རང་ཉིད་དཀྱིལ་སྙིང་དུ་འཛིན་པའི་རིག་གནས་ལྟ་ཚུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རང་ཉིད་དཀྱིལ་སྙིང་དུ་འཛིན་པའི་རིག་གནས་ལྟ་ཚུལ།
རང་ཉིད་དཀྱིལ་སྙིང་དུ་འཛིན་པའི་རིག་གནས་ལྟ་ཚུལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/3/16ལྟ་ཀློག (15501)རྩོམ་ཁུངས: ངེད་དྲ་བ།



 ཛམ་ཐང་།     བོད་དུང་པ།

       ད་ཆར་གནའ་བོའི་པཎ་གྲུབ་སོགས་ལས་བརྒྱུད་པའི་ཆོས་ཀྱི་དོན་དངོས་དང་ཏན་ཏན་སྤྱི་ཚོགས་དང་འཚོ་བ་ལ་ཕན་པའི་ནང་དོན་རིག་པ་དང་སེམས་ཁམས་རིག་པར་ཞིབ་འཇུག་དང་དར་སྤེལ་གཏོང་མཁན་ཤིན་ཏུ་ཉུང་ཚད་ལ་འདུག་སྟེ་སྒེར་གཤིས་གྱོང་པོ་དང་སྒེར་ལམ་ཕྲན་བུ་རེ་ལག་ཏུ་ཐོབ་ཚེ་སྣང་བ་རྒྱ་ཡན་དང་སྤྱོད་པ་རང་དགར་དུ་བཏང་སྟེ་འགན་འཁྲི་དང་གཉིས་སྨན་གྱི་ལྟ་གྲུབ་རྩ་བ་ནས་མ་ཆགས་པའི་སྐྱེས་བུ་སྐོར་ཅིག་ཡོང་གི་འདུག  མ་ཚད་པར་སློབ་གསོའི་རིན་ཐང་དང་སློབ་གསོའི་དམིགས་ཡུལ་འཛམ་གླིང་རང་བཞིན་དུ་གཏོང་དགོས་ཚུལ་དང་ད་དུང་རིག་གཞུང་ཐོན་ཁུངས་དང་སྐད་ཡིག་ཤེས་བྱ། སྲོལ་རྒྱུན་གོམས་གཤིས་དང་ལྟ་གྲུབ་ཤེས་རིག་དག་ལ་དཔྱད་པ་མ་སོང་བཞིན་དུ་གང་ཞིག་སྤྱི་ཚོགས་མགོ་གནོན་ལམ་ལུགས་དང་ཡང་གཞན་ཞིག་སྲོལ་རྒྱུན་གྱིས་བརླགས་སོང་བ་དང་། ཡང་སྐོར་ཅིག་རིག་གནས་སྔོན་ཐོན་དང་གནས་ཐབས་མི་འདུག་པ་ལ་སོགས་པའི་གཅིག་ན་རིག་གཞུང་ལ་འགན་ཁུར་མེད་པ་དང་། གཉིས་སུ་བསམ་བློ་རྩ་བ་ནས་མ་བཏང་པར་གང་འདོད་འདོད་དུ་སྨྲ་བར་གོམས་ཤིང་འདྲེས་པ།  གསུམ་ནས་ཕན་ཚུན་ཅོལ་ཆུང་ཕྲག་དོག་བྱེད་བཞིན་པ་འདི་དག་ནི་དངོས་གནས་མི་རིགས་འདུ་ཤེས་རྨང་མེད་དུ་གཏོང་བའི་སྲིན་འབུ་ནག་པོ་ཉིད་ལས་མ་འདས་པ་ཡིན། གཞི་རྩའི་འཚོ་ལམ་གྱི་སྒང་ནས་བསམ་བློ་བཏང་བ་ཡིན་ན་མི་རིགས་ཀྱི་རིག་གནས་དང་མི་རིགས་སྲ་བརྟན་དུ་འཇིག་རྟེན་སྟེང་ཡུན་རིང་ལ་གནས་མིན་གྱི་རྩ་ལམ་ནི་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