རྣམ་འགྲེལ་ལེའུ་གཉིས་པའི་བདེན་​བཞིའི་སྐབས་ཀྱི་ཟིན་བྲིས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 29 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» ནང་བསྟན་གྲུབ་མཐའ། »རྣམ་འགྲེལ་ལེའུ་གཉིས་པའི་བདེན་​བཞིའི་སྐབས་ཀྱི་ཟིན་བྲིས།
རྣམ་འགྲེལ་ལེའུ་གཉིས་པའི་བདེན་​བཞིའི་སྐབས་ཀྱི་ཟིན་བྲིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2021/12/26ལྟ་ཀློག (5941)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །རྣམ་འགྲེལ་ལེའུ་གཉིས་པའི་བདེན་བཞིའི་སྐབས་ཀྱི་ཟིན་བྲིས།

རྒྱལ་བའི་གསང་གསུམ་འཕྲིན་ལས་ཆུ་གཏེར་གཡོ་བ་དག།།

ཀླུ་སྒྲུབ་མཐའ་བྲལ་རྟེན་འབྱུང་རིགས་པས་དཔྱད་པ་ན། །

བདེན་འཛིན་སྤྲོས་པ་བྲལ་བའི་ཡང་དག་ལྟ་བ་དེ། །

སྐལ་ལྡན་གདུལ་བྱར་སྟོན་མཁས་བླ་མ་དེར་འདུད་དོ། །

འཕགས་ཡུལ་གཞུང་བརྒྱའི་ལེགས་བཤད་ཆུ་འཛིན་གཡོ་བ་ལས། །

ཐུབ་པའི་མདོ་རྒྱུད་བཞད་པའི་ས་འཛིན་སྒེག་མོ་ལ། །

ཐབས་ཤེས་སྣང་སྟོང་ཟུང་དུ་འཇུག་པའི་ལམ་བཟང་པོའི། །

དམ་ཆོས་བདུད་རྩི་བདེན་པའི་ཆར་ཆེན་དབབ་དུ་གསོལ། །

འཆད་པས་སྲིད་གསུམ་གཅིག་ཅར་དབང་དུ་སྡུད་མཁས་པ། །

རྩོད་པས་རྣམ་དཔྱོད་རིགས་པས་རྒོལ་ངན་འཇོམས་མཛད་པ། །

རྩོམ་པས་སྒྲ་དབྱངས་ལྷ་མོའི་གསུང་གིས་དབང་བསྒྱུར་བས། །

འཆད་རྩོད་རྩོམ་པའི་བློ་གྲོས་རྒྱ་མཚོའི་ཆུ་གཏེར་བསྩོལ། །

 

      བདེན་བཞིའི་གནས་ལུགས་རང་དབང་དུ་སྟོན་པས་སྐྱོབ་པར་བསྟན་པ་དང། བསྟན་པ་གསུང་རབ་ཀྱི་དོན་བདེན་བཞི་གཏན་ལ་དབབ་པའོ། །དང་པོ་ནི། རྩ་བ། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །དེ་ལྟར་ལུགས་འབྱུང་གིས་སྟོན་པ་ལམ་གང་ནས་གཤེགས་པའི་ཚུལ་བསྟན་པ་ལས་ཡང་ན། དེ་ལྟར་གཤེགས་པའི་ཤེས་བྱེད་ཀྱི་གཏན་ཚིགས་ཡང་དག་ལུགས་ལྡོག་གི་སྒོ་ནས་སྟོན་ཞེས་པའོ། །ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། གྲོལ་བ་དོན་གཉེར་ལ་བདེན་པ་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པ་སྟོན་པའི་མཛད་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པ་བསྟན་པ་རྟོགས་ན་བདེན་བཞིའི་གནས་ལུགས་རྟོགས་པ་ཡིན་མིན་དང་། ལུང་དེའི་བསྟན་དོན་ལ་མི་སླུ་བ་རྟོགས་ན་བསྟན་དོན་རྟོགས་དགོས་མིན་སོགས་དཔྱད་བྱ་མང་པོ་ཡོད།  

     གཉིས་པ་བསྟན་པ་གསུང་རབ་ཀྱི་དོན་བདེན་བཞི་གཏན་ལ་དབབ་པ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་སྤྱིའི་དོན་ལ་བདེན་བཞིའི་གྲངས་ངེས་པ་དང་། གོ་རིམ་ངེས་པ། མཚན་གཞི་དང་། དེ་ཉིད་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་འཁོར་བ་ལ་འཇུག་ལྡོག་གི་རིམ་པའི་དབང་དུ་བྱས་ན་ཀུན་ཉོན་རྒྱུ་འབྲས་གཉིས་དང་། རྣམ་བྱང་རྒྱུ་འབྲས་གཉིས་ལས། དང་པོ་ནི་འཁོར་བ་ལ་རྒྱུ་འཆིང་བྱེད་ཀུན་འབྱུང་བདེན་པ་དང་འབྲས་བུ་བཅིངས་པ་སྡུག་བདེན་གཉིས་སུ་ངེས་སོ། །ཞེས་གསུངས་པ་ལ་ལྷག་བཅས་དགྲ་བཅོམ་པའི་ཕུང་པོ་ཆོས་ཅན། འཁོར་བ་ཡིན་པར་ཐལ། དེ་གཉིས་པོ་གང་རུང་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བ་མ་ཡིན་པར་ཐལ། འཁོར་བའི་དངོས་གཉེན་རྒྱུད་ལ་ལྡན་པའི་དགྲ་བཅོམ་པའི་ཕུང་པོ་ཡིན་པའི་ཕྱིར། སྡུག་ཀུན་གང་རུང་ལ་འཁོར་བ་མི་དགོས་ཏེ། ཕྱིའི་སྡུག་བདེན་ལ་འཁོར་བ་མི་དགོས་པའི་ཕྱིར། འདིར་དགྲ་བཅོམ་པ་ལ་འཁོར་བ་སྤངས་པ་དང་མ་སྤངས་པ་གཉིས་འཇོག་སྟེ། ཀུན་མཁྱེན་ཕར་ཕྱིན་ལས། འཁོར་བ་སྤངས་པའི་དགྲ་བཅོམ་པ་ཆོས་ཅན། ཞེས་པའི་ཚིག་གིས་ནུས་པས་འཁོར་བ་མ་སྤངས་པའི་དགྲ་བཅོམ་པ་ཡོད་པར་འགྲུབ་འདུག  ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་ཡིན་ན་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་འཁོར་བ་ཡོད་པར་ཐལ། ནང་གི་སྡུག་བདེན་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་བསྡུས་པའི་ཕུང་པོ་དེ་འཁོར་བ་ཡིན་པའི་ཕྱིར། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་སྐབས་ནས་བསྟན་པའི་འདིར་བསྟན་འཁོར་བ་ལ་ལས་ཉོན་གྱིས་རང་དབང་མེད་པར་རྒྱུན་རིང་པོར་འཇུག་པ་ཞིག་དགོས་ཀྱང་སྤྱིར་འཁོར་བ་ལ་དེ་ལྟར་མི་དགོས། རྗེ་བཙུན་ཕར་ཕྱིན་སྤྱི་དོན་ལས། ལས་དང་ཉོན་མོངས་པའི་དབང་གིས་རྒྱུན་རིང་པོར་ཉིང་མཚམས་སྦྱོར་བ་ཆོས་ཅན། ཁྱོད་སྐབས་འདིར་བསྟན་གྱི་སྲིད་མཐའ་མ་ཡིན་པར་ཐལ། ཚུར་མཐོང་ཐ་མལ་པ་ཁྱོད་ཡིན་པའི་ཕྱིར། ཞེས་གསུངས་ཡོད་པས་འཁོར་བ་བོ་དང་འཁོར་བྱའི་གནས་མི་འདྲ་གསུངས་འདུག འཁོར་བ་ལ་འཆིང་བྱེད་ཀྱི་རྒྱུ་ཡིན་ན་འཁོར་བ་ཡིན་མི་དགོས་ཏེ། ཀུན་འབྱུང་བདེན་པ་འཁོར་བ་མ་ཡིན་པའི་ཕྱིར་ཏེ། དེ་སྤངས་ཟིན་པའི་གང་ཟག་གི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། འོ་ན། འཁོར་རྩའི་ཚད་དང་མཚན་ཉིད་གང་ཡིན་ཞེ་ན། ཊཱིཀ་ཆེན་ལས། དེས་ན་ལས་ཉོན་གྱི་དབང་གིས་ཉེར་ལེན་གྱི་ཕུང་པོ་རྒྱུན་མ་ཆད་པར་ལེན་པའི་རྒྱུན་ལ་འཁོར་བ་ཞེས་བྱའོ། །དགེན་རིན་པོ་ཆེ་ནས། ལས་དང་ཉོན་མོངས་པའི་དབང་གིས་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་ཆ་དེ་འཇོག་གསུངས། ལྷག་བཅས་དགྲ་བཅོམ་པའི་རྒྱུད་ཀྱི་ཕུང་པོ་དེ་འདྲའི་ཉིང་མཚམས་སྦྱོར་བའི་རྒྱུན་ཡིན་ཀྱང་ཕྱི་མར་ཉིང་མཚམས་སྦྱོར་བའི་རྒྱུན་མིན་པའི་ཞིབ་ཆ་ཡོད་གསུངས། ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་ཏུ་འདོད་ན་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ཀྱི་ཕུང་པོ་ཆོས་ཅན། འཁོར་བ་ཡིན་པར་ཐལ། ནང་གི་སྡུག་བདེན་ཡིན་པའི་ཕྱིར། ཡང་འཁོར་བའི་གཞི་རྩ་དང་འཁོར་བའི་རྩ་བ་འགལ་མིན། འཁོར་བའི་གཞི་རྩ་མཐར་ཐུག་མ་ལོག་ཀྱང་འཁོར་བ་ལས་གྲོལ་བ་མི་འགལ་ཞེས་གསུངས་འདུག

