གཅིག་ཀྱང་ཡིན་ངེས་པ་ཁོ་ཐག་རེད། ཆེ་ས་ནས་བཤད་ན་མི་རིགས་གཅིག་པ་ཞེས་པའི་དགེ་མཚན་ནི་དོན་ལ་འདི་དང་འདི་ལྟ་བུའི་བདེ་སྐྱིད་སྣ་ཚོགས་པ་ཞིག་ལ་གོ་དགོས་པ་ལོས་ཡིན་ཡང་སྙམ་དགོས་བྱུང་། 

      ངས་ད་ལྟ་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ཁྲིད་ཚན་རིགས་གཉིས་ལ་སློབ་ཁྲིད་ཀྱི་འགན་ཙམ་ཁུར་ནས་ཡོད། དེ་ཉིད་རང་གི་འདོད་མོས་མིན་ཏེ་སློབ་གྲྭའི་བཀོད་སྒྲིག་དང་དུ་བླངས་པ་ཁོ་ན་ཙམ་ཡིན། ཡིན་ཡང་དེ་ལ་མི་འཐད་པ་དང་མི་མོས་པའི་འཁང་ཚིག་རང་ལའང་མེད། དེའི་ཕྱིར་ཁྲིད་ཚན་གཉིས་པོར་རང་ནུས་ཅི་ཡོད་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད། ངས་འདི་ལྟར་བཤད་པ་ནི་སྒྲོག་སྤེལ་ཅིག་གི་ཆེད་མིན། དོན་དུ་དེང་སྐབས་བོད་ཀྱི་དངོས་གཞིའི་སློབ་མ་ཚོར་མཚོན་ན། གནས་ཚུལ་འདི་འདྲ་བར་དཀའ་ཁག་དེ་འདྲ་ཆེན་པོ་མེད་པ་འདྲ་སྟེ། ད་ལྟའི་ང་ཚོའི་གནས་སྟངས་དངོས་འདི་ཆག་བཞག་ཚེ། སྐད་ཡིག་ནི་ཤིང་སྡོང་ཞིག་ཡིན་པའི་དབང་དུ་བཏང་ན། བོད་ཡིག་ནི་སྡོང་རྐང་དང་རྒྱ་ཡིག་ནི་དེ་ཡི་ཡལ་གར་གྱུར་ཟིན་པས། དེང་སྐབས་སློབ་ཆེན་སོ་སོའི་ཆེད་ལས་མང་ཤས་ཀྱང་རྒྱ་ཡིག་ཡིན་པ་ལས། བོད་ཡིག་ཧ་ཅང་དཀོན། དེའི་ཕྱིར་སློབ་མཐར་ཕྱིན་ཅིང་བསླབ་གནས་སོགས་ཀྱི་ལག་རྟགས་ཚད་ལྡན་ཐོབ་མཁན་ཞིག་ཡིན་ན། ནུས་པ་འོས་འཚམས་དེ་འདྲ་ཡོད་ངེས་པར་ཀུན་ཀྱང་ཡིད་ཆེས་དགོས་སུ་གྱུར་འདུག་སྙམ། བརྒྱ་ལ་རྒྱ་སྐད་རྒྱ་ཡིག་ལས་བོད་ཡིད་བོད་སྐད་མི་འཁྱོངས་མཁན་དང་ཡང་ན་བོད་ཡིག་བོད་སྐད་ལས་རྒྱ་སྐད་རྒྱ་ཡིག་མི་འཁྱོངས་མཁན་རེ་འགའ་ཡོད་སྲིད་ཀྱང་། བོད་ཡིག་སློབ་འབྲིང་ཁག་ནས་སློབ་མཐར་ཕྱིན་ཅིང་། ལྷག་ཏུ་རྗེས་མར་དགེ་ཐོན་སློབ་ཆེན་ཁག་ནས་སློབ་མཐར་ཕྱིན་པའི། བོད་ཀྱི་སློབ་ཆེན་སློབ་མ་མང་ཤས་ལ་འཇོན་ཐང་དེ་ཙམ་ཡོད་ངེས་པར་ཁོར་ཡུག་གི་མི་ཚང་མས་ཀྱང་ཡིད་ཆེས་བྱེད་འོས་སྙམ་ཡོང་། ཡང་གཅིག་བཤད་ན་དེ་ནི་ན་གཞོན་གྱི་རིན་ཐང་ཞིག་ཀྱང་ཡིན་པར་ངོས་འཛིན་པ་དང་གཅིག་གོ།

     གང་ལྟར་འདི་ནི་རང་ལྟ་མཆོག་འཛིན་བྱས་པ་མིན་པར། དངོས་དོན་དུ་སྙམ་པ་ཇི་བཞིན་དུ་བརྗོད་པ་དེ་ཙམ་ཡིན།

     གཉིས་ལ་ངའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་འདི། ཅིག་ཚེ་ན"མ་སྨིན་པ"ཞིག་ཀྱང་ཡིན་ལས་ཆེ་མོད། གང་ལྟར་བོད་ཀྱི་ན་གཞོན་གང་མང་ཞིག་གི་ལང་ཚོ་ནི་གསེར་གྱི་རྒྱ་ཕིབས་ཤིག་དང་འདྲ་བར། གཟི་མདངས་ལམ་ལམ་འཚེར་བ་ལས། བེད་སྒོ་ཧ་ཅང་ཆུང་། ཡང་ན་བོད་ཀྱི་ན་གཞོན་གང་མང་ཞིག་གིས། རང་གི་མི་ཚེའི་རིན་ཐང་ལ་བསམ་གཞིག་ཁྱོན་ནས་གཏོང་བཞིན་མེད་པ་དང་ཡང་འདྲ་སྟེ། སྡོད་པ་མེད་པའི་དུས་ཚོད་ཀྱི་གཙང་བོའི་བཞུར་རྒྱུན་ཁྲོད་དུ། ཤེས་མེད་ཚོར་མེད་དུ་རྒས་ཤིང་འཁོགས་པར་གྱུར་ཟིན་པ་དང་འགྱུར་བཞིན་པ་ཡང་ཅི་འདྲའི་མང་ཨང་། ཆེ་ས་ནས་བཤད་ན་མི་རིགས་ཤིག་གི་ན་གཞོན་དག་འདི་ལྟར་རུལ་བ་ནི་མི་རིགས་གང་དེ་རུལ་ནས་ཀྱང་འཚོ་བཞེས་ཀྱི་རེ་བའི་ཟུངས་ཟད་པ་མ་ཡིན་ནམ། 

      ང་རང་ད་ལྟ་དགེ་རྒན་གྱི་བྱ་བའི་མིང་ཙམ་འཛིན་མཁན་ཞིག་ཡིན་པའི་ཆ་ནས། ངས་རང་གི་དུས་ཚོད་མང་ཤོས་སློབ་མ་ཚོའི་ཆེད་དུ་འབུལ་བཞིན་ཡོད། དེ་ཡང་དོན་ལ་ངས་ནམ་རྒྱུན་ཁོ་ཚོ་དང་འབྲེལ་བའི་བསམ་གཞིག་མང་དུ་གཏོང་བཞིན་ཡོད་ཅེས་པའི་དོན་ཏེ། རང་གི་དགའ་ཁ་འཁྱེར་ཕྱོགས་སམ། ཡང་ན་འཚོ་བ་རོལ་སྟངས་དང་ཡོངས་སུ་འབྲེལ་ཆགས་པའི་དཔེ་ཀློག་དང་རྩོམ་འབྲི། གློག་བརྙན་ལ་ལྟ་བ་དང་པར་ལེན་པ་སོགས་མང་ཆེ་བ་སློབ་མ་ཚོ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། ཡིན་ཡང་ང་ལ་མཚོན་ན་དེ་དག་གིས་ང་རང་ཕྱུག་པོར་བསྒྱུར་མ་བྱུང་ལ། དེ་ལས་ལྷག་པའི་འགྲོ་སྒོ་ཞིག་ཀྱང་དྲང་བོར་བཤད་ན་གང་མང་བྱུང་མྱོང་། སྐབས་རེར་སྐྱ་ཟད་སྔོ་རྡུགས་ཀྱི་གནས་བབས་དེ་འདྲར་བློ་ཕམ་གཏིང་ནས་སྐྱེ་འོང་ཡང་། དེ་ནི་གནས་སྐབས་ཙམ་རེད། ངས་བསམ་ན་ངའི་ནང་སེམས་ཧ་ཅང་ཕྱུག་པོ་ཡིན། ངས་རང་ཉིད་ཀྱི་ཁ་སེམས་གཉིས་ཀ་ལས་ཀ་འདིར་འབུལ་བཞིན་པ་ནི་རིན་ཐང་རིགས་ཤིག་ཏུ་ངོས་བཟུང་ཟིན་པས། ཐ་ན་རང་གི་ཉེ་གམ་གྱི་མི་ཚོའི་ཁྲོད་དུ་ཡང་ཕྲག་དོག་གི་གཏམ་སྨྲ་བ་ཡོད་སྲིད་ལ། ནང་མི་ཚོས་ཀྱང་འདི་ལས་ལྷག་པའི་བྱ་བ་གཞན་ཞིག་འཚོལ་དགོས་ཀྱི་རེ་འདུན་དང་རྣམ་འགྱུར་མང་དུ་སྟོན་ནའང་། ང་རང་ཉིད་རང་གི་བདེ་སྐྱིད་ཀྱི་ཚོར་བའི་རྗེས་སུ་འགྲོ་བ་ལས། གཞན་གྱི་བཤད་པའི་བདེ་སྐྱིད་ནི་དོན་ལ་ངའི་བདེ་སྐྱིད་མིན་པ་ངའི་སྔ་མོ་ནས་ཤེས་ཡོད། 