གཉིས་ལ་ཐུག་པ་ཡིན། དེའང་མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་སྐད་ཡིག་དང་དེས་བསྟན་པའི་རིག་གཞུང་འདི་ཉིད་གནས་སའི་ས་མིག་ཆེ་ཆུང་གི་རིན་ཐང་དེ་བཀོལ་སྤྱོད་གནང་བའི་སྐྱེས་བུ་ཉིད་ལ་རག་ལས་པ་ཡིན། མ་ཟད་འདི་ངའི་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་རིག་གཞུང་བསམ་བློ་ཡིན་པས་ངེས་པར་དུ་བདག་སྲུང་དགོས་ཞེས་པའི་སྣ་གཅིག་རང་བཞིན་ཙམ་གྱི་སེམས་ཕྱོགས་མི་འཛིན་པར་གཞུང་ལུགས་དང་སྐད་ཡིག་འདི་སྤོབས་པ་དང་ལྡན་པའི་ལམ་ནས་འཛམ་གླིང་འདིར་གནས་པའི་ཆ་རྐྱེན་ཚང་མིན་བརྟགས་པ་གནང་སྟེ་ལམ་ལུགས་འདིར་བཅོས་བསྒྱུར་རིང་ལུགས་ངེས་པར་དུ་གནང་ཆོག་གི་རེད། 

     སྤྱིར་མི་རིགས་དང་སྤྱི་ཚོགས་གང་ཞིག་ཡིན་རུང་རང་ཉིད་དཀྱིལ་སྙིང་དུ་འཛིན་པའི་ལྟ་གྲུབ་བཤིག་མེད་ཅིག་གནས་ན་ཡང་། ཞིབ་ཏུ་མི་ཚེ་བསམ་གཞིག་གི་ཁ་ཕྱོགས་ལ་རོབ་ཙམ་སོང་དང་རང་ཉིད་དཀྱིལ་སྙིང་ལྡན་པའི་མི་རིགས་ཤིག་ཡིན་སྙམ་འདོད་ཀྱི་རིག་གཞུང་སྐད་ཡིག་ལམ་ལུགས་འདི་ལ་གཞན་དང་མ་མཚུངས་པའི་སྐྱེ་འགྲོ་ཐུན་མོང་ལ་སྨན་པའི་ཤེས་བྱའི་གར་སྟེགས་དང་སེམས་དོན་ཁ་ཕྱོགས། མདོར་ན་འདི་ཉིད་འཇིག་རྟེན་སྟེང་ཡུན་རིང་གནས་ཐབས་བྱུང་ན་ཟུངས་ཁྲག་དང་འདུ་ཤེས་མ་ཉམས་པའི་སྐྱེ་བོ་ཀུན་བླ་མེད་མཛད་ཕྲིན་དང་བདེན་དོན་གཟུར་གནས་ཀྱི་གོ་འཕང་ལ་མངའ་འབྱོར་བའི་ཕན་པ་འདུག་གམ། དེ་མེད་ན་རང་ཉིད་དཀྱིལ་སྙིང་ལྡན་པའི་མི་རིགས་ཤིག་ཡིན་སྙམ་འདོད་ཀྱི་བསམ་པའི་ལངས་ཕྱོགས་ཇི་ལྟར་མཐོ་ཡང་དཀའ་བས་རྒྱུ་ལས་མ་འདས་པ་ཡིན་ནོ། །ཁོ་བོ་ནི་ལས་འབྲས་ལེགས་སྲུང་དང་བཙན་དབང་སྒེར་གཅོད། ཚེ་ཚེ་རབས་རབས་ཀྱི་ལས་དབང་དང་རྣམ་སྨིན་གང་ཞིག་ཡིན་ཆ་མི་འཚལ་ཡང་རྟེན་འདིར་བོད་ཁྱིམ་དཀྱུས་མ་ཞིག་ཏུ་འཚར་བ་ནི་བསོད་ནམས་དང་ངོམ་དུ་རི་བ་ཞིག་ཏུ་སྙམ་ཡོད། ང་ལ་ཡང་ཁྱེད་ཚོ་ནང་བཞིན་རང་ཉིད་ཀྱི་མི་རིགས་དཀྱིལ་སྙིང་ལྡན་པ་ཞིག་ཏུ་བསམ་པའི་བློ་མིག་འགྱེལ་དཀའ་བ་ཞིག་ཡོད། དེ་ནི་ཆུང་དུས་ཀྱི་ཕ་མའི་སློབ་གསོ་དང་མི་རིགས་གནའ་བོའི་ལས་དོན་མཚོན་པའི་ལོ་རྒྱུས་ལས་ཀྱང་བསམ་པ་ཕྲན་བུ་ཡར་ཐོན་བྱུང་། ལྷག་པར་དུ་ཁོ་བོའི་མི་ཚེའི་ལམ་བུ་ཕྲན་ཙམ་དུ་སློབ་སྦྱོང་ཐན་ཐུན་རེ་བྱས་པའི་ལེགས་འབྲས་སུ་རང་ཉིད་ཀྱི་མི་རིགས་འཛམ་གླིང་སྟེང་གི་དཀྱིལ་སྙིང་ལྡན་པའི་མི་རིགས་སོ་སྙམ་པའི་སྤོབས་པ་འདི་བྱུང་བ་ཡིན། 

     ང་ནི་སྤྱིར་བཏང་རང་མཆོག་གཞན་དམན་གྱི་ལྟ་གྲུབ་དང་སྒེར་གཅོད་ལམ་བུ་ཁོ་ནར་བརྟེན་པའི་འདུ་ཤེས་གཞོམ་མེད་དུ་འབར་བའི་གང་ཟག་ཅིག་ཡིན། རིམ་གྱིས་དཔེ་ཀློག་ཉུང་ངུ་རེ་བྱས་ཏེ་དམངས་གཙོའི་འཛིན་མཚམས་དང་རང་དབང་ལམ་བུ། སྒམ་དཀྱེལ་བསམ་བློ་དང་གཟུར་གནས་དྲང་བཞག་གི་ཐ་སྙད་འདི་དག་ལ་བློ་སྦྱོང་དང་བསམ་བློ་ཉུང་ཉུང་རེ་བཏང་བས་སྒེར་གཅོད་ལམ་བུ་དང་གཞན་དམན་རང་མཆོག་གི་ལྟ་བ་འདི་རིམ་གྱིས་ཇེ་དམའ་རུ་སོང་ཡོད། དེའི་ཕྱིར་ང་ལ་བོད་མི་རིགས་འདི་དཀྱིལ་སྙིང་ལྡན་པའི་མི་རིགས་ཤིག་ཏུ་བསམ་པའི་བློ་སྟོབས་འདི་ནི་སྐད་ཡིག་ཤེས་བྱ་དང་རིག་གཞུང་ལམ་ལུགས་འདི་གཉིས་ལ་བརྟེན་ནས་བྱུང་བ་ཡིན། སྤྱིར་སྲོལ་རྒྱུན་གོམས་གཤིས་དང་དཔལ་འབྱོར་ཚད་ཐུབ་ཀྱི་རིག་གནས་དག་ལའང་སྙིང་པོ་གཏན་དུ་མེད་པ་མ་ཡིན་ཡང་དེ་དག་ནི་ཞིབ་ཏུ་བསམ་ན་བླང་དོར་བློ་མིག་ལ་བརྟེན་ནས་གཉིས་སུ་འབྱེད་དགོས་པར་སྣང་བས་གཙོ་བོ་ཐོག་མའི་རིག་གནས་ཚན་ཁག་གཉིས་ལ་བསམ་ནས་སེམས་ཕྱོགས་དེ་ལྟ་བུ་ཞིག་སྐྱེས་པ་ཡིན། དེའང་གདོད་མའི་སྤྱི་ཚོགས་སུ་མི་ནི་རང་བཞིན་རྩུབ་ཅིང་རང་འདོད་དང་དྲགས་སྤྱོད་ཁོ་ནར་བརྟེན་ཏེ་འཚོ་བ་རོལ་མྱོང་བའི་མཐོ་རིམ་སྲོག་ཆགས་ཤིག་ཡིན་ལ། རིམ་གྱིས་དཔལ་འབྱོར་ཐོན་ཁུངས་དང་འཚོ་གནས་ཐོན་ཁུངས། ཕྱུགས་ལས་ཐོན་ཁུངས་དང་ཞིང་ལས་རིག་པ་དག་དར།  