དགེ་བཤེས་ཉི་མ་མཆོག་གི​་བསླབ་བྱ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དགེ་བཤེས་ཉི་མ་མཆོག་གི​་བསླབ་བྱ།
དགེ་བཤེས་ཉི་མ་མཆོག་གི​་བསླབ་བྱ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2023/1/25ལྟ་ཀློག (26097)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་བཤེས་ཉི་མ་མཆོག་གི་བསླབ་བྱ།

   སྟོང་སྐོར་དགོན་གྱི་མ་ཎིའི་དུང་སྒྲུབ་སྐབས་སྐྱ་སེར་སྟོང་ཕྲག་དུ་མ་འཚོགས་པའི་དབུས་སུ་ཕྱི་ལོ་༢༠༢༣ བོད་ཟླ་༡༢ ཚེས་༡ ཉིན། དགེ་བཤེས་ཉི་མ་རིན་པོ་ཆེས་གནང་བའི་བསླབ་བྱ།

   ཐོག་མར་དགེ་བཤེས་ཉི་མ་མཆོག་གིས།

   འོ་ལགས་སོ། སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ངོས་ནས་མཛད་སྒོ་འཚོགས་བཞིན་པ་དང་དེ་རིང་ཕྱི་ལོ་༢༠༢༣ རེད། འོན་ཀྱང་། རྒྱུགས་སྤྲོད་ཀྱི་རིམ་པ་རྣམས་ལ་གཟེངས་བསྟོད་གནང་བ་འདི་དག་༢༠༢༢ ལོའི་མཛད་སྒོ་ཡིན། དེ་ཡང་། རྩོད་རྒྱུགས། བྲིས་རྒྱུགས། བློ་རྒྱུགས། ཡིག་གཟུགས་བཅས་རྒྱུགས་སྤྲོད་ཀྱི་རིམ་པ་དང་། དེ་དག་ལ་བྱ་དགའ་འབུལ་བ་སྟེ། གཟེངས་བསྟོད་གནང་བར་མཛད་སྒོ་འཚོགས་པ་ཐམས་ཅད་ཐོས་བསམ་སློབ་གཉེར་གོང་འཕེལ་དུ་འགྲོ་བའི་ཐབས་ཁོ་ན་ཡིན། འདི་འདྲའི་མཛད་སྒོ་རྒྱ་ཆེར་འཚོགས་རྒྱུ་ཡོད་པ་དེ་ངེད་སྟོང་སྐོར་དགོན་པར་མ་ཟད་དགོན་སྡེ་ཐམས་ཅད་ཀྱི་ལུགས་སྲོལ་ལྟ་བུར་གྱུར་ཡོད་ལ། དེ་ནི་སློབ་གཉེར་བ་བདག་སྐྱོང་བྱེད་པའི་ཐབས་ཀྱི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན། དེ་མ་གཏོགས་ཀུན་གྱིས་སློབ་གཉེར་བྱེད་པ་དེ་རྒྱུགས་འཕྲོད་པ་ཙམ་དང་། བརྒྱ་ཆ་ཐོབ་པ་ཙམ་དང་། བྱ་དགའ་ལེན་པ་ཙམ་གྱི་ཆེད་དུ་གཏན་ནས་མིན། དེས་ན།