     གཉིས་པ་རྣམ་བྱང་རྒྱུ་འབྲས་ལ། འཁོར་བ་ལ་འཆིང་བྱེད་ཀྱི་རྒྱུ་ཡིན་ན་ཀུན་འབྱུང་བདེན་པ་ཡིན་པས་ཁྱབ་ན། བྱང་སེམས་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་ཞེས་པའི་སྙིང་རྗེ་དང་སྨོན་ལམ་གཉིས་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། འཁོར་བ་ལ་འཆིང་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། འཁོར་བར་སྐྱེ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། འཁོར་བ་ལས་གྲོལ་བྱེད་ལམ་བདེན་དང་གྲོལ་བའི་འབྲས་བུ་འགོག་བདེན་གཉིས་ཡོད། ཅེས་གསུངས་པས། འཁོར་བ་ལས་གྲོལ་བྱེད་ལ་འགོག་ལམ་གང་རུང་ཡིན་དགོས་ན། ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེས་འཕེན་སླ། ཡང་གྲོལ་བའི་འབྲས་བུ་ལ་འགོག་བདེན་གྱིས་ཁྱབ་ན། ཉན་ཐོས་ཀྱི་མི་སློབ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བ་ལས་གྲོལ་བའི་འབྲས་བུ་མ་ཡིན་པར་ཐལ། འཁོར་བ་ལ་གནས་པའི་གང་ཟག་གི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། དེ་ལྟར་ན་གཞུང་དེའི་དོན་གང་ཡིན་དཔྱད་དགོས། ཡང་མིན་ན་ལྷག་མེད་དགྲ་བཅོམ་མ་ཐོབ་བར་དུ་གྲོལ་བའི་འབྲས་བུ་མི་ཐོབ་པ་ཡིན་མིན་དཔྱད་དགོས། འགོག་ལམ་གཉིས་པོ་གང་རུང་ཡིན་ན། འཁོར་བ་ལས་གྲོལ་བྱེད་ཀྱི་ཐབས་ཡིན་པས་ཁྱབ་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། འཁོར་བ་ལས་གྲོལ་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བ་ལས་གྲོལ་བྱེད་མ་ཡིན་པར་ཐལ། འཁོར་བ་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། མ་ཁྱབ་ན། ཟག་བཅས་ཀྱི་ངོ་བོར་གྱུར་པའི་ཉན་ཐོས་ཚོགས་ལམ་དང་ཉན་ཐོས་ཚོགས་ལམ་པ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་ངོ་བོར་གྱུར་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ཆོས་ཅན། འཁོར་བ་ལས་གྲོལ་བྱེད་ཀྱི་ཐབས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཁོར་བར་འཆིང་བྱེད་ཡིན་པའི་ཕྱིར། དེར་ཐལ། སྡུག་ཀུན་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། དེར་ཐལ། འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར། མ་ཁྱབ་ན། གསེར་ཕྲེང་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཞེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན། འཁོར་བར་འཆིང་བྱེད་སྡུག་ཀུན་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་ལམ་གསལ་བྱེད་དང་འགལ། གཞན་ཡང་། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་ཆོས་ཅན། འགོག་ལམ་གང་རུང་ཡིན་པར་ཐལ། འཁོར་བ་ལས་གྲོལ་བའི་འབྲས་བུ་ཡིན་པའི་ཕྱིར། ཞེས་འཕེན།

      གཉིས་པ་གོ་རིམ་ངེས་པ་ལ། རྒྱུ་འབྲས་དོན་གྱི་རིམ་པ་དང་ཡུལ་ཅན་མངོན་རྟོགས་སྐྱེ་རིམ་གཉིས། དང་པོ་མངོན་རྟོགས་རྒྱན་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་གསུངས། གཉིས་པ་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ་ཞེས་སོགས་དང་། ཡུལ་ཅན་མངོན་རྟོགས་སྐྱེ་ཚུལ་དང་མཐུན་པར་སྦྱར་བ་ལས་ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་སྐྱེ་ཚུལ་མེད་དེ། སྡུག་ཀུན་མངོན་རྟོགས་མ་ཡིན་པའི་ཕྱིར། ཡུལ་ཅན་མངོན་རྟོགས་སྐྱེ་རིམ་དང་མཐུན་པར་སྦྱར་ཚུལ་ནི། ཚད་མའི་ལམ་བསྒྲིགས་ལས། ཚད་མའི་ངེས་རིམ་ལ་སྦྱར་བ་དང་། ཚད་མ་སྡེ་བདུན་ལས། ངེས་འབྱུང་བཅོས་མིན་སྐྱེ་ཚུལ་དང་སྦྱར། ཟག་བཅས་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ཡིན་པར་འཛིན་པའི་བློ་བཅོས་མིན་མ་སྐྱེས་བར་དུ། དེའི་རྒྱུ་ཀུན་འབྱུང་སྤང་བྱ་མཐོང་བའི་བློ་བཅོས་མིན་མི་སྐྱེ་བ་དང་། དེ་མ་སྐྱེས་བར་དུ་འགོག་བདེན་ཐོབ་བྱར་འཛིན་པའི་བློ་བཅོས་མིན་མི་སྐྱེ་བ་དང་། དེ་མ་སྐྱེས་བར་དུ་ལམ་སྒོམ་པར་འདོད་པའི་དོན་གཉེར་གྱི་བློ་བཅོས་མིན་མི་སྐྱེ་བར་གསུངས། འགོག་བདེན་ཐོབ་བྱར་འཛིན་པའི་བློ་བཅོས་མིན་སྐྱེས་པ་དང་ཐེག་པ་རང་ལམ་གྱི་ཚོགས་ལམ་རྒྱུད་ལ་སྐྱེ་བ་དུས་མཉམ་ཡིན། ཐར་ལམ་གསལ་བྱེད་ལས། ཐོག་མར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལེགས་པར་བསམ་པའི་སྒོ་ནས། དེ་ལ་འབྲལ་འདོད་ཀྱི་བློ་བསྐྱེད་པར་བྱེད་དགོས་ཏེ། དེ་སྔོན་དུ་མ་སོང་ན་དེའི་རྒྱུ་ལ་སྤོང་འདོད་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་རྗེས་ནས་དེ་དག་གི་རྒྱུ་རྟག་མི་རྟག་དཔྱད་མི་དགོས་པ་འདྲ།  འཁོར་བ་སྤྱིའི་ཉེས་དམིགས་བསམ་ཚུལ་ནི། འཁོར་བ་ཐམས་ཅད་ལས་ཉོན་གྱི་འདུས་བྱས་པ་རྟོགས་པ་དེ་ཡིན་ན་རྒྱུ་ལས་ཉོན་གྱིས་བསྐྱེད་པ་རྟོགས་དགོས། དེ་རྟོགས་ན་རྒྱུ་ཡོད་མེད་དཔྱད་མི་དགོས་པ་འདྲ།  

     ཡང་དེའི་རྒྱུ་སྤོང་འདོད་སྐྱེ་བ་ལ་དེའི་རྒྱུ་ཀུན་འབྱུང་རྟོགས་དགོས། དེ་ལྟར་ན་ལས་ཉོན་གྱི་འདུས་བྱས་པ་རྟོགས་ན་སྡུག་བསྔལ་གྱི་དོན་ལྡོག་རྟོགས་པས་ཁྱབ་པས། དེ་རྟོགས་ན་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་རྟོགས་དགོས་པའི་ཕྱིར། དེར་ཐལ། དེ་རྟོགས་ན་ལས་ཉོན་གཉིས་ཀྱིས་བསྐྱེད་པ་རྟོགས་དགོས་པའི་ཕྱིར། དེར་ཐལ། དེ་རྟོགས་ན་རྒྱུ་ལས་ཉོན་གཉིས་རྟོགས་དགོས་པས་ཀུན་འབྱུང་བདེན་པ་རྟོགས་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག  རྒྱུ་ཀུན་འབྱུང་སོགས་ཀྱི་ཁྱད་པར་དུ་བྱས་པ་རྟོགས་པའི་ཕྱིར། དང་པོ་དེར་ཐལ། སྡུག་བདེན་རྟོགས་པའི་ཕྱིར། མ་ཁྱབ་ན། སྡུག་བདེན་གྱི་མཚན་ཉིད་རྗེ་བཙུན་ཕར་ཕྱིན་སྤྱི་དོན་དང་འགལ། ཕྱི་མ་དེར་ཐལ། རྒྱུ་ལས་ཉོན་གཉིས་རྟོགས་པའི་ཕྱིར། རྟགས་ཁས། ཀུན་མཁྱེན་ཡིག་ཆས་རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཟག་བཅས་ཀྱི་ངོ་བོ་དེ་སྡུག་བདེན་གྱི་མཚན་ཉིད་དུ་བཞག་པས། དེ་རྟོགས་ན་རང་རྒྱུ་ཀུན་འབྱུང་བདེན་པ་རྟོགས་ཤིང་། ཀུན་འབྱུང་བདེན་པ་མ་རྟོགས་པའི་ཞིབ་ཆ་འབྱེད་མཁན་ཡོད། དེ་ལྟར་ཡིན་ན་རང་རྒྱུ་ཀུན་འབྱུང་བདེན་པ་རྟོགས་ན་ཀུན་འབྱུང་བདེན་པ་རྟོགས་པས་མ་ཁྱབ་ཟེར་ན། རང་རྒྱུ་ཡོད་པ་རྟོགས་ན་ཡོད་པ་རྟོགས་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། ཞེས་འཕེན་ཚུལ་མང་ཡང་བདེན་བཞིའི་རྟོགས་རིམ་དང་འགལ་མིན་སོགས་དཔྱད་དགོས། འོན་ཀྱང་འདི་དག་པཎྜི་ཏའི་བཞེད་མཚམས་ཡིན་པས་ང་ལྟ་བུས་ཁ་ཚོད་ག་ལ་ཆོད།

     ཡང་རྗེ་བཙུན་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས། སྡུག་བསྔལ་བདེན་པ་ཡིན་པར་ཐལ། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ལས་ཉོན་གྱི་གཞན་དབང་གིས་འཁོར་བར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཟེར་ན་རྩ་བར་མ་ཁྱབ་བོ། །ཞེས་གསུངས་། རྟོགས་ཚུལ་ཡང་དེ་དང་མཚུངས། སྡུག་བསྔལ་རང་གི་རིགས་དེ་སྲིད་རྩེ་ནས་མནར་མེད་བར་ཁྱབ་པ་དང་ད་ལྟ་སྡུག་བསྔལ་གཞན་གཉིས་ཀྱི་རྟེན་བྱེད་པ་དང་། རྗེས་སུ་དེ་གཉིས་བསྐྱེད་པའི་རྒྱུ་བྱེད་པ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པའི་སྐབས་སུ་ཆོས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པར་ཐལ། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཕྱིར་ཞེས་གསུངས་པ་ལ། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་ན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་ལམ་གྱི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་ན། མཐོང་ལམ་གྱི་དམིགས་པ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྡུག་བསྔལ་ཆོས་བཟོད་ཀྱི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་ན། སྡུག་བསྔལ་ཆོས་བཟོད་ཀྱི་དམིགས་པ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་འབྱུང་སོགས་བདེན་པ་ལྷག་མ་རྣམས་ཆོས་ཅན། སྡུག་བསྔལ་ཆོས་བཟོད་ཀྱི་དམིགས་པ་ཡིན་པར་ཐལ། སྡུག་བསྔལ་ཆོས་བཟོད་ཀྱི་སྒྲ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཕྱིར། དེར་ཐལ། སྡུག་བསྔལ་ཆོས་བཟོད་ཀྱི་ངོ་བོར་གྱུར་པའི་ཀུན་འབྱུང་བདག་མེད་དུ་རྟོགས་པའི་བློས་ཀུན་འབྱུང་བདག་ཏུ་གྲུབ་པར་འཛིན་པའི་བདག་འཛིན་གྱི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ལ་ཀུན་འབྱུང་འཇོག་དགོས་པའི་ཕྱིར།