ཡུན་གྱིས་སྒེར་གྱི་རྣམ་དཔྱོད་ལ་གཞི་བཅོལ་ཏེ་མི་རྣམས་ཚོགས་སྡེ་རང་བཞིན་དུ་ཆགས། དེ་ནས་ཕྱི་ནང་གཉིས་ཆ་ནས་འཕེལ་རྒྱས་ཆེན་པོ་བྱུང་སྡེ་རྒྱལ་ཁབ་དང་མི་རིགས་སུ་གྱུར་པ་རེད། དེ་ལ་ཡང་སོ་སོའི་ངོ་བོ་དང་ཁྱད་ཆོས་མཚོན་ཕྱིར་དུ་གཞན་གྱིས་བསླད་མ་འདྲེས་པའི་སྐད་བརྡའི་རིག་པ་འདི་བྱུང་བ་རེད། དེ་ལ་བརྟེན་ནས་མི་རིགས་སོ་སོ་ལ་རིག་གནས་ལྟ་ཚུལ་དང་གཞུང་ལུགས་ལྟ་ཚུལ་དག་བྱུང་བ་ཡིན། དེ་དང་མཐུན་པར་བོད་མི་རིགས་འདི་ལ་མཚོན་ན་ཡང་སྐུ་རྒྱལ་སྲོང་བཙན་སྒམ་པོའི་བཀའ་དྲིན་བདག་རྐྱེན་ལ་བརྟེན་ནས་བློན་གྱི་གཙོ་བོ་རིག་པ་རྣོ་ལ་ངང་རྒྱུད་བཟང་བ། གཟུར་བོར་གནས་ཤིང་རང་མི་རིགས་ལ་བློ་སེམས་མཆོག་ཏུ་དཀར་བའི་ཐུ་མི་སམ་བྷོ་ཊ་ལགས་འཕགས་པའི་ཡུལ་དུ་བོད་ཡིག་གསར་བཟོའི་སླད་བཏང་བ་དེར་གྲུབ་འབྲས་ཁྱད་དུ་གྱུར་པ་ཐོབ་ནས་ཐུ་བྷོད་རྒྱལ་ཁབ་འདི་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་སྐད་ཡིག་ཤེས་བྱའི་སྒོ་ཆེན་འདི་ཕྱེས་པ་རེད།  འདི་ལ་དངོས་གནས་བསམ་བློ་བཏང་ན་ཆེད་བསྟོད་དང་གཡོ་སྒྱུའི་བརྫུ་བག་སྲུང་ཆེད་ཙམ་མིན་པར་གཞན་དྲིང་མི་འཇོག་པའི་མཁས་པ་དང་ཞིབ་མཇུག་པ་དག་གིས་ལེགས་པར་སོམ་དང་།   མི་རིགས་གཞན་གྱི་སྐད་ཡིག་དང་མི་མཚུངས་པར་དབྱངས་གསལ་སོ་བཞིའི་ལམ་ལུགས་འདི་ནི་རྟོགས་སླ་ཞིང་བརྗོད་བྱ་གསར་ཐོན་འོང་བ། ཐ་སྙད་ཀྱིས་མ་འདང་བ་དང་རྗོད་བྱེད་ཚིག་གིས་བརྗོད་མ་ཐུབ་པའི་དངོས་པོའམ་ཤེས་བྱ་ཞིག་འཇིག་རྟེན་འདིར་བྱུང་མེད་ཅིང་མ་འོངས་པ་ནའང་འབྱུང་མི་སྲིད་པའི་ཚད་དུ་འདུག་སྟེ།  འདས་པའི་ལོ་རྒྱུས་ཀྱི་བོད་ཐ་སྙད་རིག་པའི་རྒྱབ་ལྗོངས་ལ་བསམ་བློ་ཞིག་བཏང་ན་ཟླ་བ་ལྟ་བུ་གཅིག་ལ་ཡང་མིང་ཉིས་བརྒྱ་ལྷག་ཏུ་ཕུད་ཟིན་པ་རེད། དེའི་ཁྱབ་ཁོངས་རྐྱང་བར་བསམ་བློ་ཞིག་གནོངས་དང་བོད་སྐད་ཡིག་འདི་ལ་དངོས་གནས་དཀྱིལ་སྙིང་དུ་འཛིན་འོས་པའི་རིན་ཐང་རེ་ཡོད་པ་རྟོགས་ངེས་སོ།། ཁྱོད་ཀྱིས་མདུན་ལྗོངས་ན་སྔར་བྱུང་མ་མྱོང་བའི་སེམས་དོན་ལྟ་ཚུལ་དང་ཚན་རིག་ལྟ་ཚུལ། དངོས་སྨྲའི་ལྟ་ཚུལ་དང་མི་ཚུལ་ལྟ་གྲུབ་རེ་གསར་དུ་བྱུང་ན་སྐད་ཡིག་གཞན་དུ་