མཛོད་དགེ་བླ་མ་རྗེ༧སྐལ་​བཟང་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2023 ལོའི་ཟླ 9 ཚེས 24 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» སྤྱི་ཚོགས་ལོ་རྒྱུས། »མཛོད་དགེ་བླ་མ་རྗེ༧སྐལ་​བཟང་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་སྐུ་མྱ་
མཛོད་དགེ་བླ་མ་རྗེ༧སྐལ་​བཟང་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2023/2/8ལྟ་ཀློག (4385)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།བདག་གི་སྐྱབས་གནས་དམ་པ།


༧ མཛོད་དགེ་བླ་མ་རྗེ༧སྐལ་བཟང་དམ་ཆོས་རྒྱ་མཚོ་དཔལ་བཟང་བོའི་ཞལ་ཐང་།

ཁོང་རིན་པོ་ཆེའི་སྐུ་གདུང་།

གདུང་རྟགས་སྣ་ཚོགས།

སྐུ་གདུང་རིང་བསྲེལ།

སྐུའི་གདུང་རུས།

གདུང་མཇལ་བྱས་པའི་རྣམ་པ།

སྲས་ཀྱི་ཐུ་བོ་ཞེས་པའི་ཕྱག་རྟགས་གནང་བ།


སྐལ་བཟང་འགྲོ་ལ་ཕན་བདེའི་ལམ་སྟོན་པ།།

དམ་ཆོས་བདུད་རྩིའི་གྲུ་ཆར་རབ་འཇོ་ཞིང་།།

འདི་ཕྱིའི་ལེགས་ཚོགས་འདོམས་པའི་སེམས་དཔའ་མཆོག།

མཐའ་བྲལ་དྲི་མེད་རྒྱ་མཚོའི་གླིང་དུ་བཞུགས།།


གང་གི་གསང་གསུམ་སྤྲུལ་བའི་ཟློས་གར་གྱིས།།

གདུལ་བྱ་གྲངས་མེད་བསྐྱངས་པ་མཐར་ཕྱིན་ཏེ།།

རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་བའི་ཕྱིར།།

དག་པའི་ཞིང་ལ་ཕེབས་པའི་མཛད་པ་བསྟན།།


སྐྱོ་གདུང་ཟུག་རྔུས་མནར་བའི་སྡུག་བསྔལ་དབྱངས།།

སྟོང་བའི་ཁམས་ལ་བརླམ་པའི་གྲང་ཟུག་གིས།།

ཡིད་སེམས་འཁྱགས་ལ་བསྡམ་པའི་སྐྱེ་བོའི་ཚོགས།།

ཅི་བྱ་རྟོལ་བྲལ་ཚུལ་འདིར་གཟིགས་ལགས་སམ།།


འགྲོ་བའི་སྐྱབས་མགོན་མི་ཡི་ཉི་མ་མཆོག།

མ་བཞུགས་ཞིང་ལ་ཕེབས་པའི་སྡུག་བསྔལ་ཚད།།

རི་རྒྱལ་མཐོན་པོའི་འོག་ཏུ་བཅུག་པ་བཞིན།།

སྙིང་གི་བཟོད་ཐབས་བྲལ་ལོ་ཐུགས་རྗེ་གཟིགས།།


མགོན་ཁྱོད་བསྟན་དོན་བསྒྲུབས་ལ་སྲིད་ཞིའི་ནོར།།

ཡུལ་འདིར་དྲངས་པའི་རྨད་བྱུང་མཛད་པ་ཆེས།།

གྲངས་མེད་འགྲོ་བའི་སྲོག་གི་དབང་བོའི་གསོས།།