     ཡང་གཅིག་བཤད་ན་བདེ་སྐྱིད་ཀྱི་མྱོང་སྣང་འདི་ཉིད་སློབ་མ་ཚོས་རང་ལ་གནང་བ་ཞིག་ཀྱང་ཡིན་པས། ངས་ནམ་རྒྱུན་སློབ་མ་ཚོར་བཀའ་དྲིན་ཞུ་བཞིན་ཡོད། ཡིན་ཡང་སློབ་མ་ཚོས་ངས་ཀུ་རེ་སློང་བཞིན་འདུག་ཀྱང་བསམ་བཞིན་པ་འདྲ། གང་ལྟར་ངས་ཁོ་རང་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། དེ་ནི་ཁོ་རང་ཚོས་ཀྱང་དགེ་རྒན་དུས་ཆེན་ལ་སླེབས་ཐེངས་རེར། སྔོན་ནས་གྲ་སྒྲིག་བྱས་པའི་ཤོག་ལྷེ་དཀར་གཙང་དག་གི་ངོས་སུ། "ངས་དགེ་རྒན་གྱི་བཀའ་དྲིན་ནམ་ཡང་མི་བརྗེད"ཅེས་པ་དེ་དང་གཅིག་མཚུངས་ཡིན།

     ད་དུང་བརྗོད་ཆོག་པ་ཞིག་ལ། ངས་ད་ལྟའི་བྱ་བ་འདིའི་ཆེད་དུ་རང་ལ་མཚོན་ན་བློས་བཏང་གང་མང་ཞིག་བྱས་མྱོང་ལ། བྱ་བ་འདི་ཉིད་སོགས་རྒྱུ་མཚན་དུ་བྱས་ནས་ཆུང་མ་ཡང་སྔ་མོ་ནས་བུ་ཆུང་གཉིས་ཁྲིད་དེ་ང་དང་ཁ་ཁ་བྱས་སོང་། དེ་བཞིན་ངས་ཀྱང་དཀའ་ལས་གང་མང་ཞིག་མྱོང་དགོས་སུ་གྱུར་བས། འདི་ནི་ང་ལ་མཚོན་ན་ངེས་པར་དུ་དོན་སྙིང་ལྡན་པ་ཞིག་ཏུ་བསྒྱུར་དགོས་པའི་བྱ་བ་དང་གདམ་ཀ་ཞིག་ཀྱང་ཡིན། ན་གཞོན་ཞིག་ལ་མཚོན་ན་རིན་ཐང་ལྡན་པའི་བྱ་བ་ཞིག་གདམ་རྒྱུ་དང་དེ་ལ་ཁ་སེམས་གཉིས་ཀས་འཇུག་རྒྱུ་དེ་ཡང་རིན་ཐང་རིགས་ཤིག་ཏུ་ངོས་བཟུང་མི་ཆོག་པ་ཅི་ལ་ཡོད། 

     བློས་བཏོང་འདི་དག་ཡོད་ཚད་ངས་ནི་རིན་ཐང་ཞིག་ཏུ་ངོས་འཛིན་བྱས་ཡོད། གང་གིས་ཀྱང་ཚབ་ཏུ་མེད་པའི་རིན་ཐང་ཞིག་ཏུ་ངོས་འཛིན་བྱས་ཡོད། 