མིང་བརྡའི་ཐ་སྙད་བཀོལ་མ་མྱོང་བའི་རིག་ཚན་རེ་མེད་པར་གྱུར་ན་ཁྱེད་རང་གིས་བོད་ཡིག་འདི་ལ་བརྟེན་ནས་ལྟ་གྲུབ་དེ་དག་འཇིག་རྟེན་འདིར་ཡི་གེའི་གླེགས་བམ་དུ་གྱིས་དང་། བོད་ཡིག་འདི་གཞི་རྐང་ཧ་ཅང་ཉུང་ཉུང་ཡིན་ནའང་ཐ་སྙད་ཀྱིས་མི་འདང་བའི་ས་མིག་ཅིག་དུས་རབས་སྟོང་ཕྲག་ཁག་ལ་འབྱུང་མི་སྲིད་པ་ཡིན་ཞེས་སྐད་གསང་མཐོན་པོའི་སྨྲ་སྤོབས། 
     དེ་ལྟ་བུའི་སྐད་ཡིག་ཤེས་བྱའི་ངོ་བོ་ལེགས་པར་གོ་ནས་སྐད་ཡིག་དེའི་གང་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ལ་ནི་མི་ཁམས་སེམས་དོན་རིགས་པ་ནས་དངོས་པོའི་ཕྱི་ཚུལ་མཚོན་པའི་བར་དུ་སྣ་མང་ཀུན་འདུས་ཀྱི་རྒྱ་ཆེ་བའི་ཤེས་བྱ་ཞིག་ཡོད་ཅིང་།  དེ་ལས་ཀྱང་འཕགས་ཡུལ་ཆོས་ཀྱི་ཕ་ས་ནས་དྲི་ངད་མ་ཡལ་བར་བྱུང་བའི་ནང་དོན་རིག་པ་དཔྱིས་ཕྱིན་འདི་ད་སྐབས་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གནས་པ་ཡིན ། འདི་ནི་ཁོ་བོས་རྩོམ་ཚན་འདིའི་ནང་གི་བརྗོད་བྱའི་ཕྱེད་ཀ་ཟིན་པའི་དཀྱིལ་སྙིང་བསམ་བློ་དེ་ངེས་གཏན་དུ་ཡིན་ཆོག་ཆོག་གོ །  གོམས་གཤིས་ནི་གཙོ་ཆེར་ཀུན་བཏགས་སམ་ལྷན་སྐྱེས་ལས་མ་འདས་པ་ཡིན་པས་བསྒྱུར་སླ་ལ་ཏན་ཏན་ལེགས་སྡུད་ཉེས་སེལ་གྱི་ལྟ་བར་གཞི་རྒྱ་བཅོལ་དགོས་པ་ཡིན།  འཚོ་བ་ནི་གང་ཟག་ཕལ་ཆེར་ལ་དཀའ་སྣང་དང་སྡུག་བསྔལ་རང་ལས་མ་འདས་པའི་ཀུན་ཁྱབ་དངོས་པོ་ཞིག་ཏུ་སྙམ་གིན་འདུག  ག་ལེར་རླབས་ཆེན་གྱི་མཛད་པ་མཐར་ཕྱིན་ལ་བཞུད་ཟིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མི་ཚེའི་རྣམ་ཐར་དང་ཁ་ཕྱོགས་ལམ་སྟོན་ལ་ཐེངས་གཅིག་མྱོང་རོལ་གྱིས་དང་། མི་ཁམས་དང་འཚོ་བ་སྤུས་ལེགས་པོ་ཡོང་སླད་སེམས་པ་ཕྱི་རོལ་ཏུ་གཡེང་ནས་འབད་པ་ཧུར་ལེན་གནངས་ན་དེ་ཙམ་ཕན་པ་བྱུང་སོང་ངམ།  ནང་པའི་ལྟ་གྲུབ་ལས་གལ་གནད་དུ་འཛིན་པ་ནི་བདག་གཞན་མཉམ་ཉིད་ཀྱི་བསམ་བློ་དང་གཞན་བསྟུན་རང་དམན་གྱི་ལྟ་གྲུབ་ནི་མི་ཚེ་འདིར་བདེ་སྐྱིད་ལེགས་པོ་འོང་བའི་ཐབས་དམ་པ་ཉིད་དུ་བརྩིས་འདུག  