༡ སློབ་གཉེར་རྩ་ཆེ་བའི་སྐོར།

    དང་པོ་སློབ་གཉེར་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་འདྲ་བོ་ཅུང་ཟད་ལས་སྐད་ཆ་མང་དུ་མི་བཤད། མི་ཞིག་ལ་མཚོན་ན། སློབ་སྦྱོང་མེད་ན་མིག་མེད་པ་སྟེ་ལོང་བ་དང་མཚུངས་པས་ལོང་ཁྲིད་མེད་ན་ལོང་བ་གྲོང་འཁྱེར་དུ་སོང་ནས་བདེ་སྐྱིད་འཐོབ་མི་སྲིད། བྱས་ཙང་། མི་ཞིག་གིས་རང་ལ་སློབ་སྦྱོང་མི་དགོས་ཟེར་ན་རང་ཉིད་ལ་མིག་མི་དགོས་ཟེར་བ་དང་མཚུངས། དེ་ལས་ཀྱང་དགོན་པ་ཞིག་ལ་སློབ་སྦྱོང་མེད་ན། མིག་མ་ཟད་རྐང་ལག་སོགས་ཡན་ལག་གཞན་རྣམས་མེད་པ་དང་མཚུངས་ཏེ། དེང་སང་ཐོས་བསམ་སློབ་གཉེར་ཡར་རྒྱས་འགྲོ་བའི་ཐབས་སུ་ཤེས་ཡོན་གྱི་ཐོག་ནས་དགོན་པ་གཞན་དག་ཕན་ཚུན་འགྲན་བསྡུར་བྱེད་བཞིན་ཡོད། གང་ལ་སློབ་སྦྱོང་མེད་ན་འགྲན་བསྡུར་འགྲོ་བར་ཆ་རྐྱེན་གཏན་ནས་མེད། སློབ་སྦྱོང་མེད་པའི་དགོན་པ་དེ་གཞན་གྱི་གྲལ་དུ་མི་འཚུད། གཞན་ཡང་། ཆུང་ས་ནས་བཤད་ན་སློབ་སྦྱོང་དེ་རང་དོན་རེད། འབྲིང་ས་ནས་དེ་དགོན་པའི་དོན་དང་། ཆེ་ས་ནས་དེ་མི་རིགས་ཀྱི་ཆེད་དང་། དེ་ལས་ཀྱང་ཆེ་ས་ནས་བཤད་ན་དེ་འཛམ་གླིང་དང་ཡོད་ཚད་ཀྱི་ཆེད་དུ་རེད། དེ་ཡིན་ཙང་། ཡོད་ཚད་ཀྱིས་སློབ་སྦྱོང་གི་ཕྱོགས་ལ་མཐུན་རྐྱེན་བསྐྲུན་གྱི་ཤིན་ཏུ་གལ་ཆེ། གྲྭ་པར་མ་ཟད་མི་སྐྱ་རྣམས་ཀྱིས་ཀྱང་སློབ་སྦྱོང་གི་ཕྱོགས་ལ་ཤུགས་བརྒྱབ་དགོས། སྔོན་དང་མ་འདྲ་བར་གནས་ཚུལ་དེ་རྣམས་ཤེས་མཁན་ཅུང་ཟད་ཡོད་པས་དེང་སང་དམངས་ཁྲོད་དུ་ཅུང་ཟད་ཡར་རྒྱས་སོང་ཡོད། འོན་ཀྱང་། ད་རུང་སློབ་སྦྱོང་གལ་ཆེན་དུ་བརྩི་མི་ཤེས་མཁན་གཉིད་བསྡད་ཡོད་མཁན་ཡང་ཡོད། སྤྱིར་གངས་ཅན་ལྗོངས་སུ་དགོན་པ་སྟོང་ཕྲག་ལྔ་དྲུག་ལྷག་ཅིག་ཡོད། དེ་ཐམས་ཅད་སློབ་སྦྱོང་གི་ཆེད་དུ་བཙུགས་པ་ཤ་སྟག་རེད། དེ་ཡིན་ཙང་། རྗེ་ཟླ་བ་རྒྱལ་མཚན་གྱིས་ཀྱང་དགོན་པ་གསར་འཛུགས་གནང་བ་དེ་སློབ་སྦྱོང་གི་ཆེད་དང་། དེ་བཞིན་དུ་རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཆོས་གྲྭ་གསར་འཛུགས་གནང་བ་དེའང་སློབ་སྦྱོང་གི་ཆེད་དུ་རེད། དེང་སང་ལ་མཚོན་ན། དགོན་པ་གསར་འཛུགས་བྱེད་པ་ཕར་ཞོག །ལྷ་ཁང་ཞིག་གསར་བཟོ་བྱེད་པ་ལའང་ཆོག་མཆན་འཐོབ་དཀའ་མོ་རེད། རེད་དེ། ང་ཚོ་ལ་ཐོས་བསམ་སློབ་གཉེར་ཡར་རྒྱས་གཏང་བ་དང་དེའི་རྒྱུན་མཐུད་པ་བྱེད་པ་ལ་དབང་ཆ་ཡོད།

ངས་བསམ་ན། དགོན་པ་གསར་འཛུགས་གནང་བ་དེ་རྩ་ཆེན་པོ་རེད། དེ་ལས་ཀྱང་དགོན་པ་གནས་པ་དེ་རྩ་ཆེ། དེ་ལས་ཀྱང་དགོན་པ་དར་བ་དེ་རྩ་ཆེ། གལ་ཏེ་དགོན་པ་དེ་ལ་ཡར་རྒྱས་མེད་ན་དགོན་པ་འཛུགས་པའི་དགོས་པ་མ་འགྲུབ་པ་རེད། བྱས་ཙང་། དགོན་པ་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན། སློབ་སྦྱོང་བྱེད་མཁན་དེ་དག་གསོ་སྐྱོང་ལེགས་པར་བྱེད་པའི་སྒོ་ནས་ཡར་རྒྱས་འགྲོ་དགོས་པ་རེད། གལ་ཏེ་དགོན་པ་དེར་སློབ་སྦྱོང་མེད་ན་ཡར་རྒྱས་རྩ་བ་ནས་འགྲོ་ཐབས་མེད། སློབ་སྦྱོང་མེད་པའི་དགོན་པ་དེ་དགོན་པའི་གཟུགས་བརྙན་ཙམ་ལས་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་དར་མེད། དེང་སང་འཛམ་གླིང་གི་ཚན་རིག་པ་འགས། མཛུབ་མོ་གཅིག་མནན་པའང་འགུལ་སྐྱོད་ཀྱི་བྱ་བ་གཅིག་གིས་འཛམ་གླིང་གཏོར་ཐུབ་ཅེས་བཤད་ཀྱིན་ཡོད། དེ་བཞིན་དུ་མོའུ་འགལ་གྱི་བུ་ལྟ་བུའི་དགྲ་བཅོམ་པ་གཅིག་གིས་ཕྱག་འཛུབ་གཅིག་གིས་འཛམ་གླིང་གི་གོ་ལ་དེ་མདའ་འཕེན་པ་ལྟར་ཡུལ་གཞན་དུ་འཕངས་བཞག་ནའང་འཕེན་པའི་ནུས་པ་ཡོད། འོན་ཀྱང་། ཡུལ་ཞིག་ལ་སློབ་སྦྱོང་མེད་པ་གང་ཞིག་དགྲ་བཅོམ་པ་ལྟ་བུ་ཞལ་བཞུགས་ཡོད་ནའང་། ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་དར་བའི་ཐབས་མེད། དེ་ལྟ་བུའི་སློབ་སྦྱོང་ནི་རྩ་ཆེན་པོ་ཞེ་དྲག་རེད།

    དགོན་སྡེ་འདིར་རྒྱུགས་སྤྲོད་ཀྱི་མཛད་སྒོ་ཚོགས་ཏེ་བྱ་དགའ་འབུལ་བ་བཅས་ལས་འགུལ་སྤེལ་བའི་བྱ་བ་ཐམས་ཅད་རྗེ་ཟླ་བ་རྒྱ་མཚན་སོགས་དམ་པ་གོང་མའི་ཕྱག་རྗེས་རྣམས་ཡུན་རིང་དུ་རྒྱུན་མཐུད་པའི་ཆེད་དུ་ཡིན། དག་པའི་ཞིང་ཁམས་ནས་རྗེ་ཟླ་བ་རྒྱལ་མཚན་སོགས་དམ་པ་གོང་མ་རྣམས་ཀྱིས་ནམ་ཡང་ངེད་ཅག་ལ་གཟིགས་བསྡད་ཡོད་པས་ངེད་ཅག་གི་བྱ་བ་ཆ་ཚང་ཁོང་རྣམ་པ་ཚོས་ཅི་བཞིན་མཁྱེན་རྒྱུ་རེད། དེ་མཁྱེན་དེས། བླ་རྒན་ཚོ་ལ་ནུས་པ་མེད་ནའང་བསྟན་པ་གནས་ཐབས་སུ་ཅི་དགའ་གང་དགའ་དུས་ད་ལྟར་ལའང་བྱེད་བཞིན་འདུག་བསམས་ནས་ཐུགས་དགྱེས་རྒྱུ་རེད། མཆོད་པ་ནང་ནས་མཆོག་ཏུ་གྱུར་པ་ནི་ཐུགས་དགྱེས་པའི་མཆོད་པ་ཡིན། དཔེར་ན། དགེ་བཤེས་འབན་གུང་རྒྱལ་ཟེར་བའི་བཀའ་གདམས་པ་དེས་ཞོགས་པར་གཙང་སྤྲ་བྱས་ནས་ཡོན་ཆབ་ཕུལ་ཏེ་རང་སེམས་ལ་དཔྱད་པ་ན་དེའི་ཉིན་མོར་འགྲུལ་པ་ཞིག་འོང་རྒྱུ་ཡོད་པས་དེའི་མདུན་དུ་འཇིག་རྟེན་ཆོས་བརྒྱད་ཡིན་པར་དྲན། དེ་མ་ཐག་ཏུ་དམ་པ་ཁོང་གིས་ཡོན་ཆབ་ཀྱི་ཐོག་ལ་འཐས་མཆོད་བསྐོན་པ་རེད། སངས་རྒྱས་བྱང་སེམས་རྣམས་ཀྱིས་མངོན་ཤེས་ཀྱིས་དེ་མཁྱེན་ནས། དེ་རིང་གི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། དགེ་བཤེས་འབན་གུང་རྒྱལ་ཀྱི་མཛད་པ་དེ་མཆོག་ཏུ་གྱུར་པ་ཡིན་ཞེས་གསུངས་ཡོད། བྱས་ཙང་། དེ་བཞིན་དུ་རང་ཅག་ལ་ནུས་པ་གང་ཡོད་ཀྱིས་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་མཛད་སྒོ་འཚོགས་པ་དང་བྱ་དགའ་འབུལ་བ་སོགས་བྱས་ན་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཅི་བཞིན་མཁྱེན་ནས་ཐུགས་དགྱེས་རྒྱུ་རེད། དམ་པ་དེ་དག་ཐུགས་དགྱེས་པ་དེ་མཆོད་པའི་ནང་ནས་མཆོག་ཏུ་གྱུར་པ་ཡིན། དེས་ན།

སྟོང་སྐོར་དགོན་པ་ནང་དུའང་སློབ་མ་རྣམས་ཀྱིས་དུས་རྣམ་ཀུན་ཏུ་སློབ་སྦྱོང་གི་ཕྱོགས་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། དགོན་འདིར་མི་ལོ་ཉི་ཤུ་ལྷག་གི་རིང་གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་མཐར་ཕྱིན་པ་བྱས་ནས་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་མཁན་ཡང་ཡོད། སྤྱིར་གནའ་སྔ་མོར་བོད་དུ་དགེ་བཤེས་ལྷ་རམས་གཏོང་རྒྱུའི་ལུགས་སྲོལ་ཡོད། འོན་ཀྱང་། རྒྱུགས་སྤྲོད་ལ་ཞུགས་ནས་དགེ་བཤེས་གཏོང་རྒྱུའི་ལུགས་སྲོལ་མེད། རྒྱུགས་སྤྲོད་ལ་བཞུགས་ནས་དེའི་སྲོལ་ནི་སྔར་ཡུན་རིང་མ་སོང་བའི་སྐབས་ཞིག་ལ་འཕགས་ཡུལ་དུ་གསར་འཛུགས་གནང་བ་རེད། དེའི་རྗེས་སུ་བོད་ནང་དུའང་དེ་བཞིན་དུ་གསར་འཛུགས་བྱས་ནས་ན་ནིང་༢༠༢༡ ལོར་བྱ་ཁྱུང་དགོན་དུ་དགེ་ལུགས་རྒྱུགས་སྤྲོད་ཀྱི་རིམ་པ་ཐེངས་དང་པོ་རེད།

