སྙན་ངག་གྲགས་ཅན《སྤྲིན་གྱི་ཕོ་ཉ》ངོ་སྤྲོད་དང་མྱོང་ཟིན་ཉུང་ངུ་བརྗོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྙན་ངག་གྲགས་ཅན《སྤྲིན་གྱི་ཕོ་ཉ》ངོ་སྤྲོད་དང་མྱོང་ཟིན་ཉུང་ངུ་བར
སྙན་ངག་གྲགས་ཅན《སྤྲིན་གྱི་ཕོ་ཉ》ངོ་སྤྲོད་དང་མྱོང་ཟིན་ཉུང་ངུ་བརྗོད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2021/11/8ལྟ་ཀློག (28991)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྙན་ངག་གྲགས་ཅན《སྤྲིན་གྱི་ཕོ་ཉ》ངོ་སྤྲོད་དང་མྱོང་ཟིན་ཉུང་ངུ་བརྗོད་པ།

རྩོམ་འབྲི་པ། བསམ་གཏན་བཀྲ་ཤིས།


མཛད་པ་པོའི་ལོ་རྒྱུས།

       དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་མཁས་པའི་ཁྲོད་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཞིང་མཆོད་ཁ་ཡི་ཁ་བཏགས་འཐེན་པའི་བརྩམས་ཆོས་གྲགས་ཅན《སྤྲིན་གྱི་ཕོ་ཉ》ཞེས་པའི་སྙང་ངག་འདིའི་མཛད་པ་པོ་ནི་སློབ་དཔོན་ཀྰ་ལི་དྰ་སའམ་ནག་མོ་ཁོལ་ཞེས་འཛམ་གླིང་དུ་སྙན་པའི་གྲགས་པ་ས་ཆེན་དུ་ཁྱབ་པའི་རྒྱ་གར་གྱི་གནའ་བོའི་སྙན་ངག་མཁན་དང་ཟློས་གར་མཁས་ཅན་ཞིག་ཀྱང་ཡིན་པར་གྲགས། མང་པོ་ཞིག་གིས་ཁོང་ནི་རྒྱ་གར་གྱི་ཀུབྷེའི་རྒྱལ་རབས་སུ་བྱོན་པར་བཞེད་ལ། འཁྲུངས་འདས་ཀྱི་ཐད་ལ་སྤྱིར་རྒྱ་གར་གྱི་མཁས་པ་གང་ཡིན་ཡང་ལོ་ཚིགས་ལ་འདོད་ཚུལ་མང་བ་ལ་གཏན་འཁེལ་ལེགས་པོ་ཞིག་མེད་པ་བཞིན་གཞུང་འདིའི་རྩོམ་པ་པོའི་འཁྲུངས་འདས་ཀྱི་ཐད་ལ་འདོད་ཚུལ་མང་བས་ད་སྔོན་གཏན་འཁེལ་བ་ཞིག་བྱུང་མེད།

     《ཨ་ཡེ་ཧོལ་གྱི་རྡོ་རིང་གི་ཡི་གེ》རུ་སྙན་ངག་ནག་མོ་ཁོལ་དང་བྷྰ་ར་ཝི་གཉིས་ཀྱི་མིང་བྱུང་ཞིང་། སྤྱི་ལོ(630)ལོར་སྙན་ངག་མཁན་བྰཎབྷཏྟའམ་ནམ་ནག་གི་རྗེ་བོ་བྱ་བས་བརྩམས་པའི་《ཧརྴ་ཙ་རི་ཏྲ་》 སྟེ་དགའ་བའི་ལྷའི་སྤྱོད་པ་ཞེས་པར་ནག་མོ་ཁོལ་གྱི་སྙན་ངག་ལ་བསྔགས་བརྗོད་བྱས་ཡོད་སྐད།  མནྡ་ས་རའི་ཉི་མའི་ལྷ་ཁང་གི་རྡོ་རིང་ངོས་སུ་སྙན་གྲགས་ཆེར་མེད་པའི་སྙན་ངག་པ་བིཏྶ་ཊ་ཞེས་པ་ཞིག་གིས་སྙན་ངག་ཅིག་བྲིས་ཡོད་པ་དེ་ཚིག་སྦྱོར་མཛེས་པ་ནག་མོའི་ཁོལ་དང་འགྲན་ནོ་ཞེས་བྲིས་ཡོད་པར་བཤད་པས་རྡོ་རིང་དེ་ནི་སྤྱི་ལོ(༤༧༣)ལ་བསླངས་པའི་ཕྱིར་རོ། །