     བཞི་པ་དེ་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་ལོག་ཞུགས་བཅུ་དྲུག་ངོས་གཟུང་བ་ནི། ལོག་ཞུགས་ཀྱི་ཚད་དམ་མཚན་ཉིད་ནི། ཆོས་དེའི་ངོ་བོ་མཐོང་བ་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་གི་སྒོ་ནས་གེགས་བྱེད་ཀྱི་བློ་ལོག་ཤེས། ཡང་ན་ཆོས་དེའི་གནས་ལུགས་སམ་ངོ་བོ་མངོན་སུམ་དུ་མ་མཐོང་བར་ཁྱོད་འཕེལ་བ་དང་འགྲིབ་པའི་རྒྱུ་བྱེད་ལ་དེ་མངོན་སུམ་དུ་མཐོང་བ་ནས་དེའི་རྒྱུ་དང་གནས་གང་ཡང་མི་བྱེད་པར་ཁྱོད་སྤངས་པ་དེ་ལོག་ཞུགས་ཀྱི་དོན་ཡིན། བདེན་བཞི་རེ་རེ་ལ་སྦྱར་དགོས། ཡང་སྡུག་བདེན་ལ་ངོ་བོའི་སྒོ་ནས་དང་། ཀུན་འབྱུང་ལ་རྒྱུའི་སྒོ་ནས་དང་། ལམ་བདེན་ལ་ཐོབ་བྱེད་ཀྱི་སྒོ་ནས་དང་། འགོག་བདེན་ལ་ཐོབ་བྱའི་སྒོ་ནས་ལོག་པར་ཞུགས་ཚུལ་ཡང་གསུངས་འདུག དང་པོ་ལ། བདག་འཛིན་ཆོས་ཅན། མཐོང་སྤང་ལོག་ཞུགས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྡུག་བདེན་གྱི་ཁྱད་ཆོས་བཞིའི་ངོ་བོ་སོགས་མཐོང་བ་ལ་གེགས་བྱེད་ཀྱི་བློ་ཡིན་པའི་ཕྱིར་ཏེ། བདག་མེད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཐོང་སྤང་ལོག་ཞུགས་མ་ཡིན་པར་ཐལ། མཐོང་སྤང་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ལ་སྒོམ་སྤང་ཡོད་པའི་ཕྱིར། ཡང་ཐར་ལམ་གསལ་བྱེད་ལས། རྣལ་འབྱོར་པའི་རྒྱུད་ལ་བདེན་པ་བཞི་ལ་དམིགས་པའི་མཐོང་ལམ་སྐྱེ་བ་ན་གོ་རིམ་དེ་དག་དང་མཐུན་པར་སྐྱེ་བ་ཡིན་ནོ། །ཞེས་གསུངས་པས་བྱེ་སྨྲ་ལྟར་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རིམ་ཅན་ཁོ་ནར་སྐྱེ་བར་ཁས་ལེན་དགོས་པ་ལས་འདི་གྲུབ་མཐའ་གོང་མའི་ལུགས་ལ་སྦྱར་མི་ཐུབ་པ་འདྲ། གོ་རིམ་དེ་དག་དང་མཐུན་པར་སྐྱེ་ཚུལ་ནི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་སྐྱེ་ཚུལ་ཡིན་གསུངས། རྣམ་བཤད་སྙིང་པོ་རྒྱན་ལས། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསམས་པས་འཁོར་བ་ལ་མེ་དོང་ལྟ་བུར་མཐོང་ནས་དེ་དང་འབྲལ་འདོད་ཀྱི་བློ་ཙམ་ཞིག་དང་པོར་བསྐྱེད་པ་ཡིན་གྱི་འབྲལ་ནུས་སུ་གོ་བ་མིན་ནོ། །དེ་ནས་དུས་གཉིས་པར་ཀུན་འབྱུང་སྤོང་ནུས་སུ་ཚད་མས་མཐོང་བ་ཡིན་ལ། དེ་མཐོང་བ་ན་འགོག་པ་མངོན་དུ་བྱ་ནུས་སུ་མཐོང་བས། ཀུན་འབྱུང་དུས་གཉིས་པ་དང་འགོག་པ་དུས་གསུམ་པར་བསྟན་རིགས་སོ། །ལམ་ཐ་མར་བསྟན་པར་བྱ་བ་ནི་སྔར་ལྟར་རོ། །དེས་ན། རྣལ་འབྱོར་པའི་རྒྱུད་ལ་བདེན་པ་བཞི་ལ་དམིགས་པའི་མཐོང་ལམ་སྐྱེ་བ་ན་ཡང༌། གོ་རིམ་དེ་དག་དང་མཐུན་པར་སྐྱེ་བ་ཡིན་ནོ། །ཞེས་རྣམ་བཤད་ལས་འདི་ལྟར་གསུངས་འདུག་པས་གྲུབ་མཐའ་གང་ཡིན་དཔྱད། ཕར་ཕྱིན་སྐབས་སུ་བཟོད་པ་བརྒྱད་ཅིག་ཅར་དང་། ཤེས་པ་བརྒྱད་ཅིག་ཅར་སྐྱེ་བར་གསུངས། བྱེ་མདོ་གཉིས་ཀྱིས་རིམ་ཅན་དུ་སྐྱེ་བར་གསུངས་པ་ལྟར་ན་དང་པོར་སྡུག་བདེན་དང་དེ་ནས་ཀུན་འབྱུང་དང་དེ་ནས་འགོག་བདེན་དེ་ནས་ལམ་བདེན་སྐྱེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྡུག་བདེན་བདག་མེད་པ་རྟོགས་པའི་ཟག་མེད་སྐད་ཅིག་དང་པོ་ཆོས་ཅན།  བདེན་པ་ཕྱི་མ་གསུམ་བདག་མེད་དུ་མ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་ཀྱི་སྟེང་གི་བདག་མེད་རྟོགས་པའི་སྒོམ་བྱུང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར། ཡང་དེ་འདྲའི་ཟག་མེད་སྐད་ཅིག་དང་པོ་ལ་གནས་པའི་མཐོང་ལམ་མཉམ་གཞག་པ་ཆོས་ཅན། མི་རྟག་སོགས་བཅུ་དྲུག་མ་རྟོགས་པར་ཐལ། བདེན་པ་ཕྱི་མ་རྣམས་རེ་རེ་ནས་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། མི་རྟག་སོགས་བཅུ་དྲུག་བདག་མེད་དུ་མ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདྲའི་མཉམ་གཞག་ཡེ་ཤེས་ཀྱིས་བདེན་པ་ཕྱི་མ་རྣམས་བདག་མེད་དུ་རྟོགས་ཀྱང་བདེན་པ་ཕྱི་མ་རྣམས་རྟོགས་མི་དགོས་ཏེ། ཀུན་འབྱུང་བདག་མེད་རྟོགས་ཀྱང་ཀུན་འབྱུང་མ་རྟོགས་ཟེར་དགོས་ཏེ། དཔེར་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་ལུས་ཙམ་ལ་དམིགས་པའི་དྲན་པ་ཉེར་གཞག་གིས་ལུས་ཚོར་སེམས་ཆོས་བཞི་ཀ་བདག་མེད་དུ་རྟོགས་ཀྱང་། ལུས་ཚོར་སེམས་ཆོས་བཞི་ཀ་ལ་མ་དམིགས་གསུངས་པ་བཞིན་ཡིན། ལུས་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན་ཞེས་འཇོག བདེན་པ་བཞི་ཀ་བདག་མེད་མངོན་སུམ་དུ་རྟོགས་ཀྱང་བདེན་བཞི་མ་རྟོགས་ཟེར། ཀུན་འབྱུང་ཆོས་བཟོད་ཡིན་ཀྱང་ཀུན་འབྱུང་བདེན་པ་ལ་དམིགས་མི་དགོས། ཉན་ཐོས་སྡུག་བསྔལ་ཆོས་བཟོད་ཆོས་ཅན་ཟེར། ཡང་སྡུག་བདེན་བདག་མེད་པ་རྟོགས་པའི་ཟག་མེད་སྐད་ཅིག་དང་པོ་དེས་སྡུག་བདེན་ལ་དམིགས་ནས་ཀུན་འབྱུང་བདག་མེད་རྟོགས་ཤིང་ཀུན་འབྱུང་མ་རྟོགས་པ་དང་། ཡང་ལུས་ལ་དམིགས་ནས་སེམས་བདག་མེད་རྟོགས་ཀྱང་ལུས་ཀྱི་སྟེང་དུ་སེམས་བདག་མེད་མ་རྟོགས་པ་དང་། སྦྱོར་བའི་དུས་སུ་བདེན་བཞི་ལ་དམིགས་པའི་བློ་རིམ་གྱིས་སྐྱེ་བ་བཞིན་བར་ཆད་མེད་ལམ་སྐབས་སུ་ཡང་བདེན་བཞི་ལ་དམིགས་པའི་བློ་རིམ་གྱིས་སྐྱེ་བ་ཡིན་པ་སོགས་ཞིབ་ཆའི་རྣམ་གྲངས་མང་པོ་དགེ་བཤེས་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་ནས་གསུངས་འདུག  

