རྒྱང་རིང་གི་གྲོགས་ལ་སྦྲིངས་པའི་མགྱོགས་འཕྲིན།
ཐེ་བོ་དཀོན་སེང་།
སྐྱབས་མཆོག་གང་གི་བྱམས་བརྩེ་གྲུ་ཆར་གྱིས།།
སྐྱེ་དགུའི་ཕན་དང་བདེ་བའི་ལོ་འབྲས་ཚོགས།།
སྨིན་མཛད་བསླུ་མེད་མཆོག་གསུམ་བྱིན་མཐུ་ཡིས།།
ཕྱི་ཐག་རིང་བའི་གྲོགས་ཁྱེད་རྣམ་ཀུན་སྲུངས།།
རྣམ་པར་དཀར་བའི་ཚལ་དུ་སྐྱེད་བསྲིངས་པའི།།
མི་ཡི་ལུས་རྟེན་པད་དཀར་ལྗོན་པ་ལ།།
བར་གེགས་ཉེ་ཞོའི་བ་མོས་མ་རེག་པར།།
གཞན་ཕན་ལས་ལ་སྦྲང་རྩིའི་ཁུར་འཛིན་བཞིན།།
བདོག་པའི་སྐྱེས་ཀྱི་འདབ་ཟུང་རབ་གཡོ་ཞིང་།།
དོན་ལྡན་སེམས་གཏམ་སྙན་པའི་འགྱུར་ཁུག་ཅན།།
རྒྱང་རིང་མགྱོགས་འཕྲིན་བུང་བའི་རྩེད་འཇོ་ཡིས།།
ཡིད་ལ་སྔོན་མེད་སྤྲོ་དགའི་ཚོར་བ་བསྐྲུན།།
འདི་ན་ཆོས་མིན་ཆོས་སུ་རློམ་པའི་གདུགས།།
འདེགས་སྐད་ཚུལ་འཆོས་ཟིན་མེད་བྱ་བཞག་གིས།།
འདི་ཕྱིར་ཕན་པའི་དགེ་ལས་སྐལ་འཕྲོག་ཀྱང་།།
ཅི་ཡང་མི་སྙམ་ལུས་སེམས་བདེ་བར་གནས།།
འཚམ་ཞུས།
རྣམ་དཀར་ལས་འབྲས་ཚུལ་ལས་མི་འདའ་ཞིང་།།
རྣམ་གཞག་སྣ་མང་གནའ་དེང་གཞུང་ལུགས་ལ།།
གང་ནུུས་གུས་རྟག་བརྩོན་པ་བསྟེན་པའི་ངང་།།
གང་ཚེ་འཚོ་བ་དོན་ལྡན་བྱེད་པར་འཚལ།།
བཀའ་བཞིན་སྒྲུབ་པའི་སྒྲུབ་མཆོད་དམ་པ་འདི།།
མཆོད་པ་ཀུན་གྱི་ཕུལ་དུ་གསུངས་པས་ན།།
མགོན་པོ་གང་གི་གསུང་བཞིན་བསྒྲུབ་པ་ལ།།
ཕྱི་བཤོལ་མེད་པར་དུས་སུ་སྒྲུབས་ཤིག་གྲོགས།།
འདོད་མོས་མི་འགྱངས་དོན་སྨིན་འོངས་བའི་སླད།།
བླ་མ་ཡི་དམ་ཆོས་སྲུང་མཐུ་རྩལ་གྱིས།།
སྲུང་ཞིང་ཚེ་ལྷག་དགེ་སྦྱོར་ལྷོད་མེད་ཀྱིས།།
མི་རིང་མཇལ་བའི་གསོལ་སྨོན་ཡང་ཡང་བགྱིད།།
དེ་སྐད་གྲུབ་པའི་ཞིང་མཆོག་རང་དགོན་གྱི།།
རང་ཤག་འདུ་ཤེས་གསུམ་པའི་དགའ་ཚལ་ནས།།
མི་འགྱུར་མཛའ་སེམས་རྟེན་བཅས་སྟོན་ཟླ་ཡི།།
ཡར་ཚེས་བདུན་ལ་གུས་པས་སྦྲིངས་པ་དགེ།
|