བཀའ་དྲིན་བརྗོད་མཐའ་མེད་དོ་སེམས་དཔའ་ཆེ།།


བྱ་བ་ལས་ཀྱི་འཁོར་ལོའི་མཛད་བཟང་ཀུན།།

ཁམས་མོས་ཇི་བཞིན་བསྐྱངས་པ་རེ་རེ་དང་།།

ལྷག་པར་ཚེ་ཉམས་ནད་གདོན་བར་ཆད་སོགས།།

མི་འཇིགས་སྐྱབས་སྦྱིན་མཛད་པ་གྲངས་མི་ཟིན།།


དུས་འགྱུར་རླུང་ནག་འཚུབ་མས་མ་ཐུབ་ཅིང་།།

དབང་བཙན་བཅར་རྡུང་དྲག་པོས་མ་འཚེ་བར།།

སྤྲུལ་བའི་ཟློས་གར་སྣ་ཚོགས་སྟོན་པ་ལ།།

མཛོད་དགེ་སྤྲུལ་རྒོད་ཞེས་པའི་སྙན་པ་འབར།།


མཁྱེན་བརྩེའི་འོད་སྣང་དྲོད་ཁོལ་རབ་རྒྱས་ཞིང་།།

ཤི་བོའི་སྔས་དང་གསོན་པོའི་སྲོག་རྩ་དང་།།

དགོན་གྲོང་ཚོ་ཆེན་དྲུག་གི་ལེགས་ཉེས་གནད།།

ཞུ་སའི་ལག་བསྟེན་ཆག་པའི་སྡུག་བསྔལ་ལྕི།།


སྤྱིར་ན་རྡོ་རྗེ་སྐུ་ལ་སྐྱེ་འཆི་མེད།།

བདེན་ཞེན་རྒྱ་ལ་ཚུད་པའི་སྐྱེ་འགྲོ་ལ།།

 རེ་ཞིག་སྡུག་གི་ཁུར་བོ་ལྕི་ན་ཡང་།།

ཐུབ་དབང་སྲས་ཀྱི་ཐུ་བོ་འབྱོན་ལ་རེ།།


དང་བོའི་ཐུགས་སྐྱེད་གནམ་གྱི་དགུ་ཚུགས་ནས།།

དགེ་ལྡན་རིང་ལུགས་དར་ཆེན་འཛིན་པའི་སྲས།།

བསྟན་འཛིན་རྒྱ་མཚོའི་དབུས་ན་རི་རྒྱལ་བཞིན།།

གཡོ་མེད་འདི་ཕྱིའི་སྐྱབས་ཉིད་འབྱོན་ལ་སྒུག།


ཁྲི་གདུགས་ཉི་མའི་འོད་བརྒྱ་འཕྲོས་པ་ན།།

གླིང་བཞིའི་མུན་པ་ཡོངས་སུ་བཅིལ་བ་བཞིན།།

གང་ཚེ་མཆོག་སྤྲུལ་ཟླ་གཞོན་སྐུ་བལྟམས་ནས།།

བཤད་སྒྲུབ་གཡུ་འབྲུག་ལྡིར་ལ་ཕྲང་ཞིང་སེམས།།


ཁྱབ་བདག་བླ་མའི་སྙིང་རྗེ་འོད་དཀར་ཀྱིས།།

འགྲན་བྲལ་ཡང་སྤྲུལ་དཔག་བསམ་ལྗོན་དབང་ཉིད།།

རྨད་བྱུང་ཐུགས་བསྐྱེད་གཙང་མས་ཉེར་དྲངས་ཏེ།།

འགྲོ་བ་ལྷ་མིའི་མགོན་དུ་མྱུར་འབྱོན་ཤོག།

       ཅེས་སྐྱོ་གདུང་ཤུགས་རིང་གི་མཆི་མ་དྲག་ཏུ་འཕྱོ་བའི་མནར་སེམས་ཀྱི་རྨ་ཁ་གསོ་ཐབས་བྲལ་བའི་སྡུག་གི་མགོ་བོ་ཡར་མི་ཆོག་པའི་སྐབས་སུ་སྙིང་གི་གཏིང་རིམ་དུ་དྲོད་ཁོལ་གྱི་མེ་སྟག་ཅིག་མཆེད་ཡོང་བ་ནི་གུས་པ་ང་ལ་༢༠༢༠ལོར་བུང་བ་གསེར་གཟིགས་ཀྱི་ཚུལ་དུ་ཁོང་རིན་པོ་ཆེས་ཕྱི་ནང་གསང་གསུམ་གྱི་མཛད་རྣམ་ལས་ཚང་མའི་མངོན་སུམ་མཐོང་ཡུལ་དུ་གནས་པའི་མི་ལོ་བརྒྱད་ཅུ་ལྷག་ལ་བསྟན་པའི་ལ་དོན་དང་འདི་ཕྱིའི་བྱ་བ་བསྒྲུབས་པའི་ངོ་མཚར་རྨད་བྱུང་གི་རྣམ་པར་ཐར་པ་ཉིང་བསྡུས་ཤིག་འབྲི་བའི་བསོད་ནམས་ཀྱི་བགོ་སྐལ་ངེད་ཕ་བུ་གཉིས་ལ་གནང་བ་དང་༢༠༢༡ལོའི་ཟླ༦ཚེས༧ཉིན་བརྟན་བཞུགས་ཚོགས་པས་གཞོགས་འདེགས་དང་སྔར་བསྒྲུབ་མྱོངས་མེད་པའི་ཁོང་གི་འཁྲུངས་སྐར་གྱི་མཛད་སྒོ་རྒྱས་པ་ཞིག་ཕྱེས་པའི་ཡོན་བདག་གི་བསོད་ནམས་ཐོབ་པ་དང་མཛད་རྣམ་ལེགས་གྲུབ་ཀྱི་དགྱེས་སྟོན་ཆེན་མོའི་སྐབས་སུ་སེམས་ནས་བརྗེད་དཀའ་བའི་ཞལ་གསུངས་དང་ལུང་བསྟན་འཁྲུལ་མེད། དགོན་གྲོང་ཚོ་བ་དྲུག་གདན་འཛོམས་པའི་ཚོགས་དབུས་སུ་འདི་ཕྱིའི་ཚེ་ནོམ་རླབས་ཆེན་“སྲས་ཀྱི་ཐུ་བོ”ཞེས་པའི་ཕྱག་རྟགས་གསེར་ལས་རིན་མཐོ་བའི་མི་ཚེའི་གཟི་བརྗིད་དང་། ནམ་རྒྱུན་ཐུགས་ལས་མ་དོར་བའི་བཀའ་དྲིན་ཆེ་ཚུལ་སོགས་ཤོག་ལྷེ་འགའ་ཤས་ཀྱིས་བརྗོད་ག་ལ་ཚར། ལྷག་པར་དུ་ན་ནིང་ཁོང་རིན་པོ་ཆེ་ལ་ཐུན་མོང་གི་སྣང་ཚོད་དུ་སྙུང་གཞི་ལྕི་མོ་བཞེས་ཏེ་སྐུ་མྱ་ངན་ལས་འདའ་བར་ཉིན་བཅུ་ཕྲག་ལྷག་གི་སྔ་རོལ་ཏུ་དགོས་པ་ཁྱད་པར་ཅན་ཞིག་གི་རྟེན་འབྲེལ་དང་བཅས་ཏེ་བོད་ཟླ༡༡ཚེས༣ཉིན་ཁོང་སྐུ་འཁོར་དང་བཅས་ངེད་ཁྱིམ་ཚང་དུ་གཞི་ཕབས་ནས་ཐུགས་ངལ་གསོ་བའི་ཚུལ་དུ་ཉིན་བདུན་ལ་བཞུགས་ཤིང་ཆོས་སྲིད་དང་འདི་ཕྱིའི་བྱ་བའི་ཐད་ལུང་བསྟན་དང་ཞལ་གསུང་མང་དུ་བསྩལ། ཉིན་གཉིས་པའི་སྔ་དྲོ་ལ་གློ་བུར་དུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྒྱུད་སྐུལ་ཏེ་སྤྱན་ནམ་མཁར་གཟིགས་ཤིང་ཐུགས་སྤྲོས་བྲལ་སྟོང་ཉིད་ལ་ཉམས་པར་བཞག་པའི་ངང་ཆོས་ཐམས་ཅད་བདག་མེད་པ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་ཕྱག་རྒྱ་དང་བཅས་གསུངས་སྐད་ལྷོད་པོས་འཕོ་སྦྱང་དང་ལྟུང་བཤགས། མ་ཎི་བསྔོ་བ་སོགས་ཐུགས་སྨོན་རྒྱ་ཆེན་མཛད་པ་ནི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པ་རྟོགས་ཡོད་དོ། ། 

      ཉིན་འགའ་ལ་གཟིམ་གཡོག་དང་གསོལ་ཐབ་ཞབས་ཞུ། སྨན་བཅོས་བཅས་བྱས་པས་ཚོགས་ཆེན་པོ་བསགས་ཐུབ་སོང་བ་མ་ཟད་སྐུ་གསུང་ཐུགས་རྟེན་གཙོར་བྱས་ནབས་བཟའ་སོགས་བརྟན་བཞུགས་མཚོན་པའི་མཆོད་པའི་འབུལ་བ་རེ་ཕུལ་ཐུབ་སོང་བ་ནི་ཆེས་མཐའ་མཇུག་གི་གོ་སྐབས་ཡིན་པ་རྟོགས། སྐབས་དེར་དེ་སྔ་བརླན་དང་བྲལ་བའི་ཁྱིམ་གསོས་མེ་ཏོག་རྙིད་པོ་ཞིག་འདུག་པ་གསར་དུ་ཁ་འབུས་པ་ཉེ་གནས་པ་དང་མདུན་བཅར་བ་ཚང་མའི་མཐོང་བ་དང་དེ་ནི་ནམ་ཡང་ཁོང་རིན་པོ་ཆེའི་ཐུགས་ནས་མི་འདོར་བར་ཡང་སྤྲུལ་ཟླ་བ་དཀར་པོའི་འཛུམ་ཞལ་ངོམ་ཚེ་ཐུགས་རྗེའི་བྱིན་རླབས་ཀྱི་མེ་ཏོག་གསར་དུ་བཞེད་ནས་ཚེ་རབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པའི་རྟགས་མཚན་ཅི་ལ་མིན། 

    སྤྱི་ཟླ༡༢ཚེས༢ཉིན་ཁོང་རིན་པོ་ཆེ་ཐུགས་དགྱེས་པའི་ངང་ཕྲན་ཅག་ལ་བདེ་མོའི་ཕྱག་རྒྱ་དང་བཅས་ཕྱིར་རང་དགོན་དུ་ཕེབས། ཉིན་འགའི་འཕྲོར་ཡང་སྙུང་གཞི་ཇེ་ལྕི་ལ་སོང་ནས་རྫོང་མི་དམངས་སྨན་ཁང་དུ་ཞག་སྡོད་གནང་། ཅང་མ་འགོར་བར་སྙུང་གཞི་ཇེ་དྭངས་ལ་སོང་བ་དང་སྨན་པས་ཀྱང་ཞག་སྡོད་ནས་བུད་ན་ཆོག་པའི་ཁ་དམར་གདགས་པ་ལྟར་ཕྱིར་གཟིམ་ཤག་ཏུ་གཞི་ཕབས། 

   ཚེས༩ཉིན་གླིང་བ་དགོན་གྲོང་གིས་གསོལ་བ་ནན་ཏན་དུ་བཏབས་པ་ལྟར་བརྟན་བཞུགས་འབུལ་བའི་སྐལ་བ་བྱུང་། སྐབས་དེར་ཐུགས་ཤིན་ཏུ་དགྱེས་པ་ཆེན་པོའི་གསུངས་དོན། ང་སྤྱིར་ལོ་ན་མཐོ་བས་འདུག་མི་འདོད་ཀྱང་སྟག་ཚ་རྗེ་དྲུང་རིན་པོ་ཆེ་དང་ཤིང་བཟའ་རིན་པོ་ཆེ་ཚང་། ཨ་ལགས་སང་སེང་ཚང་དང་། ཁྱེད་དགོན་གྲོང་ཚང་མས་འདི་ལྟར་ཁ་ཞེ་གཉིས་མེད་ཀྱིས་ད་རུང་འདུག་དགོས་པའི་རེ་བ་ཞུས་ན་ཁྱེད་ཅག་གིས་ཀྱང་དེ་ལྟར་སྡིག་སྤངས་དགེ་བསྒྲུབ། ལས་རྒྱུ་འབྲས་སོགས་མི་དགེ་བའི་ལས་མཐའ་དག་མིག་འབྲས་བཞིན་སྲུང་རྒྱུ་ནི་བདག་གཞན་ཚང་མའི་གཏན་བདེ་ཡི་གནད་དམ་པ་ཡིན་སོགས་གསུང་གསེར་ནག་གི་ཐིགས་པ་ལྟ་བུ་བསྩལ། 