      དེང་སྐབས་མཁས་པ་མང་པོའི་འདོད་ཚུལ་ནི་དུས་རབས་བཞི་པའི་ཕྱེད་ཕྱི་མ་ནས་དུས་རབས་ལྔ་པའི་ཕྱེད་སྔ་མའི་བར་དུ་བཞེད་ལ།  འཁྲུངས་ཡུལ་ཀསྨིར་བྱ་བ་དང་།  ལ་ལ་ཞིག་གིས་ལྷ་མོ་ལ་མཆོད་པས་བྷ་གྷ་ལའི་ཡུལ་དུ་འཁྲུངས་པར་འདོད་མཁན་ཡང་ཡོད།  

      གང་ལྟར་རིགས་རྒྱུད་ཀྱི་ཆ་ནས་བྲམ་ཟེའི་རིགས་སུ་སྐྱེས་ཤིང་ཆུང་དུས་དྭ་ཕྲུག་ཏུ་ལུས་པས་བ་གླང་རྫི་བོ་བྱས་ཏེ་ནར་སོན།  ཁོང་ནི་གཟུགས་བྱད་བཟང་བ་ཞིག་ཡོད་ཀྱང་ཤེས་པ་རྨོངས་པ་ཅན་ཞིག་ཡོད་ཚེ། བྲམ་ཟེ་མཆོག་སྲེད་བྱ་བས་རང་ཉིད་རྒྱལ་བོ་བྷོཛའི་བུ་མོ་དཔྱིད་ལྡན་མ་བྱ་བས་མ་འདོད་པར་འཁོན་ལན་སློག་ཆེད་ཡུལ་ཁམས་མང་བོར་བཙལ་བས་སྐབས་དེར་ཁོང་གིས་གནག་རྫི་འཚོས་ནས་རང་ཉིད་སྡོང་བོའི་ཡལ་གར་འགོས་ཏེ་རྩ་བ་སྟ་རེས་གཅོད་བཞིན་པ་མཐོང་བས་ཤིན་ཏུ་བླུན་པར་ཤེས་ནས་ཐབས་སྣ་ཚོགས་ཀྱིས་ཁྲིད་དེ་ཉིན་མང་པོར་འོ་མའི་ནང་ཁྲུས་བྱས་ཤིང་པཎྡ་ཊིའི་ཆ་ལུགས་སུ་བཅོས་ཏེ་རྒྱལ་བློན་འཁོར་གྱི་དབུས་སུ་རྒྱལ་པོའི་མེ་ཏོག་གི་ཕྲིང་བ་ཕུལ་ཞིང་སྔོན་ཟླ་འགའ་བསླབས་པའི་ཨོཾ་སྭ་སྟི་བྱ་བའི་ཤིས་བརྗོད་དེའང་། མི་ཚོགས་ཀྱི་ཁྲོད་ནས་ཁ་ནོར་སྟེ་ཨུཤཊཾ་སྟེ་མོ་མཚན་ཞེས་ནོར་བས་ཀུན་གྱིས་འཕྱས་པར་བྲམ་ཟེས་ཁ་དྲངས་ཏེ་དེ་ལ་འགྲེལ་བ་གཞན་བྱས། དེ་ནས་དཔྱིད་ལྡན་མས་སྒྲའི་སྐོར་གྱི་དྲི་བ་འགའ་དྲིས་ཀྱང་བྲམ་ཟེ་མཆོག་སྲེད་ཀྱིས་ཁོ་བོའི་སློབ་དཔོན་མཁས་པ་ཆེན་པོ་ཡིན་པས་བུད་མེད་ཚོའི་དྲི་བ་འདི་དག་ལ་ལན་ཅི་ལ་འདེབས་ཞེས་བསླུས་རྗེས་ཁོ་རང་ཉིད་རྒྱ་གར་ལྷོ་ཕྱོགས་སུ་བྲོས་སོ། །

