རྗེ་བླ་མ་དྲན་པའི་མཆོད་སྡོང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྗེ་བླ་མ་དྲན་པའི་མཆོད་སྡོང་།
རྗེ་བླ་མ་དྲན་པའི་མཆོད་སྡོང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/12/15ལྟ་ཀློག (9969)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཐེ་བོ་དཀོན་སེང་།

༼བྱིས་དུས་ཀྱི་ལོ་ཟླ༽

ཀྱེ་ཀྱེ་ཡབ་རྗེ་བླ་མ་ལགས།

ཁྱེད་ནི་གངས་ཅན་གྱི་ལྗོངས་སུ་བྱོན་པ་ནི།

གངས་ཅན་པའི་སྐུ་བསོད་དང་གཟི་བརྗིད་ཉག་གཅིག་ཡིན།

ཁྱེད་ནི་ཕྱི་ལོ་གཅིག་གསུམ་ལྔ་བདུན་གྱི་བགྲང་བྱ་དེར།

ཧོར་ཟླ་བཅུ་བའི་ཚེས་བཅུའི་དུས་ཚེས་སུ།

རྟགས་མཚན་ཁྱད་པར་བ་བཅས་ཙོང་ཁའི་རི་འདབས་སུ་སྐུ་ཡི་ལང་ཚོ་ཐོག་མར་བཞད།

དགུང་གྲངས་གསུམ་ནས་སྒྲུབ་རྒྱུད་བསྟན་པའི་ཀ་བ་ཀརྨ་རོལ་བའི་རྡོ་རྗེ་ནས་ཁྱེད་ལ་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་ནོར་བསྩལ་ཅིང་མཚན་ལ་ཀུན་དགའ་སྙིང་པོར་གསོལ།

ལས་སྨོན་གྱིས་འབྲེལ་བའི་ཆོས་རྗེ་དོན་རིན་པས་ཁྱེད་ལ་བདག་སྐྱོང་དང་།

ལམ་སྟོན་གྱི་འོག་ནས་ཁྱེད་ཉིད་ནར་སོན་པ་འདི།ཁྱེད་ཉིད་སྐྱེས་ཆེན་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་དང་པོར་ངེས།

མངོན་ཤེས་ལ་ཐོགས་པ་མེད་ཅིང་འཇིགས་བྱེད་ཀྱི་རྣལ་འབྱོར་བ།

ཆོས་རྗེ་དོན་རིན་པས་ཁྱེད་ཉིད་དགུང་གྲངས་བདུན་གྱི་སྟེང་།

དགེ་ཚུལ་གྱི་བསླབ་པ་བསྩལ་ཏེ་བསྟན་ལ་འཇུག་པའི་སྒོ་མོ་ཕྱེས་ཤིང་།

བློ་བཟང་གྲགས་པའི་མཚན་གྱི་ཆོ་ལོ་འཕུལ་ཏེ་རྟེན་འབྲེལ་བསྒྲིགས།

ཁོང་གི་བྱམས་བརྩེའི་འོག་གདམས་ངག་གི་བདུད་རྩི་ལ།

ཅི་དགར་རོལ་བཞིན་དགུང་གྲངས་བཅུ་དྲུག་ལ་ཕེབས།

༼ཞབས་ཟུང་གསེར་གྱི་འཁོར་ལོ་དབུས་ལ་བསྒྱུར་བ༽

ཆོས་རྗེ་དོན་རིན་པས་ཐུགས་དགོངས་ལ།

སློབ་བུ་བློ་བཟང་གྲགས་པ་འདིའི་རིག་སྟོབས་དང་།

གཤིས་སྤྱོད་གང་ལ་བརྟགས་ན་སྔོན་གྱི་ལས་འཕྲོ་དང་།

བག་ཆགས་ཆེས་ཟབ་མོ་ཡོད་ས་ཞིག་ཡིན་པས།

ངེད་ཀྱི་སར་མུ་མཐུད་སྐྱོང་ན་འཕྲོ་བརླག་ཏུ་འགྲོ་བར་དགོངས་ཏེ།

དབུས་ལ་སློབ་གཉེར་ཏུ་བཏང་ན་དབུས་སུ་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་དང་སློབ་གྲོགས་མང་ཤས་ཁོ་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དོན་ལྡན་ཡོང་བར་གདོན་མི་ཟ་བས་ཁོང་ལ་ཐུགས་གྲོས་ཀྱིས་དབུས་ལ་ཆེད་མངགས་མཛད།