    ད་ལོ་༢༠༢༢ ལོར་རྫ་དཔོན་པོ་དགོན་དུ་དགེ་ལུགས་རྒྱུགས་སྤྲོད་ཐེངས་གཉིས་པའི་སྐབས་སུ་སྟོང་སྐོར་དགོན་པའང་དེའི་ནང་དུ་ཞུགས་རྒྱུའི་གོ་སྐབས་འཐོབ་ཡོད། འདི་དག་ནི་ལོ་རྒྱུས་ཐོག་ལ་བོད་ནང་དུ་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་རྒྱུའི་ཐོག་མ་ལྟ་བུ་ཆགས་འགྲོ་ལུ་རེད། དེ་བཞིན་དུ་འདིར་བཞུགས་པའི་འཛིན་གྲྭ་འོག་མ་རྣམས་རིམ་པ་བཞིན་དུ་དགེ་ལུགས་རྒྱུགས་སྤྲད་ལ་ཞུགས་ནས་དགེ་བཤེས་ལྷ་རམས་གཏང་རྒྱུ་ནི་ངེད་ཀྱིས་ཆ་གཞི་ཏོན་བཞིན་ཡོད། སློབ་གླིང་འདིར་ཕར་ཕྱིན་དང་དབུ་མར་བལྟས་ནས་འདུལ་བའི་འཛིན་གྲྭའང་ཡོད། ཕར་ཕྱིན་བལྟས་ནས་དབུ་མའི་འཛིན་གྲྭའང་ཡོད། ཕར་ཕྱིན་ཆ་ཚང་བལྟ་ཚར་མཁན་ཡང་ཡོད། དེ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་རྗེ་ཟླ་བ་རྒྱལ་མཚན་སོགས་ཀྱི་བསྟན་པ་རྒྱུན་འཛིན་དང་དར་སྤེལ་གྱི་ཆེད་དུ་འབད་བརྩོན་བྱེན་གྱིན་ཡོད་པ་རེད།

    ངེད་ཀྱིས་ཀྱང་དགོན་འདིའི་ཆེད་དུ་དཀའ་ལས་བརྒྱབ་ནས་མི་ལོ་མང་དུ་སོང་ཡོད། འོན་ཀྱང་། དུས་ཡུན་རིང་སོང་ན་དེ་བཟང་བའི་ངེས་པ་མེད་དེ། བླ་ཆེན་གྱི་བྱ་བ་ཡིན་མིན་ནི་བྱ་བའི་ངོ་བོ་བཟང་ངན་ལ་བལྟ་དགོས་པས་དུས་ཡུན་རིང་སོང་བ་ཙམ་གྱིས་བྱ་བ་བཟང་པོ་ཡིན་པས་ངེས་པ་མེད། སོ་སོས་མ་འཇོན་ན་དུས་ཡུན་རིང་སོང་བས་ཕན་ཐོགས་ཕར་ཞོག་གནོད་པ་སྐྱེལ་བའི་ཉེན་ཁའང་ཆེ་སྟེ། འཇིག་རྟེན་གཏམ་དཔེ་ལ། རྟ་ལམ་བོང་བུས་མ་བཀག་ཟེར་བ་དེ་རེད། བྱ་བ་བླ་ཆེན་ནི་དུས་ཡུན་རིང་སོང་ཡོད་མེད་ལ་མ་ལྟོས་པར་བྱ་བ་དེའི་གོ་སྐབས་བརྒྱུད་ནས་བསྟན་འགྲོའི་དོན་ལེགས་པ་བསྒྲུབས་ཡོད་མེད་དེ་ཡིན། རང་ཉིད་ནི་བླ་ཆེན་ཟེར་བ་དེ་འདྲ་མིན་ནའང་བསྟན་འགྲོ་གཉིས་ལ་ལྷག་བསམ་རྣམ་དག་ཡིན། བཅོམ་ལྡན་འདས་ཀྱིས། དགེ་སློང་མང་དུ་ཐོས་པ་འདུལ་བ་འཛིན་པ་ཡུལ་ལུང་གང་དུ་ཡོད་ནའང་དེར་ང་བློ་བདེ་གསུངས་ཡོད།

    དེ་བཞིན་དུ་སྔོན་ཆད་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་བྱ་བྲལ་དུ་ཕེབས་སྐབས་ཀུན་གྱིས་ཁོང་ལ་ཁྱེད་རང་བྱ་བྲལ་ལ་མ་ཕེབས་གྲྭ་སར་བཞུགས་རོགས་བྱོས་ཟེར་ནས་ཡར་ཞུས་ཚེ། དམ་པ་ཁོང་གིས་གྲྭ་སར་དགེ་བློ་བཟང་དབང་ཕྱུག་བཞུགས་ཡོད་པས་ང་རང་ཡོད་མ་ཡོད་ཅིའང་མེད་ཅེས་གསུངས། བྱས་ཙང་། ངེད་སྟོང་སྐོར་དགོན་པ་ནང་དུའང་དགེ་སློང་མང་དུ་ཐོས་པ་འདུལ་བ་འཛིན་པ་མང་པོས་སློབ་གཉེར་ཚུལ་བཞིན་དུ་བྱེད་བཞིན་ཡོད་པས་འདི་དག་རྩ་ཆེན་པོ་ཞེ་དྲག་རེད། དེའི་རྒྱུ་མཚན་གྱིས་སློབ་གཉེར་བ་ལ་དམིགས་བསལ་དང་། ཐོབ་ཐང་། རིན་ཐང་དགོས་ཟེར་ནས་ངེད་ཀྱིས་ནམ་རྒྱུན་བཤད་བཞིན་ཡོད། དམིགས་བསལ་དང་ཐོབ་ཐང་ནི་དགོན་གཞུང་གི་ངོས་ནས་ཕར་སྤྲད་དགོས་པ་དང་། རིན་ཐང་ནི་སོ་སོའི་ངོས་ནས་སློབ་སྦྱོང་བྱས་ཏེ་གསེར་ས་འོག་ནས་འོག་ནམ་མཁར་ཤར་ཟེར་བ་ལྟར་དགོས་པ་རེད། དེ་མ་གཏོགས་ལ་ལ་སློབ་གཉེར་བའི་གྲལ་དུ་བཙུད་ནའང་འདུག་ལུགས་མ་ཤེས་ན་རིན་ཐང་འོང་ཐབས་མེད། དེས་ན། སློབ་གཉེར་བ་ལ་ཆ་རྐྱེན་དེ་གསུམ་ངེས་པར་དུ་ཚང་བར་གྱིས།