     སྲས་མོས་མག་པ་དེ་ལྷ་ཁང་དང་གཙུག་ལག་ཁང་དག་ཏུ་ཁྲིད་དེ་གསུང་རབ་དང་དཔེ་མཛོད་མང་པོ་བསྟན་ཀྱང་དེར་དོ་སྣང་དང་གཙིག་ཆེན་མི་བྱེད་ཅིང་།  ལྡེབས་རིས་ཤིག་ཏུ་བ་གླང་གི་གཟུགས་བྲིས་པ་མཐོང་བས་སྔོན་དང་མི་འདྲ་བར་དགའ་དད་ཆེན་པོས་དེ་ལ་ལྟ་བའི་སྣང་ཚུལ་དེ་མཐོང་འཕྲལ་རང་ཉིད་བྲམ་ཟེས་བསླུས་པ་ཤེས།(འདོད་མཁན་གཞན་རྒྱལ་པོའི་བུ་མོའི་ཁྱིམ་ཐབ་ཏུ་ཕུལ་ཀྱང་།  བླུན་པོ་ཡིན་པ་ཤེས་ནས་ཆུང་མས་བརྙས་ཤིང་སྨད་པས་ནགས་སུ་ཕྱིན་ཏེ་དབང་ཕྱུག་གི་ཆུང་མ་ཀྰ་ལིའང་ནག་མོའི་སྐུ་བརྙན་ཞིག་ཡོད་པ་གསོལ་བ་ཤུགས་དྲག་ཏུ་བཏབ་པས།  མཆོག་ཐོབ་སྟེ་བློ་གྲོས་ཞེས་ཟེར།) དཔྱིད་ལྡན་མ་རང་གིས་སྒྲ་བསླབས་ཀྱང་མ་ཤེས།མཚན་མཁན་གྱིས་ཀྱང་འདིས་སྒྲ་ཤེས་པར་མི་འགྱུར་རོ་ཞེས་ལུངས་བསྟན།  དེ་ནས་དཔྱིད་ལྡན་མས་མེ་ཏོག་གི་མཆོད་པ་ལྷ་མོ་ནག་མོའི་སྐུ་བརྙན་ཞིག་ཡོད་པར་ཕུལ་དུ་བཅུག་སྟེ་ནམ་ཉི་མ་ཞིག་ཏུ་དངོས་གྲུབ་མི་སྩོལ་བར་འདུག་ཅེས་སྒྱིད་ལུག་པའི་ཚེ་དཔྱིད་ལྡན་མས་གཡོག་མོ་ཞིག་མངགས་ཏེ་རྡོ་སྐུའི་རྒྱབ་ནས་བསྐུངས་ཤིང་གླང་རྫི་ཡོང་སྟེ་ང་ལ་དངོས་གྲུབ་སྩོལ་ཅིག་ཟེར་བཞིན་མེ་ཏོག་ཕུལ་བ་དང་།  གཡོག་མོས་(འགའ་རེས་དཔྱིད་ལྡན་པ་མོ་རང་ཟེར་མཁན་ཡང་ཡོད།)རྒྱབ་ནས་ལ་དུ་ཞིག་བྱིན་པས་གནག་རྫི་དེ་ཉིད་ལྷ་མོས་དངོས་སུ་གནང་བ་ཡིན་པར་སྙམ་པས་དགའ་དད་རྣམ་དག་གིས་དངོས་གྲུབ་ཐོབ་སྟེ་དེ་མ་ཉིད་དུ་རང་ཤུགས་ཀྱིས་ངག་ནས་ཚིག་བཅད་རྩོམ་པར་དཔྱིད་ལྡན་མ་ཡང་ཧ་ཅང་དགའ་ནས་ཁོང་གི་མཚན་ལ་ཡང་ལྷ་མོ་ནག་མོས་རྗེས་སུ་བཟུང་བས་ནག་མོ་ཁོལ་ཞེས་ཐོགས་སྐད།  ནམ་ཞིག་གི་ཚེ་རྒྱལ་པོའི་ཕོ་བྲང་ནང་གི་བློན་པོ་གཞན་ཕྲག་དོག་གི་དབང་དུ་སོང་སྟེ།  དབྱེན་གྱི་སྦྱོར་བ་བཤམས་ཏེ་སློབ་དཔོན་ཁོང་རྭ་མའི་རི་བོར་སྤྱུགས་པས་ཡུལ་དུ་ལུས་པའི་སྙིང་གི་མཛའ་མོ་དཔྱིད་ལྡན་པ་དྲན་དྲགས་ཏེ་ “སྤྲིན་གྱི་ཕོ་ཉ”་ཞེས་གྲགས་པའི་ཡིད་བརྗོད་སྙན་ངག་གྲགས་ཅན་འདི་བརྩམས།   