     གསུམ་དུ་ད་ལྟའི་ཆར་བོད་མི་ཚོས་སོ་སོའི་རུས་རྐང་གི་རིགས་ཀྱི་འདུ་ཤེས་དང་བདེན་པར་དགའ་བའི་ཀུན་སློང་འབོར་བཞིན་གདའ། དགོས་སུ་བརྡ་འཕྲིན་གྱི་དུས་རབས་སམ། ཡང་ན་ཆ་འཕྲིན་གྱི་འཚོ་བའི་དུས་སྐབས་འདི་འདྲ་བར། བོད་མི་མང་བོ་ཞིག་གིས་རང་གི་ལེགས་ཉེས་འབྱེད་པའི་བློ་གྲོས་ཡོངས་སུ་བོར་སྟེ། མི་ཆོས་དང་འགལ་བའི་ལས་སྣ་ཚོགས་བསྒྲུབ་རྒྱུ་དེ་འདྲ་ཡང་ཅི་མི་སྙམ་དུ་འཛིན། དགོས་སུ་ན་གཞོན་མང་བོས་རང་ཉིད་བོར་ཅིང་།རང་གི་འཚོ་བ་དང་མི་ཚེ་ཡང་དེ་འདྲའི་འཚོ་བཅུད་ཀྱིས་སྟོང་བའི་ཞོགས་ཟས་ཤིག་ལྟར། ཧ་ཅང་སྟབས་དང་ངེས་མེད། འཁྲུལ་སྣང་དང་ཟོལ་བཅོས་ཀྱིས་ཡོངས་སུ་ཁེངས་འདུག་པས། དོན་ལྡན་གྱི་མི་ཚེ་དང་འཚོ་བ་ཞིག་ཅི་ལྟར་བྱས་ཀྱང་རྙེད་ཐབས་མེད་པ་ཆགས་འགྲོ་བ་སྨྲོས་མེད་མིན་ནམ། 

     གནས་སྟངས་འདི་འདྲ་ཅི་ལྟར་ཆགས་པ་ཡིན་ནམ། ང་ཚོའི་རང་སེམས་སུ་ཇི་བཞིན་དུ་དྲིས་ན། དེ་ནི་དོན་དུ་རང་ཅག་ལ་ཤེས་རབ་མ་ཡོད་པས་ལོས་ཡིན། ཡང་ན་མིའི་ཤེས་རབ་གཙུག་ཏུ་མ་བཀུར་བས་ལོས་ཡིན། མི་ཞིག་ལ་ཤེས་རབ་མེད་ཚེ། དེ་ལ་རིན་ཐང་གི་ཆེ་ཆུང་དང་ལེགས་ཉེས་ཀྱི་བླང་དོར། བདེན་རྫུན་གྱི་ངོ་བོ་སོགས་འབྱེད་པའི་ཐབས་ཀྱིས་ཡོངས་སུ་སྟོང་འགྲོ་བས། མི་ནི་ཤེས་རབ་དང་ཁ་བྲལ་ཚེ། ལོ་མ་ཡལ་ག་དང་བྲལ་བ་བཞིན་རླུང་གིས་གནས་ངེས་མེད་དུ་ཁྱེར་ཅིང་མཐར་རྙིད་པར་འགྱུར་བའི་ཆོས་ཉིད་དང་གཉིས་སུ་མེད་དོ།།

     དེ་ན་ཤེས་རབ་གང་དུ་ཡོད། མིའི་ཤེས་རབ་ཅི་ལྟར་བསྐྱེད་དམ། 

     སྤྱིར་དྲི་བ་ལ་དཀའ་སླའི་རིགས་མང་བོ་ཡོད་ཀྱང་། ལན་རེར་དྲི་བ་དཀའ་མོར་མཐོང་བ་གང་དེའི་ཡང་དག་གི་དྲིས་ལན་ནི་ཧ་ཅང་སླ་མོ་ལྟ་བུར་གནས་དུས་ཀྱང་ཡོད་དེ། དཔེར་ན་ཤེས་རབ་གང་དུ་ཡོད་དང་། ཤེས་རབ་ཅི་ལྟར་བསྐྱེད་དམ་ཞེས་པར། ངས་ནི་ཐད་ཀར་དུ་དཔེ་ཆ་རུ་ཡོད་དང་། དཔེ་ཀློག་གིས་ཁྱེད་ལ་ཤེས་རབ་བསྐྱེད་ཐུབ། ཅེས་བརྗོད་ན་འདོད། དོན་ལའང་དེ་འདྲ་མིན་ནམ་ཅི།