༢ གྲྭ་པ་ལ་ཚང་དགོས་པའི་ཆ་རྐྱེན་གསུམ་བཤད་པ།

    སྤྱིར་གྲྭ་པ་ཞིག་ལ་མཚོན་ན། བདེ་སྨོན་ནང་དུ་གསུངས་པ་ལྟར་མཁས་པ་འགུལ་བ་སྤྱད་པའི་ཡན་ལག་དང་། ལོག་སྨ་ཚར་གཅོད་པའི་ཡན་ལག །སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་བཅས་གསུམ་པོ་ངེས་པར་དུ་ཚང་དགོས་ཤིང་། གལ་ཏེ་ཟ་རྒྱུ་དང་འཐུང་རྒྱུ་ཞིག་རིག་འོང་དུས་མྱུར་ཏུ་རབ་ཏུ་དང་བ་སྐྱེས་འོང་མཁན་དེ་ཙམ་ལས་སློབ་སྦྱོང་མེད་ན། དཔེར་ན། རེབ་ཀོང་སྟོད་ཀྱི་ཇག་པ་དང་། རེབ་ཀོང་སྨད་ཀྱི་སྐལ་ལྡན་གཉིས་ཕྱིའི་སྤྱོད་ལམ་མི་མཚུངས་ཀྱང་། ནང་གི་བསམ་པ་གཅིག་མཚུངས་རེད་ཅེས་ཤར་སྐལ་ལྡན་རྒྱ་མཚོ་མཆོག་གིས་གསུངས་པ་བཞིན་ཆགས་འགྲོ་ལུ་རེད། ཁྱེད་ཅག་གིས་ཟ་རྐྱེན་འཐུང་རྐྱེན་ཙམ་ལས་ཅིའང་མ་ཤེས་ན་ཕྱིའི་སྤྱོད་ལམ་གྲྭ་བ་ཡིན་ནའང་ནང་སེམས་རྒྱུད་ཇག་པ་དང་གཅིག་མཚུངས་སུ་ཆགས་འགྲོ་བ་རེད། དེ་ལྟ་བུའི་སེམས་རྒྱུད་ཇག་པ་དང་མི་མཚུངས་པའི་ཐབས་སུ་ཀུན་གྱིས་སློབ་སྦྱོང་གི་ཕྱོགས་ལ་འབད་པར་བྱོས། དེས་ན། འདུལ་ཁྲིམས་ཚུལ་བཞིན་བསྲུངས་ཏེ་སློབ་གཉེར་ཚུལ་བཞིན་དུ་བྱེད་པ་ཡིན་ན། དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ཐུགས་སྨོན་མཛད་བཞིན་ཡོད་པ་ལ་ཐེ་ཚོམ་དགོས་རྒྱུ་མ་རེད།

༣ རང་གི་ཆོས་བརྒྱུད་གང་ཡིན་ཡང་དེ་གཙང་མ་འཛིན་དགོས་པའི་སྐོར།

    སྔོན་ཆད་ང་རང་ཆུང་དུས་སུ་ཨ་ཁུ་བློ་དགའ་སོགས་དགོན་པའི་ལས་སྣེ་རྣམས་ཀྱིས་ཚོགས་གཏམ་བཏང་སྐབས་སུ་ལྷ་སྔོན་དུ་བཞག་ནས་ཕྱག་རྒྱ་རྗེས་སུ་མ་མཛད།ཁུ་རིའི་ཆུ་སེ་མདའ་གཉིས་ཀྱི་བར་ཐམས་ཅད་སྟོང་སྐོར་ཟླ་བ་རྒྱལ་མཚན་གྱི་ལྷ་སྡེ་ཡིན་ཞེས་གསུངས་འདུག །འོན་ཀྱང་། སྐབས་དེར་དེ་དོན་ཆེན་ཞིག་ཡིན་པར་ཤེས་མ་སོང་། རེད་དེ། ད་ལྟའི་དུས་སུ་སྐད་ཆ་དེ་ལ་གནས་ལུགས་ཆེན་པོ་ཡོད་ཀི་བསམ་བཞིན་སྔོན་གྱི་གྲྭ་རྒན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།