 བརྩམས་ཆོས་མཚམས་སྦྱོར།

     དེ་ཡང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི《སྙན་ངག་སྤྲིན་གྱི་ཕོ་ཉ་》ཞེས་གྲགས་པའི་བརྩམ་ཆོས་འདི་ནི་དུས་རབས་བཞི་བའི་ནང་བརྩམས་པར་གྲགས་ལ། སློབ་དཔོན་རང་ཉིད་རྒྱལ་པོས་ས་མཐར་སྤྱུགས་ཏེ་ར་མའི་རི་བོར་འབྱོར་རྗེས་སྙིང་ནས་བརྩེ་བའི་རང་གི་མཛའ་མོ་དཔྱིད་ལྡན་མ་དྲན་དྲགས་ཏེ།  ཤ་ཟད་རུས་ལ་ཐུག་པའི་སྐབས།དབྱར་ཆར་ལྡན་གྱི་དུས་དེར་ལྷོ་ནས་བྱང་གནོད་སྦྱིན་གྱི་ཕྱོགས་སུ་སྤྲིན་པ་དལ་བ་དལ་བོར་ར་མའི་རི་རྩེ་ནས་རྒྱུ་བ་མཐོང་འཕྲལ་རང་གི་དྲན་གདུང་མཐའ་དག་སྦ་གསང་མེད་པར་སྤྲིན་ལ་སེམས་ལྡན་འཕྲིན་འཁྱེར་བའི་མི་ཞིག་ལྟར་དེ་ལ་ངོ་བསྟོད་དང་བཅས་ནག་མོ་ཁོལ་རང་གི་དགའ་མ་དྲན་པའི་སྙིང་གཏམ་དང་ཁོ་རང་གི་གནས་བབས་དག་ལྷུག་པོར་བརྗོད་ཡོད།

    ཡུལ་གྱི་བརྩེ་ལྡན་མ་དེ་ཉིད་ཕོ་སྐྱེས་བདག་དྲན་དྲགས་ཏེ་སྲོག་འབྲལ་སྲིད་པས་རང་ཉིད་བདེ་ཡོད་ཅེས་པའི་གཏམ་འདི་སྙིང་ཉེ་བའི་དཔྱིད་ལྡན་མའི་ཕྱོགས་སུ་རྒྱུ་བའི་སྤྲིན་པར་སྐུར་ཐུབ་པ་ནི་དགའ་རིགས་ཤིག་ཡིན་ཏེ་སྐབས་དེར་ཁོ་ནི་སྙིང་ཉེ་གང་ཉིད་དྲན་གདུང་བཙན་པོས་བཟི་སྟེ་སེམས་ལྡན་ལྟ་ཅི་སེམས་མེད་བེམ་པོའི་རིགས་ལའང་ངག་ནས་རང་དབང་མེད་པར་ས་བཤད་རྡོ་བཤད་ཅེས་པ་ལྟར་བྱེད་ཀྱིན་པའི་ཚོད་ལ་བསླེབས་ཡོད་པའི་ཕྱིར་རོ། །