      གཞན་ཡང་སྡུག་བསྔལ་མཐོང་སྤང་ལོག་ཞུགས་སྤངས་ནས་ཕྱི་མ་གསུམ་གྱི་ལོག་ཞུགས་མ་སྤངས་པ་ཞིག་འཇོག་དགོས་ལ་དེ་འཇོག་ན། སྡུག་བདེན་མི་རྟག་པ་རྟོགས་པའི་རྣམ་གྲོལ་ལམ་ཐོབ་མ་ཐག་པའི་ཉན་ཐོས་འཕགས་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འགོག་ལམ་གཉིས་ལ་ལོག་ཞུགས་མེད་པར་ཐལ། མཐོང་སྤང་སྤངས་པའི་འཕགས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་འགོག་ལམ་ལ་དམིགས་པའི་ལོག་ཞུགས་མ་སྤངས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་འགོག་ལམ་ལ་དམིགས་པའི་བདེན་རྣམ་དེ་དག་མ་སྐྱེས་པའི་ཕྱིར། རྟགས་སླ། འདོད་ན། དེ་ཆོས་ཅན། འཕགས་པའི་དགེ་འདུན་དཀོན་མཆོག་མ་ཡིན་པར་ཐལ། སྐྱབས་གནས་ཡང་དག་ལ་ལོག་ཞུགས་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། འགོག་ལམ་གཉིས་ལ་དམིགས་པའི་ལོག་ཞུགས་རྒྱུད་ལྡན་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་སྙིང་པོ་རྒྱན་ལས། དེ་ལྟ་ན་ཉན་ཐོས་ཀྱི་མཐོང་ལམ་དུ་ཉོན་སྒྲིབ་ཀུན་བཏགས་ཀྱི་ས་བོན་ཟད་པར་མ་སྤངས་པས། འཕགས་པའི་གང་ཟག་སློབ་པ་རྣམས་དགེ་འདུན་དཀོན་མཆོག་ཏུ་བཞག་ཏུ་མི་རུང་བར་འགྱུར་ཏེ། ཁྱོད་ལྟར་ན་མཐོང་ལམ་ཐོབ་མ་ཐག་ནས་སྐྱབས་གནས་ཡང་དག་ལ་ཐེ་ཚོམ་ཟ་བའི་ས་བོན་མཐོང་ལམ་ནས་ཟད་པར་མ་སྤངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་རྣམ་བཤད་སྙིང་པོ་རྒྱན་ལས། གཞན་དུ་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པའི་ཚེ། ཀུན་འབྱུང་གི་ཆོས་ཉིད་རྟོགས་པར་ཁས་མི་ལེན་པ་ལ་ནི། མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་དགོས་པ་སོགས་ཉེས་པ་དུ་མའི་འབྱུང་ཁུངས་སུ་མཐོང་ངོ་། །སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་དུས་ན། གང་ཟག་དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཀྱང་ཡོད་མོད་ཀྱི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་མངོན་གྱུར་དུ་ག་ལ་དགོས། དེ་བཞིན་དུ་ཡོན་ཏན་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་གྲུབ་མཐའ་གོང་མའི་ལུགས་ཡིན་མིན་དཔྱད་དགོས་སོ། །

     དབང་ཕྱུག་ལ་སོགས་པ་གཞན་གྱི་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པ་ཡིན་ན།  དུ་བ་དེ་བདེན་པར་མེད་པའི་མེ་ལས་སྐྱེ་བར་འཛིན་པ་ཡང་དེ་འདྲ་ཡིན་དགོས་པས་ལུགས་འདིར་ཟླ་གྲགས་རྒྱུད་ལ་མེ་དུ་རྒྱུ་འབྲས་སུ་ངེས་པའི་ཚད་མ་མེད་པར་ཐལ། མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་བློ་ཡོད་པའི་ཕྱིར། ཡང་ཟླ་གྲགས་ཀྱི་རྒྱུད་ལ་ཀུན་འབྱུང་བདེན་པ་རྟོགས་པའི་བློ་མེད་པར་ཐལ། དེའི་རྒྱུད་ལ་ཀུན་འབྱུང་བདེན་པ་ལ་ལོག་ཞུགས་ཡོད་དེ། དེའི་རྒྱུད་ལ་བདེན་པར་མ་གྲུབ་པའི་ལས་ཉོན་གཉིས་ལས་སྡུག་བདེན་སྐྱེ་བར་འཛིན་པ་ཡོད་པ་གང་ཞིག  དེ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པ་ཡིན་པའི་ཕྱིར། དེའི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་ཞུགས་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཀུན་འབྱུང་ལ་ལོག་ཞུགས་ཡིན་པའི་ཕྱིར། ཡང་དེའི་རྒྱུད་ལ་ཀུན་འབྱུང་ལ་ལོག་ཞུགས་མེད་པར་ཐལ། དེས་ཀུན་འབྱུང་བདེན་པ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། བདེན་བཞི་རྟོགས་པའི་འཕགས་པ་ཡིན་པའི་ཕྱིར། དབང་ཕྱུག་ལ་དེའི་ཕྱིར། ཡང་དབང་ཕྱུག་ལས་འཇིག་རྟེན་སྐྱེ་བར་འཛིན་པ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པ་ཡིན་ན། བ་གླང་ལས་བ་མིན་སྐྱེ་བར་འཛིན་པ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པ་ཡིན་དགོས་པས། དེ་ལས་བ་མིན་སྐྱེ་བ་མེད་ཟེར་ན། བ་གླང་གི་སྐྱེ་བ་སྔ་མར་གྱུར་པའི་བ་མིན་ཆོས་ཅན། བ་གླང་ལས་སྐྱེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སྐྱེ་མཆེད་ལྔ་ལས་སྐྱེས་པ་མ་ཡིན་པར་ཐལ། འདོད་ན། སྐྱེ་བ་སྔ་མའི་སྐྱེ་མཆེད་ལྔ་ཕྱི་མའི་ཉེར་ལེན་མ་ཡིན་པར་ཐལ་བ་དང་། རྣམ་འགྲེལ་རྩ་བ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་གསུངས་པ་དང་འགལ། གལ་ཏེ་ཡིན་ཟེར་ན་ཚེ་སྔ་མའི་བ་གླང་གི་ཕུང་པོ་ལྔའི་ཚོགས་ཙམ་ཕྱི་མའི་བ་མིན་གྱི་ཉེར་ལེན་ཡིན་ཟེར་དགོས་པས། དེ་ལྟར་ན་རྣམ་འགྲེལ་རྩ་བ་ལས། དེ་དེའི་ཉེར་ལེན་མི་རིགས་ཏེ། །བ་གླང་བ་མིན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། །ཞེས་གསུངས། ཡང་དགེ་བའི་ཉེར་ལེན་བྱས་པ་ལས་མི་དགེ་སྐྱེ་བ་ཡོད་མེད་དང་། ལས་དགེ་བ་མི་དགེ་བའི་ངོ་བོར་འགྱུར་བ་ཡོད་མེད་དང་། ཡོད་ན་གནས་དང་གནས་མིན་མཁྱེན་པའི་སྟོབས་སོགས་དང་འགལ་མིན་རིགས་པའི་རྣམ་གྲངས་མང་པོ་བསྒྲེང་རྒྱུ་ཡོད་སྙམ་མོ། །

      གཉིས་པ་ཡན་ལག་གི་དོན་ནི། བདེན་བཞིའི་སྐོར་བཤད་པ་ལ། འགལ་འདུ་དང་པོ། འཁོར་བའི་བསྡུས་པའི་སྡུག་བསྔལ་རྒྱུན་ཆད་པར་འདོད་པ་དང་དེ་དག་གི་རྩ་བ་བདག་དང་གཙོ་བོ་རྟག་པར་འདོད་པ་ནང་འགལ་ཏེ། རྒྱུ་མ་ལོག་པར་འབྲས་བུ་ལྡོག་པ་མི་སྲིད་ཅིང་རྟག་པའི་ངོ་བོ་ནམ་ཡང་ལྡོག་པ་མི་སྲིད་པའི་ཕྱིར་ཞེས་གསུངས་པ་ལ། སྲིད་པའི་རྩ་བར་གྱུར་པའི་བདག་འཛིན་ལྡོག་ན་དེས་བསྐྱེད་པའི་སྲེད་ལེན་སྲིད་པ་གསུམ་ལྡོག་དགོས་པ་དང་དེ་ལྡོག་ན་སྐྱེ་མཆེད་ལྔ་ཡང་ལྡོག་དགོས་པས། ངན་འགྲོ་པའི་སྲིད་རྩར་གྱུར་པའི་བདག་འཛིན་མ་ལྡོག་ན་དེས་བསྐྱེད་པའི་ཕུང་ཁམས་སྐྱེ་མཆེད་ལྔ་ཡང་མི་ལྡོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མ་སྤངས་ན་དེའི་སྐྱེ་མཆེད་ལྔ་ཡང་མི་སྤངས་བར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་ཀྱིས་དེའི་སྐྱེ་མཆེད་ལྔ་མ་སྤངས་པར་ཐལ། ཁྱོད་ཀྱིས་དེའི་རྩ་བར་གྱུར་པའི་བདག་འཛིན་མ་སྤངས་པའི་ཕྱིར་ཏེ། ངན་འགྲོའི་སྲིད་རྩར་གྱུར་པའི་བདག་འཛིན་ལ་སྒོམ་སྤང་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ངན་འགྲོ་བའི་སྐྱེ་མཆེད་ལྔ་མཐོང་སྤང་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་ལས། ངན་སོང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བར་བལྟའོ། །ཞེས་གསུངས་པའི་ཕྱིར། རྗེ་བཙུན་རྟེན་འབྲེལ་སྤྱི་དོན་ལས། མཐོང་སྤང་ཀུན་བཏགས་སུ་དམིགས་པ་ཡིན་ན་ཀུན་བཏགས་ཡིན་པས་མ་ཁྱབ་སྟེ། ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་རྣམས་ཆོས་ཅན། ཞེས་གསུངས་ཡོད། ཡང་སྲིད་པའི་རྩ་བར་གྱུར་པའི་བདག་འཛིན་མ་རིག་པ་ལྡོག་ན་དེས་བསྐྱེད་པའི་སྲེད་ལེན་སྲིད་པ་གསུམ་ལྡོག་པས་ཁྱབ་སྟེ། དེ་དེའི་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ཡིན་པའི་ཕྱིར། མ་ཁྱབ་ན། ཐར་ལམ་གསལ་བྱེད་ལས། དེས་ན་མདོ་ལས། འདི་ཡོད་ན་འདི་འབྱུང་ཞེས་པའི་རྒྱུ་མཚན་གྱི་བདུན་པ་དང། འདི་སྐྱེས་པའི་ཕྱིར། འདི་སྐྱེ་ཞེས་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་བཤད་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ལ་དེ་འདྲ་ཞིག་དགོས་སོ་ཞེས་ཤེས་པའི་ཕྱིར་ཏུ་བཤད་པ་དེའི་ཕྱིར། ཞེས་གསུང་པའི་ཕྱིར། འདོད་ན། བདག་འཛིན་མ་རིག་པ་ལྡོག་ན་དེ་དང་འདུ་བྱེད་ཀྱི་ལས་ཀྱིས་བསྐྱེད་པའི་ཕུང་པོ་ལྡོག་པས་ཁྱབ་པར་ཐལ། རྒྱུ་མཚན་དེའི་ཕྱིར། འདོད་ན། ལྷག་བཅས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་དེས་བསྐྱེད་པའི་ཕུང་སོགས་ལྡོག་པར་ཐལ། དེ་སྐྱེད་བྱེད་ཀྱི་བདག་འཛིན་ལྡོག་པའི་ཕྱིར།  འདོད་ན། ཁྱོད་ཀྱི་རྒྱུད་ཀྱི་བསྡུས་པའི་ཕུང་པོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་སྲིད་པར་ཅུང་ཟད་གནས་པ་མ་ཡིན་པར་ཐལ། འདོད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །ཅེས་གསུངས་པས་རྗེ་བཙུན་ཡིག་ཆར་ཉན་རང་རྒྱུད་ལ་སྙིང་རྗེ་ཆེན་པོ་མེད་པའི་སྒྲུབ་བྱེད་དུ་ཡང་བཀོད། ཡང་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་འཕངས་པའི་འབྲས་བུ་ཡོད་ཀྱང་འཕངས་འབྲས་མེད་པའི་ཞིབ་ཆ་ཡང་ཡོད་གསུངས།