    ཚེས༡༣ཉིན་སྐུ་མདུན་པ་དང་སྙུན་གཡོག་པ་དང་དགོན་པའི་དོ་དམ་པ། ནང་ཆེན་གྱི་སྐུ་འཁོར་བཅས་ཧ་ཅང་ལྷིང་འཇགས་ཀྱི་སྐབས་སུ་སྙུང་གཞི་ལྕི་ཡང་ཐུགས་ཤིན་ཏུ་ཇེ་དྭངས་ལ་སོང་བའི་རྣམ་པ་དང་བཅས་ཏེ་སངས་རྒྱས་ཆོས་ཚོགས་མའི་དབུ་སྐུལ་ཏེ་རྒྱུ་དབུགས་དལ་ཞིང་གསུངས་སྐད་ཀྱི་གདངས་རན་པའི་ངང་ལྟུང་བཤགས། མ་ཎི་དང་བཤགས་གསོལ། གདུགས་དཀར་བཟློག་པ་དང་བཅས་པ། བསྔོ་བ་སྨོན་ལམ་སོགས་དལ་བར་གསུངས་ནས་ཐུགས་སྨོན་རྒྱ་ཆེན་མཛད་པ་ནི་ཆེའི་མཐའ་མཇུག་གི་གདུལ་བྱ་རྫོགས་པ་ཡིན་པའི་བརྡ་རུ་གོ 

    ཚེས༡༤ཉིན་རིས་གཟའ་ཤེས་རབ་འཕེལ་བའི་ཕུར་བུ་ལ་ཁེལ་ཞིང་། དགུང་གྲངས་གྱ་བརྒྱད་བཞེས་པ། ཕྱི་དྲོའི་ཆུ་ཚོད་༥དང་སྐར༤༢་སྟེང་ཙམ་ལ་ཕྱག་ཐལ་མོ་ཐུགས་ཁར་སྦྱར་ཏེ་མ་ཎི་བགྲང་ཞོར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། ། གླིང་བ་དགོན་གྲོང་ཐུན་མོང་ནས་ཀྱང་དད་གདུང་ཤུགས་དྲག་གིས་གསོལ་འདེབས་དང་བསྔོ་སྨོན་ལ་བརྩོན་བཞིན་དགོངས་རྫོགས་ཉིན་མཚན་དབྱེར་མེད་དུ་བསྒྲུབས། 

   ཚེས༡༧ཉིན་ལ་ཐུགས་དམ་གྲོལ་བའི་རྟགས་ཐོན་པ་ན་མཐོང་བ་རྒྱུད་པའི་ཕྱག་ལེན་གཙང་མ་ལག་ཏུ་བསྟར་ནས་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་བུ་སྟོན་རིན་པོ་ཆེ། པཎ་ཆེན་ཡེ་ཤེས་རྩེ་མོ། འབྲོང་རྩེ་ལྷ་བཙུན་རིན་ཆེན་སོགས་དགེ་ལུགས་པའི་གདུང་ལས་དང་གདུང་སྒྲུབ། གདུང་ཁྲུས། སྐུ་གདུང་བདག་གཅེས་བྱ་ཚུལ། ཞུགས་འབུལ་དང་གདུང་རྫོགས་ཀྱི་ཆོ་ག་སོགས་ལེགས་པར་བསྒྲུབས། 