   《འཛམ་གླིང་རྩོམ་རིག་གནད་བསྡུས་》ལས།“སྤྲིན་གྱི་ཕོ་ཉ་ནི།  རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་ཡིད་འགྱུར་སྙན་རྩོམ་རིང་མོ་ཐོག་མ་དེ་ཡིན་པ་དང་། དེས་ཡིད་འགྱུར་སྙན་ངག་གི་ཁྱད་ཆོས་གང་ལེགས་འདོན་སྤེལ་བྱས་ཡོད་དེ། ཟོལ་མེད་ཤུགས་ཆེའི་བརྩེ་སེམས་དང་། ཕུན་སུམ་ཚོགས་ལ་ཡ་མཚན་གྱི་འཕྲུལ་རྟོག་ཡིད་དུ་འོང་ལ་གནད་དུ་འཁེལ་བའི་དཔེ། སྡེབ་ལེགས་པའི་གདངས་དབྱངསས་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། གནའ་བོའི་རྒྱ་གར་གྱི་ཡིད་འགྱུར་སྙན་ངག་གི་སྒྱུ་རྩལ་གྱི་གྲུབ་འབྲས་ཆེ་ཤོས་ཀྱི་བྱ་ཐུབ།”ཅེས་བྱུང་།

     འདིའི་རྩོམ་ལུས་ནི་གནའ་བོའི་སྲོལ་རྒྱུན་གྱིས་ཚིགས་སུ་བཅད་པའི་ལུས་ཁོ་ནར་གཏོགས་པ་ཞིག་ཡིན་ཞིང་།  མེ་ལོང་མ་ལས་བྱུང་བའི་དཔེ་རྒྱན་མང་ཞིང་། གཟུགས་རྒྱན། བསྡུས་བརྗོད་ཀྱི་རྒྱན།  ཕུལ་བྱུང་གི་རྒྱན། རབ་རྟོག་གི་རྒྱན། དགའ་བའི་རྒྱན། ཉམས་ལྡན་གྱི་རྒྱན། རབ་སྤེལ་གྱི་རྒྱན་སོགས་ཀྱིས་སྤུད་དེ་གང་གླེང་བྱའི་དོན་དེ་ངོ་མཚར་ཞིང་ཡིད་འགུལ་ཐེབས་ཐུབ་པའི་ཚོར་བ་ཤུགས་དྲག་ཐོན་པར་བྲིས་འདུག

     མཚོན་ཐབས་ཀྱི་ཆ་ནས་སྲོལ་རྒྱུན་སྙན་ངག་གི་རོ་ཕུན་སུམ་ཚོགས་པ་མ་ཟད་དེང་རབས་སྙན་ངག་གི་ཁྱད་ཆོས་ཀྱང་ཡོད་པར་སྙམ།