     ཡང་འགོག་པའི་བདེན་པ་ལ། རྩ་བར། དེ་ནི་གཏན་དུ་བ་མིན་ཏེ། །ཞེས་གསུངས། ཐ་མལ་པའི་ཕུང་པོ་དེ་ནི་ཆོས་ཅན། རྒྱུན་འགག་ཏུ་མི་རུང་བའི་གཏན་དུ་བ་མིན་ཏེ། རང་གི་རྒྱུ་ལ་འགལ་རྐྱེན་གྱི་གེགས་སྟོབས་ལྡན་དང་མཐུན་རྐྱེན་མ་ཚང་པ་སོགས་ཡིན་པའི་ཕྱིར། དེ་ཆོས་ཅན། གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་དེ། གང་རང་གི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་དང་བཅས་པ་ཡིན་པའི་ཕྱིར། བརྒྱ་སྟོང་འགྲེལ་ཆེན་ལས། བདག་འཛིན་ཆོས་ཅན། རང་ཉིད་ཀྱི་མི་མཐུན་ཕྱོགས་ཤིན་ཏུ་འཕེལ་བ་ན་རང་ཉིད་འགྲིབ་པ་ཅན་ཡིན་ཏེ། རང་ཉིད་ཀྱི་མི་མཐུན་ཕྱོགས་ཅུང་ཟད་འཕེལ་བ་ན་རང་ཉིད་ཅུང་ཟད་འགྲིབ་པ་ཅན་ཡིན་པའི་ཕྱིར། དཔེར་ན་གསེར་གྱི་གཡའ་བཞིན། སྦྱོར་བ་འདི་དག་ཐར་པ་དང་འགོག་བདེན་སྒྲུབ་པའི་སྦྱོར་བར་འདོད་དགོས་པ་ཡིན་ན། དང་པོ་ལ། དེ་འདྲའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་བསྒྲུབ་བྱ་མེད་དགག་ཡིན་པར་ཐལ། ཁྱོད་འགོག་བདེན་སྒྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར། མ་ཁྱབ་ན། སྟོང་ཉིད་སྒྲུབ་པའི་སྦྱོར་བ་ལ་དེའི་ཕྱིར། འདོད་ན། ཐ་མལ་པའི་ཕུང་པོ་དེ་རྒྱུན་འགག་ཏུ་མི་རུང་བའི་གཏན་དུ་བ་མིན་པ་དེ་མེད་དགག་ཡིན་པར་ཐལ།  འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐ་མལ་པའི་ཕུང་པོ་དེ་རྒྱུན་འགག་ཏུ་མི་རུང་བའི་གཏན་དུ་བ་མིན་པ་དེ་མ་ཡིན་དགག་ཡིན་པའི་ཕྱིར། དེར་ཐལ། མི་བརྟན་པ་མ་ཡིན་དགག་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་དེའི་ཕྱིར་ཞེས་འཕེན་ཆོག  དེ་ཆོས་ཅན། གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་དེ། གང་རང་གི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་དང་བཅས་པ་ཡིན་པའི་ཕྱིར། ཐ་མལ་པའི་ཕུང་པོ་དེ་གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་པ་རྟོགས་ན་ཐར་པ་རྟོགས་པས་ཁྱབ་ན། ཐ་མལ་པའི་ཕུང་པོ་དེ་གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་པ་དེ་ཐོབ་ན་ཐར་པ་ཐོབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐ་མལ་པའི་ཕུང་པོ་དེའི་རྒྱུན་ཟད་པ་ཐོབ་ན་ཐར་པ་ཐོབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། བྱང་སེམས་རིགས་ངེས་ས་བརྒྱད་པ་བ་ཆོས་ཅན།  ཁྱོད་ལ་ཐར་པ་ཐོབ་པར་ཐལ། ཐ་མལ་པའི་ཕུང་པོ་དེའི་རྒྱུན་ཟད་པ་ཐོབ་པའི་ཕྱིར། དེར་ཐལ། ལས་ཉོན་གྱི་དབང་གིས་བླངས་པའི་ཐ་མལ་པའི་ཕུང་པོ་སྤངས་པའི་སྤངས་པ་ཐོབ་པའི་ཕྱིར། དེར་ཐལ། ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་པའི་ཕྱིར། ཡང་ཐ་མལ་པའི་ཕུང་པོ་དེའི་རྒྱུན་ཟད་པ་རྟོགས་ན་ཐར་པ་རྟོགས་པས་མ་ཁྱབ་ན་སྦྱོར་བ་དེ་ཐར་པ་སྒྲུབ་པའི་སྦྱོར་བར་འཇོག་ཚུལ་གང་ཡིན། དེ་ཁྱབ་ན། གནག་རྫིས་ཀྱང་ཐར་པ་རྟོགས་པར་ཐལ། ཐ་མལ་པའི་ཕུང་པོ་དེའི་རྒྱུན་ཟད་པ་རྟོགས་པའི་ཕྱིར། དེ་མ་རྟོགས་ན་སྐབས་འདིའི་ཁྱབ་པ་མངོན་སུམ་ཚད་མས་རྟོགས་ཚུལ་གང་ཡིན་སོགས་དཔྱོད།

      དེ་འདྲའི་སྦྱོར་བའི་བསྒྲུབ་བྱ་ཐར་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་སྦྱོར་བའི་བསྒྲུབ་བྱ་རྟོགས་ན། ཐར་པ་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་སྦྱོར་བའི་བསྒྲུབ་བྱ་རྒྱུད་ལ་ལྡན་ན་ཐར་པ་རྒྱུད་ལ་ལྡན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དུད་འགྲོ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐར་པ་ལྡན་པར་ཐལ། ཕུང་པོ་འདི་གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་པ་རྒྱུད་ལྡན་པའི་ཕྱིར། དེར་ཐལ། རིགས་རྒྱུད་ལ་ལྡན་པའི་ཕྱིར། ཐ་མལ་པའི་ཕུང་པོ་དེ་གྲུབ་ཙམ་ནས་གཉེན་པོའི་སྟོབས་ཀྱིས་རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་པ་ཡིན་པའི་ཕྱིར།     ཡང་དེ་འདྲའི་སྦྱོར་བ་འགོག་བདེན་སྒྲུབ་པའི་སྦྱོར་བ་མ་ཡིན་པར་ཐལ། དེ་འདྲའི་སྦྱོར་བའི་བསྒྲུབ་བྱ་མེད་དགག་ཡིན་པའི་ཕྱིར།  ཞེས་འཕེན་གསུངས། ཚད་མའི་བརྗེད་བྱང་ཆེན་མོ་ལས། གང་རང་གི་རྒྱུད་ལ་གནོད་བྱེད་སྟོབས་ལྡན་ཡོད་པ་དེ་ལ་རང་ཉིད་གཉེན་པོའི་སྟོབས་ཀྱིས་རྒྱུན་ཟད་པ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བའི་གྲང་འབྲས་སྤུ་ལོང་བྱེད་ཟད་པ་མཐོང་བ་བཞིན། སྡུག་བསྔལ་གྱི་ཕུང་པོ་འདིའི་རྒྱུན་ལའང་གནོད་བྱེད་སྟོབས་ལྡན་དམིགས་སོ་ཞེས་བྱ་བ་ཨང་རང་བཞིན་གྱི་རྟགས་སོ། །ཉོན་ཡིད་ཆོས་ཅན། རང་གི་རིགས་རྒྱུན་ཟད་པ་ཡོད་ཐལ། རང་གི་རྒྱུའི་རིགས་ལ་གཉེན་པོ་སྟོབས་ལྡན་དང་བཅས་པའི་ཕྱིར། འདོད་ན། ཉོན་ཡིད་ཀྱི་རྒྱུན་ཟད་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གནས་གྱུར་ངོ་བོ་ཉིད་སྐུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་གཞིའི་དཀའ་འགྲེལ་མཐའ་དཔྱོད་ལས། དེ་རྣམས་སྒྲིབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྣམས་གནས་གྱུར་མཐར་ཐུག་པའི་ཚེ་མཉམ་ཉིད་ཡེ་ཤེས་སུ་འགྱུར་བའི་ཕྱིར། དེར་ཐལ། མདོ་སྡེ་རྒྱན་ལས། ཉོན་མོངས་ཅན་ཡིད་གནས་གྱུར་པས། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར། ཀུན་གཞིའི་དཀའ་འགྲེལ་མཐའ་དཔྱོད་ལས། ཐེག་དམན་གྱི་ལྷག་མེད་ཀྱི་ཚེ་ན་རྣམ་ཤེས་རང་ལྡོག་པ་དེ་དང་རྣམ་སྨིན་གྱི་ཆ་གཉིས་ཀའི་རིགས་རྒྱུན་དང་རྫས་རྒྱུན་གཉིས་ཀ་ལྡོག སངས་རྒྱས་པའི་ཚེ་རྣམ་སྨིན་གྱི་ཆ་དེའི་རིགས་རྒྱུན་གྱི་ཆ་དེ་ལྡོག་ཀྱང་རྣམ་ཤེས་རང་ལྡོག་པ་དེའི་རིགས་རྒྱུན་དང་རྫས་རྒྱུན་གཉིས་ཀའི་ཆ་མི་ལྡོག ཅེས་གསུངས་པའི་ཕྱིར།  