གཞན་ཡང་མི་རིགས་དང་ས་གནས་ལ་ཁྱད་མེད་པར་སེམས་ཅན་སྤྱི་མཐུན་ལ་བཟང་སྤྱོད་ཀྱི་ལྟ་གྲུབ་ལེགས་པོ་ཞིག་ཆགས་རྒྱུ་དེ་རེད། འདི་ནི་མཆོག་དམན་དང་ཉེ་རིང་གི་གཞི་རྩའི་ལྟ་གྲུབ་ལས་ཡོངས་སུ་བརྒལ་བའི་སྙིང་རྗེའི་སེམས་དོན་ལ་ཟེར་བ་འདི་ཡིན། སྙིང་རྗེ་སྟོན་བྱེད་ནི་ནང་བའི་གཞུང་ཉིད་ལས་གསལ་བ་ཡིན་ལ་སྙིང་རྗེ་ཉམས་ལེན་བྱེད་མཁན་མང་ཆེ་ཤོས་ཀྱང་ཆོས་ལུགས་འདིའི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་ནང་བྱུང་ཡོད །

     ནམ་ཞིག་ལ་མཆོག་གི་སྙིང་རྗེ་འདི་འཛམ་གླིང་སྐྱེ་འགྲོའི་ལམ་ལུགས་ཤིག་ཏུ་ཆགས་མི་ཐུབ་པའང་མིན་ཏེ་འདི་ནི་རྐང་ནས་སྐྱེ་འགྲོ་ལ་འབྲེལ་བ་ཏན་ཏན་ཡོད་པའི་སེམས་ཀྱི་ཡོན་ཏན་ཞིག་ཡིན་པས་སོོ། ། སྙིང་རྗེ་རྩ་བར་བྱས་པའི་འཚོ་ལམ་ཞིག་རོལ་རྒྱུ་བྱུང་ན་ཆོག་ཤེས་དང་རང་ཉིད་མཆོག་ཏུ་འཛིན་པའི་ལྟ་གྲུབ་ནི་ཤུགས་ལ་ཡལ་འགྲོ་ངེས་ཡིན། འུ་ཅག་བསམ་བློ་དང་ཤེས་བྱ་གསར་བ་ལ་ཧ་ཅང་མོས་མཐུན་ཟབ་པས་ཚོད་ལྟ་ཐེངས་གཅིག་གྱིས་དང་ཐམས་ཅད་བདེ་འདོད་ཀྱི་བློ་དང་སྡུག་བསྔལ་དང་བྲལ་འདོད་ནི་སྐྱེ་འགྲོ་ཐུན་མོང་ལ་དབང་པའི་བསམ་པའི་སྙིང་སྟོབས་ཤིག་གོ ། ནང་པའི་རིགས་གཞུང་ཐད་ཁ་གསལ་དུ་བྲིས་བཞག་པ་ནི་སེམས་དོན་བློ་སྦྱོང་ཐམས་ཅད་བཀས་བཀོད་ལམ་ལུགས་དང་དད་པས་སྟོབས་ལས་འཛིན་དགོས་པ་ཙམ་མིན་པར་ཤེས་རབ་གལ་ཆེན་དུ་བཟུང་སྟེ་ལེགས་ཉེས་གང་དུ་གཏོགས་པའི་ཁྱད་ཐོན་ནི་སྒེར་གྱིས་འབྱེད་དགོས་པའི་ལྟ་ཚུལ་འདི་དར་ཁྱབ་བྱས་འདུག་པར་དངོས་ནས་རིགས་གཞུང་དང་ཤེས་བྱའི་སྡེ་ཚན་འདི་མོས་དབང་དང་རྣམ་དཔྱོད་ལ་བརྟེན་ནས་དང་ལེན་བཟོ་དགོས་པ་དང་རིགས་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་དེ་ལ་བསམ་བློ་ཞིག་བཏང་ན་རིག་གནས་འདིའི་གནས་ཆ་དང་ངོ་བོ་ཧ་ཅང་ཚུགས་ཐུབ་ཡིན་པའང་མཚོན་ཐུབ།  དཔེར་ན་ཆོས་ལུགས་དང་གྲུབ་མཐའ་གཞན་དུ་གང་ཞིག་སྟོན་པས་བཀའ་ཡིན་པས་འཛིན་དགོས་པ་ཡིན་ལ་སོགས་པའི་རིག་གནས་སྣང་ཚུལ་བྱུང་དང་འབྱུང་བཞིན་པ་འདི་ནི་ལེགས་ཆར་མ་མཐོང་ཞིང་རིག་གནས་དེའི་ངོ་བོ་དང་རྣམ་པ་གཞན་ནི་དངོས་གནས་ཇི་ལྟར་ཡིན་མ་ཤེས་སོ།།