     གྲངས་ཚད་ཀྱི་ཆ་ནས།  སྤྲིན་གྱི་ཕོ་ཉའི་ལེགས་སྦྱར་གྱི་མ་རྩོམ་དངོས་ལ་ཚིགས་བཅད་བརྒྱ་དང་བཅོ་ལྔ་ཡོད་པར་བཤད་ཀྱང་།  བོད་འགྱུར་མ་ལ་ཤོ་ལོ་ཀ་བརྒྱ་དང་བཅུ་བདུན་འདུག  སྤྱིར་སློབ་དཔོན་ཁོང་གི་བརྩམ་ཆོས་ལ། 《མེགྷདྰུཏ།》  《རགྷའི་གདུང་རིགས།》 《རགྷུ་ཝཾཤ།》  《གཞོན་ནུ་འབྱུང་བ།》 《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》 དེ་ལས་སྤྲིན་གྱི་ཕོ་ཉ་ནི་ཕལ་ཆེར་ཁོང་གིས་བརྩམ་ཆོས་ཁྲོད་མཆོག་ཏུ་གྱུར་བར་རྩི་ལ། སྤྱི་ལོ་༡༧༨༩ལོར་དབྱིན་སྐད་དུ་བསྒྱུར་བས་ཁོང་ལ་མཚན་སྙན་ཆེན་པོ་ཐོབ་སྐད། ༡༧༩༡ལོར་འཇར་མན་གྱི་སྐད་བསྒྱུར། དེའི་མཁས་པའི་ཁྲོད་ནས་ཀྱང་བསྟོད་བསྔགས་མང་པོ་ཐོབ། ༡༩༣༧ཙམ་ལ་རྒྱ་འགྱུར་ཞུས་ཡོད་ལ།ད་དུང་རྒྱ་འགྱུར་ལ་འགྱུར་མི་འདྲ་བ་ཉི་ཤུ་ནང་ཡོད་པར་གྲགས། སྙན་གྲགས་ཅན་གྱི་བརྩམ་ཆོས་འདི་འཛམ་གླིང་སྐད་རིགས་གཞན་དུ་བསྒྱུར་བ་མང་དུ་ཡོད་པ་ལས་འགྱུར་ཆེས་སྔ་ཤོས་ནི་བོད་འགྱུར་ཏེ། ས་སྐྱ་བའི་སྐབས་སུ་ས་སྐྱའི་དཔོན་ཆེན་ནམ་མཁའ་བརྟན་པས་བདག་རྐྱེན་སྦྱར་ཏེ་ཁ་ཆེའི་པཎྡི་ཏ་སིམནཤྲྰིདང་བོད་ཀྱི་ལོ་ཙྰ་བ་དགེ་སློང་བྱང་ཆུབ་རྩེ་མོ་དང་།  སྒྲ་བ་ནམ་མཁའ་བཟང་པོ་བཅས་ཀྱིས་ས་སྐྱའི་གཙུག་ལག་ཁང་དུ་སྤྱི་ལོ་༡༣༤༠ལོར་བོད་འགྱུར་གནང་། བོད་འགྱུར་འདི་ནི་དོན་བསྒྱུར་གཙོ་བོ་གནང་ཡོད་ལ།ཁྱོན་ཤོ་ལོ་ཀ་བརྒྱ་དང་བཅུ་བདུན་ཡོད་པ་རྣམས་ཚེག་བར་གྱི་ཆ་ནས་མང་ཤོས་བཅུ་དགུ་ཅན་ཡིན། ཚིག་སྦྱོར་གྱི་དབང་གིས་ཚེག་བར་ཉེར་གཅིག་ཅན་དང་བཅུ་བདུན་ཅན་སོགས་མི་འདྲ་བ་འགའ་རེ་ཡོད་ལ་མང་ཉེར་གཅིག་ཅན་ཡིན།བསྟན་བཅོས་ཧྲིལ་བོར་ཚིག་རྐང་བཞི་བརྒྱ་དང་དྲུག་བཅུ་རེ་བརྒྱད་ཡོད།

    འགྱུར་སྤུས་ཚད་ཀྱི་ཆ་ནས་དགེན་གྱི་ལིང་འཇིགས་མེད་མཆོག་གིས་“བོད་གྱུར་འདི་ནི་ཚིག་གི་སྦྱོར་བ་སོགས་གང་གི་ཆ་ནས་ཀྱང་རྒྱ་འགྱུར་དང་བསྡུར་ན་འགྱུར་འདི་ནི་ཆེས་རྨད་དུ་བྱུང་བའི་འགྱུར་བཟང་ཤོས་ཤིག་ཡིན་པ་ནི་ཁོ་བོས་ལན་དུ་མར་བསྡུར་བ་ལས་བྱུང་བའི་མྱོང་བའོ་”ཞེས་གསུངས་ཡོད།