   ཚེས༢༠ཉིན་སྐུ་གདུང་སྒྲོམ་ལ་བཞུགས་སུ་གསོལ་ནས་ཞུགས་འབུལ་གྱི་ཆོ་ག་བསྒྲུབས་པ་དང་གྲུབ་ཚར་རྗེས་སྐུ་དཀར་གདུང་དུ་བཞུགས་ཤིང་སྣང་སྲིད་ཟིལ་གནོན་གྱི་སྟངས་སྟབས་འགྱིང་བའི་རུས་སྒྲོམ་མེ་ལྷའི་ཞལ་དུ་མ་གསོལ་བར་ཡུན་རིང་ལ་བཞུགས། གདུང་དུད་ཀྱི་སྤྲིན་དཀར་ནུབ་ཕྱོགས་སུ་སྐྱོད་པ་དང་གཡས་སུ་འཁྱིལ་ཞིང་ཕྱོགས་གཉིས་སུ་གྱེས་པ། ཞོགས་པའི་ཆུ་ཚོད་བརྒྱད་ཙམ་ལ་སྟོང་ཉིད་རྟོགས་པའི་གང་ཟག་ལ་རིང་བསྲེལ་རིགས་གསུམ་འབྱུང་བ་ལས་སྐུ་གདུང་རིང་བསྲེལ་མཐེབ་སྡེར་དོ་ཙམ་ཞིག་དགོན་གྲོང་བསོད་ནམས་བསགས་པའི་གསོལ་འདེབས་སེམས་ཀྱི་རྟེན་དུ་ཚང་མའི་མངོན་སུམ་མཐོང་ཡུལ་ཏུ་གནང་འདུག་པ་ནི་དད་ལྡན་མང་ཚོགས་ལ་ཕྱིར་མིག་གཟིགས་ཤིང་ཆོས་སྡེ་ཆེན་པོ་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་ལ་བཤད་སྒྲུབ་འཆད་ཉན་རྒྱས་པའི་འགྲན་བྲལ་གྱི་མཆོག་སྤྲུལ་འཁྲུལ་མེད་ཅིག་བྱོན་པའི་མཚན་མ་མངོན་པར་བཀྲ། གཞན་ཡང་གདུང་རྫོགས་སྐབས་སུ་རྟགས་མཚན་མང་དུ་ཐོན་པ་དང་ཁྱད་པར་གདུང་མེའི་དཀྱིལ་འཁོར་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་དམ་ཅན་ཆོས་རྒྱལ་གྱི་སྐུའི་སྣང་བརྙན་ལྟ་བུ་དང་དུད་སྤྲིན་དཀར་བོ་དུམ་བུ་ཞིག་འདུ་ཁང་ཆེན་པོའི་རྒྱ་ཕིབས་ཀྱི་ཡང་སྟེང་དུ་ཡུན་རིང་ལ་འཁྱིལ་ཞིང་། མེ་དུད་ཀྱི་ཀློང་ནས་འོད་སྐུད་ལྟ་བུའི་དུ་བ་དཀར་པོ་ཞིག་ཐད་དྲང་དུ་ཤར་ཕྱོགས་སུ་འཐིམ། གདུང་དུད་ལས་ཤེས་རབ་རལ་གྲི་དང་སྡོམ་བརྩོན་དམ་པ། བཙུན་པའི་སྣང་བརྙན་ཀྱི་ཁྱེའུ་སེར་པོ་ཞིག་དཀར་འོད་འཚེར་བའི་དབུས་སུ་བྱོན་པ་སོགས་བཀྲ་ཤིས་པའི་བྱད་གཟུགས་སྣ་ཚོགས་ཀྱི་རྟགས་མཚན་མང་བོ་ཞིག་ཡུལ་འབངས་ཀུན་གྱི་མཐོང་ལམ་དུ་གྱུར་པ་སོགས་ནི་དད་ལྡན་འགྲོ་བའི་སེམས་ཀྱི་དྲོད་ཐིགས་ཞིག་མ་ཡིན་ནམ། ཡུལ་སྤྱིའི་གནས་བབས་ལ་གཟིགས་ཏེ“མཛད་རྣམ་བསྡུས་པ་ཡིད་ཀྱི་དང་བ་འདྲེན་པའི་ལྕགས་ཀྱུ་”ལས་ཁོང་གི་ཞལ་གདམས་བཅུ་གསུམ་མ་ནི་ཞེ་འཛིན་གྱི་ཚིག་དང་རུམ་བསྡུའི་གྲོ་ཅི་ལ་མིན། 