     ཡང་རིགས་ཆད་གང་ཟག་རྒྱུད་ཀྱི་ཕུང་པོ་དང་བདག་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར། རིགས་རྒྱུན་ཟད་པ་ཡོད་ན། ཐར་པ་ཐོབ་པ་ཡོད་པར་ཐལ་བ་དང་། ཐར་པ་ཐོབ་པ་མེད་དེ། རྒྱུད་བླ་མ་ལས། ལ་ལ་དཀར་པོའི་དགེ་རྩ་ཀུན་ཏུ་བཅོམ། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པའི་ཕྱིར། གསེར་ཕྲེང་ལས། སྤོང་བའི་དོན་ནི་གཉེན་པོ་མ་སྐྱེད་ན་རྒྱུད་དེ་ལ་སྤང་བྱའི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་ལས་དེ་སྐྱེས་སྟོབས་ཀྱིས་ཕྱི་མའི་རྒྱུན་མཐུད་པ་འགོག་པའོ། །ཞེས་གསུངས།  རྫས་རྒྱུན་འགྲོ་ཡང་རིགས་འདྲའི་རྒྱུན་མི་འགྲོ་ཟེར་ན། རིགས་འདྲའི་རྒྱུན་གྱི་ཚད་གང་ཡིན། མཐོང་ལམ་སྐད་ཅིག་དང་པོ་ལ་རིགས་འདྲའི་རྒྱུན་མེད་པར་གསུངས་པ་མཛོད་ལུགས་ཡིན་ལ། རང་ལུགས་ལ་དེའི་རིགས་འདྲའི་རྒྱུན་ཡོད་ན། དེའི་རྒྱུན་ལ་སྦྱོར་ལམ་འཇོག་གམ་གཞན་ཞིག་འཇོག ཡང་རྒྱུན་མཐའ་བའི་རྒྱུད་ཀྱི་རྣམ་སྨིན་གྱི་རྣམ་ཤེས་དེའི་རྒྱུན་ལ་གང་འཇོག ཡང་དེ་འདྲའི་རྣམ་ཤེས་དེ་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡོད་མེད་དང་། རྒྱུན་ལྡན་གྱི་ཤེས་པ་ཡིན་ན་རིག་པ་ཕྱི་མ་མཚམས་སྦྱོར་བས་ཁྱབ་མིན་སོགས་སྤྲོ་བྱ་མང་གསུངས། གསེར་ཕྲེང་ལས། མཐོང་ལམ་ཐོབ་པ་ན་ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤངས་པར་གསུངས་སོ། །ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤངས་པའི་ཚེ་དེའི་ཕུང་པོ་ལྔའི་རྒྱུན་སྤངས་པ་ཡིན་ནམ་ཉོན་མོངས་པའི་ཆ་སྤངས་པ་ཡིན། ཚད་མའི་བརྗེད་བྱང་ཆེན་མོ་ལས། དེ་གྲུབ་ན་བདེན་པ་བཞིའི་གནས་ལུགས་རྟོགས་པ་དང་ལྷན་ཅིག་ཏུ་འདུར་རུང་བར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་ཆོས་ཀྱི་བདག་འཛིན་ཟད་པ་དང་ཚོགས་པ་གཅིག་པའི་བདེན་བཞིའི་གནས་ལུགས་རྟོགས་པ་དེ་ལ་ཀུན་མཁྱེན་ཞེས་བྱའོ། །ཚུལ་འདི་དག་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་བསྒྲུབ་པའི་ཕྱོགས་ཙམ་ཡིན་ཏེ། མདོར་ན། ཟག་མེད་སྐད་ཅིག་དང་པོའི་རྒྱུན་དང་རིགས་འདྲའི་རྒྱུན་དང་རྫས་རྒྱུན་དང་རིགས་འདྲ་སྔ་མ་སོགས་མི་འདྲ་སྟེ། སྦྱོར་ལམ་ཆོས་མཆོག་ཐ་མ་པའི་རྒྱུད་ཀྱི་རིགས་ཤེས་རྗེས་དཔག་གིས་རིགས་འདྲ་ཕྱི་མ་མཚམས་སྦྱོར་ཞིང་རིགས་འདྲའི་རྒྱུན་ཕྱི་མ་མཚམས་མི་སྦྱོར་ཟེར་དགོས་པ་དང་། དེ་འདྲའི་རྗེས་དཔག་གི་རྒྱུན་དང་རྫས་རྒྱུན་སངས་རྒྱས་ཀྱི་སར་འགྲོ་དགོས་པ་འདྲ། ཟག་མེད་སྐད་ཅིག་དང་པོའི་རིགས་འདྲ་སྔ་མ་སྔོན་དུ་སོང་ཡང་དེའི་རིགས་འདྲའི་རྒྱུན་སྔ་མ་སྔོན་དུ་མ་སོང་སྟེ། དེའི་རིགས་འདྲ་སྔ་མ་ལ་ཟག་མེད་སྐད་ཅིག་དང་པོའི་ས་བོན་འཇོག་པའི་ཕྱིར། ས་བོན་དེ་དང་ཟག་མེད་ཤེས་པ་གཉིས་ཀྱི་རྒྱུན་རིགས་འདྲ་ཚུལ་མེད་པའི་ཕྱིར། བསྡུས་གྲྭའི་སྐབས་སུ་རྒྱུན་གྱི་ཚད་ལ་སྐད་ཅིག་སྔ་ཕྱི་འདུས་པའི་བདག་ཉིད་འཇོག་པ་བཞིན་དུ། རིགས་འདྲའི་རྒྱུན་གྱི་ཚད་ལ། རིགས་འདྲ་སྐད་ཅིག་སྔ་ཕྱི་འདུས་པའི་བདག་ཉིད་ཀྱི་འདུས་བྱས་འཇོག་དགོས་པ་འདྲ། རྫས་རྒྱུན་འདྲ་མིན་གྱི་ཚད་ནི་ཉེར་ལེན་འདྲ་མིན་ལ་བྱེད། རིགས་འདྲ་མིན་གྱི་ཚད་ནི་ལྡོག་པ་འདྲ་མིན་ལ་བྱེད་དམ། གང་ཟག་གི་བདག་འཛིན་ལ་རིགས་འདྲའི་རྒྱུན་སངས་རྒྱས་སར་འགྲོ་བའི་རིགས་དང་མི་འགྲོ་བའི་རིགས་གཉིས་ཡོད་དགོས་པ་འདྲ་སྟེ། གཉེན་པོའི་སྟོབས་ཀྱིས་རིགས་རྒྱུན་ཟད་པ་གཅིག་དང་། གསལ་རིགས་ཀྱི་ཆ་གཉིས་ཡོད་པ་ལས། དང་པོ་དེ་རྒྱུན་ཆད་པ་དང་། ཕྱི་མ་སངས་རྒྱས་སར་འགྲོ་ཟེར་དགོས་པ་འདྲ། གནས་སྐབས་རིགས་ཆད་མ་གཏོགས་རིགས་གཏན་ཆད་མེད་ཟེར་དགོས་པ་འདྲ། ཡང་སྦྱོར་ལམ་ཆོས་མཆོག་ཐ་མ་པའི་རྒྱུད་ཀྱི་རིགས་ཤེས་རྗེས་དཔག་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་ཅན་གྱི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྐྱེ་བ་ཕྱི་མ་སྒྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར།

      དེ་ལས་འཕྲོས་པའི་དགག་བྱ་ངོས་གཟུང་པ་དང་། དེ་འགོག་པའི་རིགས་པ་བཤད་པ་ལ། དང་པོ་ནི། རྣམ་འགྲེལ་ལས། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །ཞེས་པ་ལྟར་བློ་ལྷན་སྐྱེས་ལ་བདག་དང་ཕུང་པོ་ངོ་བོ་ཐ་དད་དུ་འཛིན་པ་ཡོད་དེ། དེ་ལ་ཚོང་པ་དང་ཚོང་ཟོག་ལྟར་ཞེ་ཐག་པ་ནས་བརྗེ་ན་བརྗེ་ཕོད་པ་ལྟ་བའི་འཛིན་པ་ཡོད་པ་གང་ཞིག དེ་ལྟར་འཛིན་པ་ལྷན་སྐྱེས་ཡིན་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། བློ་ལྷན་སྐྱེས་འདི་ལ། ཞེས་པ་ནས།  ཞེ་ཐག་པ་ནས་བརྗེ་ཕོད་པའི་བརྗེ་བ་པོར་མངོན་པར་ཞེན་པ་འདུག་པའི་ཕྱིར། ཞེས་དང་། རྣམ་ངེས་ཊཱིཀ་ཆེན་ལས། བློ་ལྷན་སྐྱེས་འདི་ལ། ཕུང་པོའི་ཚོགས་པ་དང་། ཡ་གྱལ་དང་། རྒྱུན་གང་ཡང་མིན་པའི་རང་དབང་པའི་གང་ཟག་དང་བྱེད་པོར་ཞེན་པ་ཡོད་དེ། ཞེན་པ་དེས་ཕུང་པོའི་ཚོགས་པ་འདི་ཙམ་ལ་གང་ཟག་ཏུ་བཏགས་པ་མ་ཡིན་ཏེ། ད་ལྟར་གྱི་ཕུང་པོ་འདི་དང་། ལྷའི་ལུས་ལྟ་བུའི་ཕུང་པོ་ཁྱད་པར་ཅན་བརྗེ་ས་བྱུང་ན། ངེས་པར་སྔ་མ་འདོར་ཞིང་། ཕྱི་མ་ལེན་པ་པོར་མངོན་པར་ཞེན་པར་འདུག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་བློ་ལྷན་སྐྱེས་ལ་བདག་ཕུང་པོ་དང་ངོ་བོ་ཐ་དད་དུ་འཛིན་པ་ཡོད་ན། བདག་ཕུང་ཐ་དད་དུ་འཛིན་པ་ཡོད་དགོས་པས། དེ་ལྟར་ན་དོན་གཞན་གྱི་རྟེན་གང་ཞིག་ངོ་བོ་ཐ་དད་དུ་འཛིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན།  དེའི་རྒྱུར་འཛིན་པ་ཡོད་དགོས་པའི་ཕྱིར་ཏེ། དེ་ལྟར་ཁས་ལེན་ན་དེའི་རྒྱུར་ཁས་ལེན་དགོས་པའི་ཕྱིར། ཁྱོད་རང་གི་ཁྱད་ཆོས་དོན་གཞན་གྱི་རྟེན་ཡིན་ན་དེའི་རྒྱུར་ཁས་ལེན་དགོས་ལ་ཞེས་གསུངས་པ་དང་འགལ། ཡང་དེ་ལྟར་ངོ་བོ་ཐ་དད་དུ་འཛིན་པ་བློ་ལྷན་སྐྱེས་ལ་མེད་དེ། བདག་དང་ཕུང་པོ་ངོ་བོ་ཐ་དད་དུ་འཛིན་པ་དེ་ཀུན་བརྟགས་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་དར་ཊཱིཀ་ལས། དེ་འདྲའི་གང་ཟག་རྗེ་བོ་དང་། ཕུང་པོ་དེའི་དབང་སྒྱུར་བྱར་འཛིན་པ་ནི། ཀུན་བཏགས་མ་གཏོགས་ལྷན་སྐྱེས་ལ་མེད་དོ་ཞེས་གསུངས།  ཡང་ཕུང་པོ་ལ་མ་ལྟོས་པའི་ང་རང་རྐྱ་བ་འཛིན་པའི་བློ་དེའི་ཞེན་ཡུལ་མེད་པ་རྟོགས་ན་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པས་ཁྱབ་ན། གང་ཟག་རྟོགས་ན་བདག་མེད་ཕྲ་མོ་རྟོགས་པས་ཁྱབ་པར་ཐལ། དེ་རྟོགས་ན་ཕུང་པོ་ལྔ་པོ་ལ་བརྟེན་ནས་བཏགས་པའི་སྐྱེས་བུ་རྟོགས་དགོས་པའི་ཕྱིར། དེ་རྟོགས་ན་ཕུང་པོ་ལྔ་པོ་གང་རུང་ལ་ལྟོས་པ་རྟོགས་དགོས། དེ་རྟོགས་ན་ཕུང་པོ་དང་ངོ་བོ་ཐ་དད་དུ་རྟོགས་དགོས་པའི་ཕྱིར། དེ་རྟོགས་ན་རང་རྐྱ་བའི་བདག་མེད་རྟོགས་དགོས་ཏེ། བདག་ཕུང་པོ་དང་ངོ་བོ་ཐ་དད་དུ་མེད་པ་སྟོང་ཉིད་ཡིན་པའི་ཕྱིར།  