    བསྟན་བཅོས་འདི་ལ་སྤྲིན་སྔ་མ་དང་ཕྱི་མ་གཉིས་འབྱུང་ལ།  སྤྲིན་སྔ་མ་ནི་ཤོ་ལོ་ཀ་དང་པོ་རྗེ་“བོ་ཁྲོས་པ་ཤིན་ཏུ་ལྕི་བའི་དཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་། །ཞེས་པ་སྟེ།ནག་མོ་ཁོལ་རང་ཉིད་རྒྱལ་པོའི་ཁབ་ཏུ་སྤྱུགས་པ་ནས་ཤོ་ལོ་ཀ་དྲུག་བཅུ་རེ་གསུམ་པ་ཀྭ་ཡེ་འདོད་བཞིན་རྒྱུ་བྱེད་ཁྱོད་ནི་དེ་ལས་བརྒལ་ཚེ་ལྕང་ལོ་ལྡན་མ་ཤེས་པར་འགྱུར་ཞེས་པའི་བར་ཕོ་ཉ་དེ་ཉིད་གང་ལ་འགྲོ་བའི་ལམ་གྱི་རིམ་པ་སྟེ།རྭ་མའི་རི་བོ་ནས་ནུབ་ཕྱོགས་ཏམ་ཤའི་གྲོང་ཁྱེར་གྱི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཨུརྫུ་ཡ་ན་དང་།དེ་ནས་བྱང་དུ་སོང་ནས་གྲོང་ཁྱེར་ད་ཤ་དང་མ་ཧྰ་བྷ་ར་ཏ་འབབ་པའི་ཡུལ་རི་བོ་གངས་ཅན་སོགས་བསླེབ་པར་འགྱུར་ཞེས་ཡུལ་དེ་དག་གི་མཛེས་སྡུག་ལྡན་པའི་རང་བྱུང་རི་ཆུ་དང་ནགས་ཚལ་གངས་རིའི་ཁོར་ཡུག་དང་གནམ་གཤིས་ཀྱི་འགྱུར་བ། ཡུལ་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་དད་མོས་སོགས་གསལ་བོར་བྲིས་ཡོད་ལ།དེ་དག་ནི་འབྲེལ་མེད་དོན་བཞིན་ལྟ་བུ་མ་སོང་པར་བསམ་བཞིན་རྩོམ་པ་པོའི་དྲང་གདུང་སོགས་ལ་བརྒྱ་འགྱུར་གྱིས་ནུས་པ་ཐོན་པའི་མཐུན་རྐྱེན་སྦྱར་ཡོད།  

      སྤྲིན་ཕྱི་མ་ནི་བྱང་ཕྱོགས་ལྕང་ལོ་ཅན་གྱི་རྒྱལ་པོའི་ཕོ་བྲང་ཕྱི་ནང་གི་ངོ་མཚར་པའི་བཀོད་པ་དང་རང་གི་གཅེས་པའི་ཆུང་མ་གང་དུ་ཡོད་པའི་གནས་ཞིབ་ཏུ་བྲིས་ཤིང་། དྲན་གདུང་གིས་མནར་བའི་རང་གི་དགའ་མ་དེར་སེམས་གསོ་ཇི་ལྟར་བྱེད་ཚུལ་དང་ནག་མོ་ཁོལ་ཁོ་བོ་དཀའ་སྡུག་གིས་ཅི་ལྟར་བཙིར་ཡང་ཁྱོད་འཕྲད་པའི་རེ་བས་གསོན་ཡོད་ལ།ད་ནི་རྒྱལ་པོའི་བཀའ་ལུང་རྫོགས་ལ་ཉེ་བས་ང་རང་ཁྱོ་ཤུག་གཉིས་མི་རིང་བར་འཕྲད་པར་འགྱུར་བས་ཁྱོད་ཀྱིས་བཟོད་བསྲན་གནང་ཞེས་པའི་འཕྲིན་དངོས་གཞི་དང་བཅས་བརྗོད་འདུག


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45489533
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1