    མདོར་ན་སེམས་དང་ལྡན་པའི་སྐྱེ་བོ་སུ་ཞིག་ཡིན་ཡང་རང་ཉིད་བདེ་འདོད་ཀྱི་བསམ་པ་ནི་རང་དང་འབྲལ་ཐབས་མེད་པའི་བསམ་བློའི་གནས་ཆ་སྨྲ་མེད་ཅིག་ཡིན་ཡང་འུ་ཅག་ལ་རྨོངས་པ་དང་ཐོག་མའི་མ་རིག་པ་ཤུགས་ཆེ་བས་བདེ་བའི་རྒྱུ་ལ་འབད་པའི་བྱམས་ཆོས་བསམ་བློ་འདི་མངོན་གྱུར་བྱུང་མ་ཐུབ་པ་དང་རྣམ་གཡེང་དང་སྐད་ཅིག་ཉིད་ལ་བདེ་བའི་རྒྱུ་ཙམ་བཙལ་ཏེ་མི་ཚེ་གཏོང་བཞིན་པ་འདི་ཕངས་འོས་པའི་གནས་ཤིག་གོ ། ཁྱེད་ཅག་སུ་ཡིན་ཡང་རང་ཉིད་བདེ་འདོད་ཀྱི་བསམ་བློ་ཡོད་ངེས་པ་སེམས་ཐག་ཆོད་པས་ཐེངས་གཅིག་ནང་པའི་སེམས་དོན་ལྟ་ཚུལ་དང་ཆོག་ཤེས་ལྟ་ཚུལ ། ནང་དོན་ལྟ་ཚུལ་དང་གཞན་བདེ་ལྟ་ཚུལ་རྣམས་ལ་ཚོད་ལྟ་གྱིས་དང་འདི་གོ་སྐབས་ཤིག་མིན་པའི་ངེས་པ་ཡང་མེད་སྙམ།


རྩོམ་པ་པོ་ངོ་སྤྲོད།

གོ་དྲུག་ལོར་ཕ་ཡུལ་རྡོ་སྟོད་དུ་འཚར། རིམ་གྱིས་དགོན་སྡེའི་སློབ་གྲྭར་ཞུགས་ཏེ་གཏན་ཚིགས་རིགས་པ་ནས་བཟུང་ནང་པའི་སེམས་སྤྱོད་ལྟ་གྲུབ་སྐོར་ལ་སློབ་སྦྱོང་བགྱི་མུས་ཡིན། ཐུན་གསེང་དག་ཏུ་སྙན་ངག་རེ་བྲིས་ཤིང་ཐག་ཉེ་རིང་གི་རྩོམ་པ་པོ་འགས་ངོས་བདག་བྱས་ཏེ་མདོ་དབུ་ཁམས་གསུམ་གྱི་དུས་དེབ་དང་ཚགས་ཤོག་རེ་འགར་སྙན་ངག་ཐར་ཐོར་རེ་བཀོད་མྱོང་། མ་ཟད་༼སྒེར་གཉེར་ཟིན་དེབ་སྨྲེང་བའི་ལོ་ཟླ་དང་རྨི་ལམ་སྒུལ་བའི་ཡིག་ཕྲེང་༽གཉིས་ཀྱང་ཟས་རིན་དུ་འཇིག་རྟེན་ལ་ཕུལ། ད་དུང་བླ་ཚེ་སྲོག་གསུམ་གྱི་རྒྱུ་བ་མ་འགག་བར་དུ་རང་ཡིག་གཙོ་བོར་བྱས་ཏེ་སྙན་ངག་དང་འབོལ་རྩོམ། དེང་རབས་དང་གནའ་བོའི་བོད་ཀྱི་བླ་སྲོག་འཛིན་ཐུབ་པའི་བསམ་བློའི་ཁ་ཕྱོགས་དག་སྤེལ་ངེས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41115350
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1