    དེང་སང་དམངས་ཁྲོད་དུ་རྗེ་ཟླ་བ་རྒྱལ་མཚན་དང་འཇམ་དཔལ་དགེ་འདུན་རྒྱ་མཚོ་སོགས་ལ་སྐྱབས་སུ་མཆི་ཟེར་མཁན་ནང་དུའང་དད་པ་ཁྲ་ཁྲ་པ་ཁྲ་མང་གི །དེ་འགྲིག་མེད། ཡང་། དེང་སང་དམངས་ཁྲོད་དུ་མགོ་སྐོར་གཏོང་མཁན་མང་བས་མགོ་འཁོར་ཡང་མང་། མགོ་སྐོར་གཏོང་མཁན་དང་མགོ་འཁོར་གཉིས་འཕྲད་སོང་ན་མགོ་འཁོར་གྱི་རང་རེད། བྱས་ཙང་། ཚང་མས་དེ་ཤེས་པ་གལ་ཆེ། གལ་ཏེ་མང་ཚོགས་ཀྱི་དད་པ་དེ་ཉིད་ཁྲ་ཁྲ་པ་ཁྲ་ཞིག་ཏུ་འགྱུར་སོང་ན། རྗེ་ཟླ་བ་རྒྱལ་མཚན་སོགས་ཀྱིས་ད་ནི་ངའི་གདུལ་བྱ་རྣམས་ཁྲ་ཁྲ་པ་ཁྲ་ཞིག་ཏུ་འགྱུར་སོང་སྙམ་ནས་ཅི་བཞིན་མཁྱེན་རྒྱུ་རེད། ཐུགས་དགའ་རྒྱུ་མ་རེད། ཡུལ་འདིར་དགོན་པ་དར་ནས་ད་ལྟའི་བར་དུ་མི་ལོ་དྲུག་བརྒྱ་ལྷག་སོང་ཡོད། དེ་ཐམས་ཅད་ཀྱིས་དགེ་ལུགས་པའི་བསྟན་པ་གཙང་མ་ཞིག་རྒྱུན་འཛིན་བྱས་ནས་ཡོང་བ་རེད། བྱས་ཙང་། དེ་རིང་འདིར་ཕེབས་པའི་སྟོང་སྐོར་ལྷ་སྡེ་ཐམས་ཅད་ལ་དགེ་ལུགས་པ་གཙང་མ་གྱིས་ཤིགས་ཟེར་ནས་འབོད་སྐུལ་ཞུ་བ་ཡིན།

    ངེད་ཀྱིས་ཆོས་བརྒྱུད་ཁག་སུ་གཅིག་ལའང་ཁ་གཏོང་དགོས་དོན་མེད། དཔེར་ན། རྗེ་ཙོང་ཁ་པ་ཆེན་པོའི་དགེ་རྒན་ལ་རྙིང་མ་བ་མང་པོ་ཡོད། དེ་བཞིན་དུ་ཁོང་གི་དགེ་རྒན་ལ་ཇོ་ནང་པ་དང་། ས་སྐྱ་བ། བཀའ་བརྒྱུད་པ་བཅས་མང་པོ་ཡོད། བྱས་ཙང་། ཆོས་བརྒྱུད་ནང་ཕན་ཚུན་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་ལས་དགྲ་བོ་གཅིག་ཀྱང་མེད། འོན་ཀྱང་། དེང་སང་འགའ་རེས་ཆོས་བརྒྱུད་ཕན་ཚུན་བར་དུ་དགྲ་འདྲ་བོ་འཛིན་གྱིན་འདུག །དེ་རུང་གི་མ་རེད། ནང་པ་ཕན་ཚུན་ཕར་ཞོག་ཕྱི་རོལ་པ་ལའང་དགྲ་འཛིན་མི་རུང་སྟེ། མདོ་ལས། མུ་སྟེགས་ཅན་རྣམས་སྨོད་མི་བྱ། །ཞེས་གསུངས། འགའ་རེས། མུ་སྟེགས་ཅན་རྣམས་སྨོད་མ་རུང་ན་དེའི་བསྟན་པ་ལ་ཞུགས་རུང་ས་རེད་བསམ་ན་ཐང་། དེ་འགྲིག་གི་མེད། དེ་དག་སྨོད་མ་རུང་ན་དེའི་བསྟན་པ་ལ་ཞུགས་དགོས་ཀྱི་ཅིའང་མེད། དེ་གནད་དོན་ཞིག་ཡིན་པས་ཀུན་གྱིས་ཤེས་པར་གྱིས། དེའི་སྐོར་འདིར་བཞུགས་ཀྱི་དགེ་འདུན་པ་ནང་ཆོས་ངོ་སྤྲོད་བྱེད་མཁན་དག་གིས་འཆད་བཞིན་ཡོད་རྒྱུ་རེད། ངེས་པར་དུ་ཀུན་གྱིས་དེ་དག་ཐུགས་ལ་བཟུང་།