    དེ་ལྟར་ཁོང་གི་མཁྱེན་བརྩེ་ནུས་གསུམ་གྱི་བཀའ་དྲིན་མཇལ་ཕྱིར་གུས་ཕྲན་པས་ཀྱང་བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་སོགས་ངེས་པར་བཟུང་ནས་རྒྱ་བོད་དང་གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་པ་མང་དག་ཅིག་ལ་ཉིན་ཉི་ཤུ་ལྷག་གི་རིང་ལ་བསྔོ་འབྲེལ་དང་བཞག་འཇོག སྐྱེས་ཆེན་དམ་པ་མང་བོ་ཞིག་གི་ཐུགས་སྨོན་གྱི་མཐུ་ལ་རེ་བཞིན་སེམས་ཀྱི་ན་ཟུག་དང་ཁོང་གི་དགོངས་པ་རྫོགས་པ། ཡང་སྤྲུལ་མྱུར་འབྱོན་སོགས་ཞུ་ཐུབ་སོང་བ་ནི་དགོངས་རྫོགས་ཡང་དག་དང་དགོངས་སྤྱོད་བསྒྲུབས་པའི་དགེ་བ་རྩིས་ཟིན་ཞིག་ཏུ་སྒོམ་ཡོད་ལ། གླིང་བ་ཐུན་མོང་ནས་ཀྱང་དབུས་འགྱུར་ཆོས་ཀྱི་ཞིང་སའི་ཇོ་བོ་ཡིད་བཞིན་ནོར་བུ་གཙོ་བྱས་གདན་ས་ཁག་ལ་དགོངས་རྫོགས་གྱ་ནོམ་པ་ཞིག་བསྒྲུབས་སོང་བའི་གནས་ཚུལ་ཡང་གོ་བྱུང་ངོ་། །

     དད་སྟོབས་ཅན་འགའ་རེས་ཀྱང་ང་ལ་ཁོང་གི་མཛད་རྣམ་ཐོག་མ་རྩོམ་པ་པོ་ནི་ཁྱེད་རང་ཡིན་པས་གདུང་རྫོགས་ཀྱི་གནས་ཚུལ་དང་རྒྱུད་རིམ་ཞིག་བྲིས་ན་ཕྱིས་ལོ་རྒྱུས་དང་དད་ལྡན་མང་ཚོགས་ཀྱི་སེམས་རྒྱུད་ལ་ཕན་ཚུལ་ཐོག་ཚུལ་སོགས་ཀྱི་སྐུལ་མ་ལ་རྟེན་ནས་རང་སྒེར་གྱི་ཉིན་ཐོ་ཙམ་མ་ཡིན་པར་ཡོངས་ཁྱབ་དུ་ལྟ་ཐུབ་པའི་འཕྲིན་སྟེགས་སུ་བཀོད་པ་ཡིན་ལ་མདོར་ན་སྐྱེས་ཆེན་གང་གིས་འདའ་ཁ་འདི་ལྟར་དད་པ་འཕེལ་བའི་རྟགས་མང་དུ་སྟོན་པ་ནི་བདག་གི་སྐྱབས་གནས་དམ་པ་དེ་མ་ཧ་གུ་རུ་འོ། །

     ཞེས་པའི་སྐྱོ་གདུང་གི་སྡུག་ཡས་འདི་ཉིད་བླ་མ་རིན་པོ་ཆེའི་ཐུགས་རྗེ་གྲིབ་བསིལ་ནས་ནམ་ཡང་འདོར་མ་མྱོངས་པའི་གུས་ཕྲན་པ་གླིང་བ་སྨན་པ་བྱང་རིག་ཁོས་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡང་བ་ནས༢༠༢༣ལོའིཟླ༢ཚེས༨ཉིན་ལ་བྲིས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
35260933
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1