      གཉིས་པ་དེ་འགོག་པའི་རིགས་པ་ནི། བདག་མེད་སྒྲུབ་པའི་རིགས་པ་ཡིན་མིན་དང་བདག་མེད་སྒྲུབ་པའི་ཚད་སོགས་དཔྱད་དགོས་ཏེ་འདི་ལྟར། གང་ཟག་ཆོས་ཅན། ཁྱོད་ཕུང་པོ་ལ་བཏགས་པ་ཙམ་མིན་པའི་རང་དབང་བའི་ཚུལ་དུ་མེད་དེ། དེ་ལྟར་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། ཞེས་པ་དང་། ཡང་ན་ཕུང་པོ་ལ་མ་ལྟོས་པའི་ང་རང་དབང་བ་དེ། ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་དུ་མེད་ན་རང་བཞིན་མེད་པས་ཁྱབ་སྟེ། དཔེར་ན་རི་བོང་གི་རྭ་བཞིན། གང་ཟག་རང་དབང་བ་དེ་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པོ། །ཞེས་པའི་སྦྱོར་བ་འདི་དག་གི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་སྟོང་པ་དང་བདག་མེད་འགྲུབ་ལ། ཞེས་ཀུན་བརྟགས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་སྟོང་པ་དང་བདག་མེད་རྟོགས་ན་བདག་མེད་རྟོགས་དགོས་པའི་ཕྱིར་ཏེ། ཀུན་བརྟགས་ཀྱི་ཞེན་ཡུལ་མེད་པ་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། གང་ཟག་གི་བདག་འཛིན་ཕྲ་མོ་ལ་ཀུན་ལྷན་གཉིས་ཡོད་པའི་ཕྱིར། རྟགས་སླ། དེར་མ་ཟད་མི་རྟག་སྡུག་བསྔལ་བཞི་དང་འགྱུར་བའི་རྣམ་པ་བཅུ་རྟོགས་རྗེས་ཀུན་འབྱུང་ལ་འཇུག་པར་བཤད་པའི་ཕྱིར་དང་། འཁོར་བའི་རྩ་བ་མ་རྟོགས་པར་ཀུན་འབྱུང་འཁོར་བའི་འཇུག་རིམ་རྟོགས་པ་མི་སྲིད་པའི་ཕྱིར། འདིའི་ཚིག་གི་འགྲེལ་ལ་བལྟས་ན་སྟོང་བདག་མེད་དང་འཛིན་སྟངས་དངོས་འགལ་དུ་གྱུར་པའི་ལོག་ཞུགས་ལ་བདག་འཛིན་ལྷན་སྐྱེས་ཤིག་ཨེ་ཡོད་སྙམ་འདུག  རྒྱུ་མཚན་གང་ཡིན་ཞེ་ན། བསྟན་པའི་སྒྲོན་མའི་བདེན་བཞིའི་རྣམ་བཞག་ལས། ལོག་ཞུགས་བཅུ་དྲུག་ཕལ་ཆེར་ཀུན་བཏགས་ཡིན་ཞེས་པའི་འགྲུབ་བསམ། ཚད་མའི་བརྗེད་བྱང་ལས། སྒྲོ་འདོགས་བཅུ་དྲུག་པོ་དེ་དག་ཕལ་ཆེར་ཀུན་བཏགས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་གང་ཞིག ཕྱི་མ་བཅུ་གཉིས་ལ་ཀུན་བརྟགས་ལས་འོས་མེད་ཅིང་། དང་པོ་བཞི་ཡང་མཐའ་གཅིག་ཏུ་ཀུན་བརྟགས་ཡིན་ན་ཕལ་ཆེར་ཞེས་སྨོས་དོན་མེད་པའི་ཕྱིར། ཡང་སྟོང་བདག་མེད་གཉིས་ཀྱི་ལྡོག་ཕྱོགས་ལྟར་གྲུབ་པར་འཛིན་པ་ལ་བདག་འཛིན་ལྷན་སྐྱེས་ཡོད་ན། ཐར་གསལ་ལས། ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་སྟོང་པ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ་ཞེས་ཀུན་ལྷན་སོ་སོར་བྱས་པའི་དགོས་པ་མེད་པར་ཐལ། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་དེ་གཉིས་ལ་བརྟེན་ནས་སྟོང་པ་དང་བདག་མེད་ཀྱི་ལྡོག་ཕྱོགས་ལྟར་གྲུབ་པར་འཛིན་པའི་བདག་འཛིན་ཀུན་ལྷན་གཉིས་ཀྱི་ཞེན་ཡུལ་རྣམ་པར་བཅད་པས་བདག་མེད་ཕྲ་རག་གཉིས་འགྲུབ་པའི་ཕྱིར། སྟོང་བདག་མེད་གཉིས་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ལོག་ཞུགས་ལ་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་མི་འཇོག་པར་ཐལ།  འདོད་པའི་ཕྱིར། འདོད་ན། མི་རྟག་སྡུག་བསྔལ་བདག་མེད་གསུམ་ལ་ཕྲ་རགས་གཉིས་གཉིས་བྱས་པའི་བདག་མེད་རགས་པ་ལ་གང་འཇོག་ཕྲ་རགས་གཉིས་མེད་ན་ཐར་ལམ་གསལ་བྱེད་དང་འགལ། རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་དེ་རགས་པའི་བདག་མེད་ལ་འཇོག་ན། ཕུང་པོ་མི་རྟག་པ་རྟོགས་པ་དང་མཉམ་དུ་དེ་འདྲའི་བདག་མེད་རྟོགས་འགྲོ་བའི་ཕྱིར། དེར་ཐལ། གསུམ་ལྡན་གྱི་བདག་ཏུ་གྲུབ་པ་ཁེགས་འགྲོ་བའི་ཕྱིར། དེར་ཐལ། ཡ་གྱལ་ཁེགས་ན་ཚོགས་པ་ཁེགས་དགོས་པའི་ཕྱིར། ཡང་དེ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ལོག་ཞུགས་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཏུ་གྲུབ་པར་འཛིན་པ་འཇོག་ན། ཕུང་པོ་མི་རྟག་པ་རྟོགས་པ་དང་མཉམ་དུ་བདག་མེད་རྟོགས་པ་ཡིན་པར་ཐལ། རང་རྐྱ་ཐུབ་པའི་བདག་མེད་རྟོགས་པའི་ཕྱིར། དེར་ཐལ། དེ་འདྲའི་བདག་ཏུ་གྲུབ་པ་ཁེགས་པའི་ཕྱིར། དེར་ཐལ། རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པ་ཁེགས་པའི་ཕྱིར། ཁྱབ་སྟེ། སྟོང་ཐུན་ལས། དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཁེགས་པ་དང་། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རྫས་ཡོད་དུ་གྲུབ་པ་རྣམ་པར་བཅད་ཙམ་དེ་ཉིད་རྟོགས་བྱ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པར། འདོད་པ་ལ་ཁྱད་པར་མེད་ཅིང་། ཞེས་གསུངས་པའི་ཕྱིར། ཡང་འདིའི་སྐབས་ཀྱི་བདག་མེད་ལ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་ཅིག་འཇོག་པར་ཐལ། ཕྱི་རོལ་བས་ཀུན་བཏགས་པའི་བདག་མེད་ཅིག་འཇོག་པའི་ཕྱིར། སྔགས་རིམ་ཆེན་མོ་ལས། རྣམ་པ་བཅུ་དྲུག་གི་སྐབས་ཀྱི་སྟོང་བདག་མེད་ནི་ཕྱི་རོལ་བས་ཀུན་བཏགས་པའི་བདག་མེད་པ་ཙམ་ཞིག་མེད་པར་ངེས་པ་ཡིན་པས་ཞེས་གསུངས། ཡང་དེ་མ་ཡིན་པར་ཐལ། སྟོང་བདག་མེད་གཉིས་ཀྱི་ནང་གི་བདག་མེད་རྟོགས་པའི་བློའི་ལོག་ཕྱོགས་ལྟར་གྲུབ་པར་འཛིན་པ་ལ་ལྷན་སྐྱེས་ཤིག་ཡོད་པའི་ཕྱིར། དེར་ཐལ། དེ་ལ་བདག་ཕུང་ངོ་བོ་ཐ་དད་དུ་འཛིན་པ་ཞིག་འཇོག་དེ་ལ་ལྷན་སྐྱེས་ཤིག་ཀྱང་ཡོད་པའི་ཕྱིར།  དེར་ཐལ། བསྟན་པའི་སྒྲོན་མེའི་བདེན་བཞིའི་རྣམ་བཞག་ལས། ཐལ་འགྱུར་བ་མ་གཏོགས་པས་ནི། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། ཞེས་སོགས་ལྟར་ངར་འཛིན་ལ་བདག་དེ་ཕུང་བོ་ཟོང་ལྟར་བརྗེ་བ་བོར་ཞེན་པ་ཡོད་པས་ངོ་བོ་ཐ་དད་ཀྱི་འཛིན་ཚུལ་ཚང་བར་འདོད་ཀྱང་། དེ་ནི་བློ་ལྷན་སྐྱེས་ཀྱི་སྣང་ཚུལ་ཡིན་གྱི་དཔྱད་ནས་བཞག་པ་མ་ཡིན་ལ་ཞེས་གསུངས། གཞན་ཡང་། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་གཉིས་ལ་བརྟེན་ནས་བདག་མེད་རགས་པ་འགྲུབ་པ་ལས་ཕྲ་མོ་མི་འགྲུབ། རྩ་བའི་རྟགས་ལ་བརྟེན་ནས་བདག་མེད་ཕྲ་མོ་འགྲུབ་པ་ཡིན་ཟེར་ན། ཚད་མའི་བརྗེད་བྱང་ལས། རང་བཞིན་གཅིག་དང་ཐ་དད་ཀྱི་སྟོང་པ་དེ་རང་བཞིན་མེད་པའི་དོན་ལྡོག་ཡིན་པས་ཐ་སྙད་སྒྲུབ་པ་འབའ་ཞིག་ཡིན་གྱི་དོན་ལྡོག་མ་ཡིན་ཏེ། རང་བཞིན་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་རང་བཞིན་གྱིས་གྲུབ་པ་ཕུང་པོ་གསུམ་པའི་དོན་གྱི་སྒྲོ་འདོགས་སྐྱེ་ས་མི་སྲིད་པའི་ཕྱིར། ཞེས་གསུང་པའི་ཕྱིར། ཡང་རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་ཞེན་ཡུལ་མེད་པ་རྟོགས་ན་བདག་མེད་རྟོགས་སོང་བ་ཡིན་ན། རྩ་བའི་རྟགས་ཀྱི་བསྒྲུབ་བྱ་གྲུབ་འགྲོ་བས་ཕྱོགས་ཆོས་རྟོགས་ན་བསྒྲུབ་བྱ་རྟོགས་པར་ཐལ་བ་དང་། ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་མེད་པ་དེ། ཕུང་སོགས་ལ་མ་ལྟོས་པའི་ང་རང་དབང་བ་རང་བཞིན་གྱིས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་བ་སོགས་འཕེན། ཡང་རྟགས་དེ་གཉིས་ལ་བརྟེན་ནས་སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་བདག་མེད་རྟོགས་ཀྱང་བདག་མེད་རྟོགས་མི་དགོས་ཏེ། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་མི་རྟག་སྡུག་བསྔལ་བདག་མེད་གསུམ་ལ་ཕྲ་རགས་གཉིས་གཉིས་ཡོད་པས། དེའི་ཁྱད་ཆོས་སུ་གྱུར་པའི་བདག་མེད་རགས་པ་རྟོགས་ན་རྩ་བའི་རྟགས་ཀྱི་བདག་མེད་རྟོགས་མི་དགོས་ཞེས་གསུང་མཁན་ཡང་ཡོད་དེ། ཐར་ལམ་གསལ་བྱེད་ལས། ལས་དང་ཉོན་མོངས་པའི་གཞན་དབང་ཅན་དུ་ཁོང་དུ་ཆུད་པ་ན་རང་དབང་བའི་གང་ཟག་མེད་པར་ཡང་ཁོང་དུ་ཆུད་པར་འགྱུར་རོ། །རགས་པའི་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་གསུམ་གྱི་གོ་རིམ་ནི་གོ་བར་ཟད་དོ་ཞེས་གསུངས་འདུག  དེ་ལ་འདི་ལྟར་དེའི་ཁྱད་ཆོས་སུ་གྱུར་པའི་བདག་མེད་རགས་པ་ལ་རྟག་གཅིག་རང་དབང་ཅན་གྱི་སྟོང་པའི་བདག་མེད་འཇོག་པ་ཡིན་ན། དེ་འདྲའི་བདག་མེད་སྡུག་བདེན་མི་རྟག་པ་རྟོགས་པ་དང་མཉམ་དུ་རྟོགས་ཟིན་པས་དེའི་རྗེས་སུ་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་སྐབས་བསྒྲུབ་མི་དགོས་པར་ཐལ། དེའི་སྔོན་ནས་གྲུབ་ཟིན་པའི་ཕྱིར། རྟགས་དེར་ཐལ། རྟག་པ་ཁེགས་ན་རྟག་གཅིག་རང་དབང་ཅན་གྱི་བདག་ཁེགས་དགོས་པའི་ཕྱིར། དེར་ཐལ། ཡ་གྱལ་ཁེགས་ན་ཚོགས་པ་ཁེགས་དགོས་པའི་ཕྱིར། གོང་དུ་འདོད་ན།  རྩ་བར། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་གསུངས་པ་མི་འཐད་པར་ཐལ། མི་རྟག་པ་རྟོགས་མ་ཐག་བདག་མེད་རྟོགས་པའི་ཕྱིར། རྟགས་ཁས། ཀུན་མཁྱེན་ཡིག་ཆས་ལུང་འདི་ལ་བརྟེན་ནས་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་རྟོགས་རིམ་བདུན་དུ་གསུངས་འདུག  བསྟན་པའི་སྒྲོན་མེའི་ཕར་ཕྱིན་མཆན་ལས། སྟོང་བདག་མེད་གཉིས་གྲོལ་ལམ་དངོས་དང་སྒོམ་པ་ལྷག་མ་ཞེས་པའི་འབྲི་བསྣོན་དུ་ཊཱིཀ་ཆེན་ཐར་གསལ་གཉིས་ཀར་མི་རྟག་སྡུག་བསྔལ་ཙམ་ལས་མ་གསུངས་ཞེས་གསུངས་པའི་ཕྱིར། ཡང་སྡུག་བདེན་རྟོགས་ན་མི་རྟག་སོགས་བཅུ་དྲུག་རྟོགས་པས་ཁྱབ་པར་ཐལ། དེ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པས་ཁྱབ་བ་གང་ཞིག རྩ་བའི་རྟགས་ཀྱི་བསྒྲུབ་བྱ་གང་ཟག་གི་བདག་མེད་རྟོགས་ན་འགོག་བདེན་དང་ལམ་བདེན་སོགས་རྟོགས་པས་ཁྱབ་པའི་ཕྱིར་ཏེ། དེ་རྟོགས་ན་མི་རྟག་སོགས་བཅུ་དྲུག་རྟོགས་པས་ཁྱབ་སྟེ། སྡེ་བདུན་ལས། དེས་ན་གང་ཟག་གི་བདག་མེད་རྟོགས་ན་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་རྟོགས་དགོས་པ་ཡིན་ཀྱང་། རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་སྨྲ་བ་ནི་ནོར་པ་ཁོ་ནའོ། །ཞེས་གསུངས། དེ་འདོད་ན། ཡང་གོང་གི་རྩ་བར་འགལ། གོང་གི་རྟགས་དང་པོ་དེར་ཐལ། སྡུག་བདེན་རྟོགས་ན་གང་ཟག་གི་བདག་མེད་རྟོགས་དགོས་པའི་ཕྱིར་ཏེ། དེ་རྟོགས་ན་ཀུན་ཉོན་ཕྱོགས་ཀྱི་བདེན་པ་གང་ཞིག  མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཁྱད་པར་དུ་བྱས་པ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། དེ་རྗེ་བཙུན་ཡིག་ཆས་སྡུག་བདེན་གྱི་མཚན་ཉིད་དུ་བཞག་པའི་ཕྱིར། རྟགས་གྲུབ་སྟེ། སྡུག་བདེན་བདག་མེད་ཀྱི་ཁྱད་པར་དུ་བྱས་པ་རྟོགས་ན་བདག་མེད་རྟོགས་དགོས་པའི་ཕྱིར། དེར་ཐལ། རྗེ་བཙུན་དབུ་མའི་སྤྱི་དོན་ལས། དངོས་སྨྲ་བའི་རྒྱུད་ལ་སྙིང་རྗེ་ཡོད་ཀྱང་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་མེད་པའི་ཕྱིར་ཏེ། བདེན་པས་སྟོང་བཞིན་དུ་དེར་ཞེན་པའི་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་པའི་སྙིང་རྗེ་མངོན་གྱུར་དུ་འབྱུང་བ་ལ། སེམས་ཅན་བདེན་པར་མེད་སྙམ་པའི་བློས་དངོས་སུ་ཟིན་པ་དགོས་པའི་ཕྱིར།