    བསམ་རྒྱུ་ཉོན་མོངས་དང་སྒྲུབ་རྒྱུ་སྡིག་པ་མ་གཏོགས་མེད་ན་འགྲོ་ས་དམྱལ་བ་རེད་ཅེས་ཀུན་གྱིས་འཆད་བཞིན་ཡོད། དེ་བཞིན་དུ་བསམ་རྒྱུ་ལས་འབྲས་དང་། སྒྲུབ་རྒྱུ་དགེ་བ་མ་གཏོགས་མེད་ན་འགྲོ་ས་ལྷ་ཡུལ་ཡིན་པར་ཤུགས་ཀྱིས་གོ་ཐུབ། རེད་དེ། དེང་སང་དགེ་རྩ་ཆུང་ཆུང་ཞིག་གིས་བདེ་བ་ཅན་དུ་སྐྱེས་ཐུབ་ཅེས་འཆད་མཁན་མང་། དེ་དཀའ་ལས་ཁག་པོ་ཞེ་དྲག་རེད། དཔེར་ན། ཨ་རིག་དགེ་བཤེས་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་སྤྲུལ་པ་རེད། རེད་དེ། འཇམ་དཔལ་རྩ་བརྒྱུད་ལས་ཀླུ་སྒྲུབ་བདེ་བ་ཅན་དུ་སྐྱེས་ཞེས་གསུངས་མོད། འོན་ཀྱང་། ང་ནི་དེར་འགྲོ་ཐུབ་རྒྱུ་མ་རེད་ཅེས་དམ་པ་ཁོང་གིས་གསུངས་མྱོང་ཡོད། དེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་བདེ་བ་ཅན་དུ་འགྲོ་ཁག་པོ་ཡིན་ན། ང་ཚོ་ནི་དེ་ལས་ཀྱང་ཁག་པོ་རེད། དེ་ཡིན་ཙང་། སོ་སོས་དགེ་བ་ཚུལ་བཞིན་དུ་བསྒྲུབས་ན་ངན་སོང་དུ་འགྲོ་དགོས་རྒྱུ་མ་རེད། དེ་མ་གཏོགས་བདེ་བ་ཅན་དུ་འགྲོ་ཁག་པོ་ཞེ་དྲག་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། མི་ཡི་གཤིས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་མི་རིང་དུ། །ཞེས་གསུངས་པ་ལྟར། སོ་སོས་དགེ་བ་ཚུལ་བཞིན་དུ་བསྒྲུབས་ན་ལྷ་ཡུལ་དུ་བགྲོད་པ་ལ་ཐག་མི་རིང་བ་རེད། དེ་མ་གཏོགས་ཁྱེད་ཅག་གིས་བདེ་བ་ཅན་ཟེར་ནས་མགྱོགས་ལམ་སྐོར་འདོད་ནའང་དེ་དཀའ་ལས་ཁག་པོ་ཞེ་དྲག་རེད། རེད་དེ། འགའ་རེས། དམངས་ཁྲོད་དུ་བདེ་བ་ཅན་ལ་འགྲོ་ཟེར་ནས་ལས་སླ་བོ་དང་སྟབས་བདེ་བོ་ཙམ་བཤད་ཀྱིན་འདུག །དེ་དག་གི་བཤད་སྟངས་ལ་བལྟས་ན། རྗེ་མི་ལ་རས་པ་དང་རྗེ་ཙོང་ཁ་པ་དེ་དག་གིས་སྡིག་སྤང་དགེ་བསྒྲུབས་ཀྱི་ཆེད་དུ་དཀའ་ལས་འོ་བརྒྱབ་མྱོང་བ་ཐམས་ཅད་གཟའ་ཞེན་ཞིག་ལས་དོན་དངོས་སུ་མི་སྣང་། གལ་ཏེ་དཀའ་ལས་ཆེན་པོ་མི་དགོས་པར་སྐྱིད་པོ་དེ་འདྲ་ཞིག་འགྲོ་ས་ཡོད་ན། རྗེ་མི་ལ་སོགས་སྔོན་གྱི་མཁས་དབང་རྣམས་ཀྱིས་དེ་མ་མཁྱེན་པ་རེད་དམ། ཁྱེད་ཅག་ལྟར་ན། སྡིག་སྤང་དགེ་སྒྲུབ་ཀྱི་ཆེད་དུ་འབད་བརྩོན་ཆེན་པོ་བྱེད་མཁན་རྣམས་དོན་མེད་དུ་འགྱུར་ཉེན་ཆེ། དེའི་སྐོར་ལ་ཀུན་གྱིས་ཞིབ་འཇུག་ཡག་པོ་གྱིས། ངེད་ཀྱིས་སྟོང་སྐོར་ལྷ་སྡེ་འདིའི་ཆེད་དུ་སྐད་ཆ་བཤད་པ་ཡིན། ངའི་དགེ་ཕྲུག་སློབ་གཉེར་བ་ལ་རྙིང་མ་བ་བརྒྱ་ཕྲག་ལྷག་དང་། དེ་བཞིན་དུ་བཀའ་བརྒྱུད་པ། ས་སྐྱ་བ། ཇོ་ནང་པའང་མང་པོ་ཡོད། འོན་ཀྱང་། དེ་ཐམས་ཅད་ལ་རང་རང་སོ་སོའི་ཆོས་བརྒྱུད་གཙང་མ་ཞིག་འཛིན་དགོས་ཟེར་ནས་བཤད་ཀྱིན་ཡོད། དེ་མ་གཏོགས་སུ་གཅིག་ཀྱང་དགེ་ལུགས་པའི་ཕྱོགས་སུ་བསྒྱུར་ཨེ་ཐུབ་བྱས་མ་མྱོང་། བསྒྱུར་ཨེ་ཐུབ་བལྟས་ན་ངེད་ཀྱིས་ཀྱང་མི་ཆ་རེ་ཁྲ་ཁྲ་པ་ཁྲར་བྱེད་ཐུབ་རྒྱུ་རེད། ལ་ལས། དགེ་བཤེས་ཉི་མ་ནི་ཆོས་བརྒྱུད་གཞན་པ་རྣམས་ལ་སྡང་བར་བྱེད་མཁན་ཞིག་རེད་བསམ་ན་ཐང་། དེ་འདྲ་གཏན་ནས་མིན།