      འཇིག་རྟེན་འདིར་གནའ་ནས་ད་ལ་ཐུག་གི་བར་དུ། ཤེས་རབ་ཅན་གྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་མྱོང་ཡོད་ངེས་རེད། ཡུལ་དུས་ངེས་མེད་དུ། ཁོ་ཚོས་མཚར་སྡུག་དང་རིན་ཐང་གིས་ཁེངས་པའི་མི་ཚེ་རེ་བསྐྱལ་མྱོང་ཡོད་ངེས་རེད། ཡིན་ཡང་དེ་དག་ཡོད་ཚད་དཔེ་ཆ་དང་བྲལ་བ་གང་དུ་ཡང་ཡོད་མི་སྲིད། མ་ཟད་དཔེ་ཆ་སྲོག་བཞིན་གཅེས་ཤིང་། དཔེ་ཆ་ལས་རང་གི་ཤེས་རབ་འཕེལ་བའི་རྒྱུ་མང་དུ་བསགས་ཏེ། མཐར་འཇིག་རྟེན་འདིའི་མི་རྣམས་ལ་བརྗེད་དུ་མི་རུང་བའི་བྱས་རྗེས་ཀྱང་རླབས་ཆེན་མང་པོ་བཞག་མྱོང་ཡོད། དེ་ནི་དཔེ་ཆའི་རིན་ཐང་རེད། དེ་ནི་ཤེས་རབ་ཀྱི་ཕན་ནུས་རེད། ང་ཚོ་དཔེ་ཆ་དང་འབྲལ་བ་ནི་དོན་དུ་ཤེས་རབ་དང་བྲལ་བ་ཡིན། ཤེས་རབ་དང་བྲལ་བའི་མི་ཚེ་ནི་ཉི་འོད་དང་བྲལ་བའི་མེ་ཏོག་ཅིག་གི་ལང་ཚོ་རྙིད་པ་དང་གཉིས་སུ་མེད། དེ་བས། ང་ཚོ་དཔེ་ཀློག་ལ་གོམས་ན་འགྲིག ང་ཚོ་ཤེས་རབ་ལྡན་པའི་མི་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ན་འགྲིག དེ་བཞིན་ང་ཚོས་རང་གི་ཤེས་རབ་ཀྱི་འོད་སྣང་དེ་ཡིས་ཤེས་རབ་བོར་བའི་སྐྱེ་བོ་གང་མང་ཞིག་གི་ཤེས་རབ་བོར་བའི་སྡུག་བསྔལ་ཡང་བསལ་ཆོག ཆེ་ས་ནས་བཤད་ན་འདི་ཡང་དགེ་བའི་ལས་རྒྱ་ཆེན་པོ་ཞིག་ཀྱང་ཅི་ལ་མིན། 

       དཔེ་ཀློག་གི་བྱ་བ་འདི་ཉིད་ཅིས་ཀྱང་རིན་ཐང་ཞིག་ཏུ་སྒོམས་རོགས་ཞུ། དཔེ་ཆ་དང་མི་འབྲལ་བའི་མིས་ད་གཟོད་རང་གི་རིན་ཐང་ངོས་ཟིན་ངེས་རེད། དཔེ་ཆ་དང་མི་འབྲལ་བའི་མིས་ད་གཟོད་འཚོ་བཅུད་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ་ངེས་རེད། དཔེ་ཆ་དང་མི་འབྲལ་བའི་མིས་ད་གཟོད་དུས་ནམ་ཞིག་གི་ཚེ་ན། རང་གི་ཤེས་རབ་ཀྱིས་གཞན་ལ་འོད་སྣང་སྩོལ་ཐུབ་པར། ཀུན་གྱིས་ཡིད་ཆེས་གནང་ཆོག་ཆོག་ཡིན་ནོ།།

       འདི་ལྟར་བྱས་ན་ད་གཟོད་ང་ཚོས་མི་ཚེའི་རིན་ཐང་གི་སྙིང་བོ་རྟོགས་ཐུབ་ཅིང་། གཞོན་པའི་མཚར་སྡུག་གི་ལོ་ཟླ་ཡང་ཆུད་གཟོན་པར་མི་བྱའོ། །

2020ལོའི་ལོའི་ཟླ་དགུ་བར་བྲིས་ཤིང་། 2021ལོའི་ཟླ་དྲུག་པའི་བར་དུ་ཡང་ཡང་བཅོས་མཐར་སྦྱར་བའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41148590
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1