      གཞན་ཡང་། སྡེ་བདུན་ལས། དེས་ན་ཕུང་པོ་བདག་མེད་དུ་སྒྲུབ་པའི་རྩ་བའི་རྟགས་ནི། རང་བཞིན་མ་དམིགས་པའི་རྟགས་ཡིན་ལ། དེའི་ཁྱབ་པ་སྒྲུབ་པའི་རྟགས་ནི་འགལ་ཟླ་དམིགས་པའི་རྟགས་ཡིན་ཅིང་ཕྱོགས་ཆོས་ཀྱི་ཟུར་དང་པོ་རང་བཞིན་གྱི་རྟགས་དང་། ཕྱི་མ་འབྲས་རྟགས་ལ་བརྟེན་ནས་ངེས་དགོས་པ་ཡིན་ནོ། །ཞེས་གསུངས་པས་འགལ་ཟླ་དམིགས་པའི་རྟགས་དང་འབྲས་རྟགས་ལ་གང་འཇོག་དཔྱད་པར་འཚལ། རང་བཞིན་གྱི་རྟགས་ལ། གང་ཟག་ཆོས་ཅན། རང་དབང་བའི་བདག་དང་རང་བཞིན་གཞན་དུ་ཡོད་པ་མ་ཡིན་ཏེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། ཞེས་ཊཱིཀ་ཆེན་དུ་དེ་ལྟར་བཀོད་ཡོད། དགོངས་པ་རབ་གསལ་ལས། དེ་ཡང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་དང་། བདེན་འཛིན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀ་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང་། དེས་བཟུང་བའི་བདེན་གྲུབ་ལེགས་པར་ངོས་ཟིན་པ་ནི་གནད་ཤིན་ཏུ་ཆེ་སྟེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། དེ་ལ་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གང་ཟག་རྐང་ལག་སོགས་ཀྱི་ཆོས་ལས་རྫས་གཞན་དུ་འཛིན་པ་ཡིན་པས་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དེ། འཇུག་པ་ལས། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པ་ལྟར་སངས་རྒྱས་བསྐྱངས་ཀྱིས་ཀྱང་གསུངས་སོ། །

       བོད་ཁམས་ན་ཆེས་ཚད་གཞི་ལྡན་པའི་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་དགོན་ཁག་ལྔ་བཅུ་ལྷག་གི་དགེ་འདུན་འདུས་ཚོགས་སུ་འཆད་རྩོད་བྲིས་གསུམ་གྱིས་རྣམ་འགྲེལ་རབ་འབྱམས་པའི་རྒྱུགས་སྤྲོད་སྐབས་ཀྱི་ཟིན་བྲིས། ཞེས་པ་འདི་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་གི་སྐྱོར་མིང་བ་ཀླུ་སྒྲུབ་ཆོས་འཕེལ་གྱིས་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མཁན་མིང་པ་བློ་བཟང་ནས། 2022/2/8 སྤེལ་དུས:2022/2/8
ཨ་མཆོག་སྐྱོར་དཔོན་འདིའི་རྩོམ་ཡིག་ལ་མཇལ་བས་བློ་སྐྱེད་མང་པོ་རག་སོང་། ཚིག་དོན་གང་གི་ཆ་ནས་དེང་དུས་ཀྱི་གསུངས་རྩོམ་ཡག་ཤོས་རེད། གསུངས་རྩོམ་རྗེས་མ་ཚོ་ལ་སྒུག་ཡོད།
 སྤེལ་མཁན: སེར་ཤུལ་ཨ་བྷྱ་བསམ་འགྲུབ་ནས། སྤེལ་དུས:2021/12/2
ཨ་མཆོག་སྐྱོར་དཔོན་ཀླུ་སྒྲུབ་ཆོས་འཕེལ་གྱིས་ནང་དོན་ཟབ་ལ་ཚིག་སྦྱོར་ཡག་པ། ཤེས་བཞིན་དུ་ཡིག་ནོར་མ་བྲིས་པ་འདི་ཚོ་ནི་གུང་ཐང་བླ་མ་དང་ཨ་མཆོག་པཎྜིཏའི་རྗེས་སུ་འཇུག་སྟངས་ཤིག་ལོས་སྙམ་ནས་དགའ་སོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
29965720
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1