    ཡང་། ཀུན་གྱིས་ཤེས་ཡོན་གྱི་ཕྱོགས་ལ་ཤུགས་རྒྱོབས་མ་གཏོགས། གྲོང་པ་སོ་སོའི་མཐར་ཡི་གེ་འདྲ་མིན་བྲིས་འདུག་ཀྱང་དག་ཆ་ཅན་ཤིན་ཏུ་དཀོན། དེ་བཞིན་དུ་གཞན་གྱིས་སྤྲད་པའི་སྒོར་མོ་ལྟ་བུ་རང་ལ་ཆད་སོང་ན་སོ་སོས་སྐད་རྒྱག་གི་རེད། རེད་དེ། རང་གི་གྲོང་པའི་མཐར་སྒོ་ཡིག་ལ་ཡིག་ནོར་བྱུང་ཡོད་ནའང་སུས་ཀྱང་སྐད་རྒྱག་གི་མི་འདུག །དེ་ཤེས་རིག་མེད་པའི་རྟགས་རེད། དཀར་མཛེས་སྒང་ཐོག་ལྟ་བུ་ལ་སྟོང་སྐོར་ཞེས་པའི་ཡི་གེ་བྲིས་ན་ཡག་པོ་རེད། སྔོན་ཆད་གྲོགས་པོ་ཞིག་གིས་ངེད་ལ་ཁྱེད་ཀྱི་ཕ་ཡུལ་དུ་སྟོང་སྐོར་ཞེས་པའི་ཡི་གེ་ཞིག་ཀྱང་མཐོང་རྒྱུ་མེད་པས་ཡུལ་འདིར་ཤེས་རིག་ཡག་པོ་མེད་པའི་རྟགས་རེད་ཅེས་བཤད་མྱོང་། བྱས་ཙང་། དག་ཆ་ཅན་གྱི་ཡི་གེ་འབྲི་བ་བཅས་ཤེས་ཡོན་གྱི་ཕྱོགས་ལ་ཀུན་གྱིས་འབད་བརྩོན་ཡག་པོ་བྱོས་ཟེར་ནས་འབོད་སྐུལ་ཞུ་བ་ཡིན།

     སྟོང་སྐོར་དགོན་པར་སྐྱབས་སུ་མཆིའོ་ཞེས་ཁ་བཤད་ཙམ་མིན་པར་སོ་སོའི་བུ་རྒྱུད་དགོན་པ་ནང་དུ་ཡར་བཞག་རྒྱུ་དེའང་གལ་ཆེན་པོ་རེད། དེ་བཞིན་དུ་ཡུལ་དགོན་བར་དུ་མཐུན་སྒྲིལ་ཡག་པོ་བྱེད་དགོས་པ་རེད། མཐུན་སྒྲིལ་ནི་གཅིག་ལ་གཅིག་རྟེན་ཡིན། དེ་ཡིན་ཀྱང་། རྙོག་དྲའི་སྒོ་ནས་གཅིག་ལ་གཅིག་རྟེན་བྱས་ན་ནོར་འཁྲུལ་རེད། དེའང་། དགོན་པ་ལ་རྙོག་དྲ་ཡོད་ན་ཡུལ་བས་ཀྱང་དེའི་རྙོག་དྲ་ལངས། ཡུལ་བ་ལ་ཉོག་གྲ་ཡོད་ན་དགོན་པས་ཀྱང་དེའི་རྙོག་དྲ་ལངས་ན་ཡག་པོ་ཁྱོན་ནས་མི་འདུག །དཔེར་ན། སྒོག་སྐྱ་དེ་རང་གིས་ཟོས་ན་ཁ་ཚ། དེ་གཞན་གྱིས་ཟོས་ན་མིག་ཚ་ཟེར་བ་དང་། ཆང་དེ་རང་གིས་འཐུང་ན་མགོ་ན། དེ་གཞན་གྱིས་མཐུང་ན་སྙིང་ན་ཟེར་བ་ལྟར་རེད། དེའང་ཀུན་གྱིས་ཐུགས་ལ་བཟུང་།

     མདོ་སྡེ་རྒྱན་ལས། ཕར་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་པ་ལྟར་རང་ཉིད་ལྟ་བུའི་སོ་སྐྱེ་ཐལ་མ་པའི་སྐད་ཆ་རྣམས་ཕར་ཆེ་བ་ནི་དོན་མེད་དང་གནད་ལ་མ་ཁེས་པ་རེད། བྱང་འཕགས་རྣམས་ཀྱི་གསུང་ཕར་ཆེར་གནད་ལ་ཁེས་པ་དང་། སངས་རྒྱས་ཀྱི་གསུང་ནི་ཐམས་ཅད་གནད་ལ་ཁེས་པ་རེད། བྱས་ཙང་། རང་གི་སྐད་ཆ་དེ་དག་གནད་ལ་ཁེས་པ་མིན་ཡང་ཁྱེད་ཅག་ལ་ལྷག་བསམ་རྣམ་དག་ཡིན།

མཇུག་ཏུ། གསང་ཆེན་རྡོར་གླིང་དགེ་འདུན་འདུས་པའི་སྡེ། །བཤད་སྒྲུབ་འཆད་ཉན་ནམ་མཁའ་ཇི་བཞིན་དུ། །དབྱར་གྱི་མཚོ་ཆེན་བཞིན་དུ་འཕེལ་བ་ཡིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་སྨོན་འདུན་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་ཞུ།། །།

ཕྱི་ལོ་༢༠༢༣ བོད་ཟླ་༡༢ ཚེས་༢ ཉིན་དགེ་བློ་སྦྱིན་གྱིས་ཡིག་ཐོག་ཏུ་བཀོད་པའོ།། །།དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45432608
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1