དཔོན་སློབ་གྱེས་ཁ་ལ་ཞལ་གདམས་སུ་སྔོན་ལ་བྱམས་ཆོས།

དེ་ནས་དབུ་མ་དང་ཚད་མ་མངོན་པ་སོགས་ལ་སྦྱང་དགོས་པའི་བཀའ་སློབ་ལམ་སྟོན་མཛད་པ་མ་གཏོགས་གདན་ས་འདི་ལ་སོང་སྟེ་དགེ་རྒན་འདི་བསྟེན་ཞེས་པའི་ཚད་བཀག་དང་གུ་དོག་གི་ལམ་སྟོན་མ་མཛད་པའང་ཆོས་རྗེ་དོན་རིན་པ་ཁོང་གི་མཁྱེན་དཔྱོད་དང་གུ་ཡངས་ཀྱི་ཐུགས་གཤིས་མཚོན་པ་མ་ཡིན་ནམ།

དེང་གི་དགེ་རྒན་ཕལ་ཆེར་ཚུལ་མིན་ལས་ལ་འབད་པ་ལྷུར་ལེན་བྱེད་པའི་ཚུལ་འདི་མཐོང་ཚེ་ཆོས་རྗེ་ཁོང་ཡང་སེམས་ཀྱི་ཟར་ཟུར་ནས་ལན་གྲངས་མང་པོར་དྲན་མི་ཡོང་ངམ།

དགུང་གྲངས་བཅུ་དྲུག་ལ་སོན་པའི་སློབ་བུ་ཁོང་ཡང་།

བླ་མ་དོན་རིན་པའི་ལམ་སྟོན་ཇི་བཞིན་དབུས་ལམ་རིང་མོ།

དཀའ་སྤྱད་ཀྱི་གནོན་ཏེ་རེ་བའི་ཡུལ་ལ་སྙེགས་པའི་དམ་བཅའ་བཞག

༼ཕར་ཕྱིན་ལ་བསླབ་ཏེ་གྲྭ་བསྐོར་དམ་འཇོག་ཐོག་མ་མཛད་པ༽

ཨ་མདོ་གཞོན་ནུས་དབུས་ལམ་རིང་མོ་ལྷོ་ནས་བསྙེགས་ཏེ་ཆབ་མདོ་དང་ཀོང་པོ་བརྒྱུད་འབྲི་གུང་གི་གདན་སར་འབྱོར།

གདན་ས་དེའི་ཆོས་རྗེ་སྤྱན་སྔ་བའི་སྐུ་མདུན་ནས་ཕྱག་ཆེན་དང་བྱང་ཆུབ་སེམས་ཀྱི་གདམས་ངག་སོགས་གསན།

དེ་ནས་དབུས་ལམ་སྙེགས་པའི་གྲོགས་འགའ་དང་མཉམ་དུ་ཚལ་གུང་ཐང་དུ་ལྷ་རྗེ་དཀོན་མཆོག་སྐྱབས་ཀྱི་སྐུ་མདུན་ནས་གསོ་དཔྱད་ཡན་ལག་བརྒྱད་པར་སྦྱོང་སྟེ་ཁོང་གི་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་ཕྱིན་པས་དུས་ཡུན་ཐུང་ངུའི་ནང་གསོ་རིག་གཞུང་ལ་ནང་བྱན་ཆུད་པར་གྱུར།

དེ་ནས་ཉེ་ཐང་བདེ་བ་ཅན་ནམ་རྭ་སྟོད་དུ་བླ་མ་ཡོན་ཏན་རྒྱ་མཚོ་དང་།

བླ་མ་ཨོ་རྒྱན་པ་གཉིས་བསྟེན་ཏེ་འཇམ་སྐྱའི་ཊཱིཀའི་སྟེང་ནས་མངོན་རྟོགས་རྒྱན་ལ་གསན་བསམ་མཛད་པ་ན་རྒྱན་རྩ་འགྲེལ་གཉིས་ཀ་ཞག་མ་བཅོ་བརྒྱད་ལ་ཐུགས་འཛིན་གནང་བས་གཞན་དག་ཧ་ལས་ཧང་འཐོར་བའི་གནས་ལ་བཀོད་པའི་མཛད་བཟང་མངོན།

སྐབས་དེར་བྱམས་ཆོས་ལ་མཁས་པར་གྲགས་པའི་བླ་མ་འཇམ་རིན་པའི་སྐུ་མདུན་ལ་བཅར་ཏེ་བྱམས་ཆོས་ཕྱི་མ་རྣམས་ལ་གསན་བསམ་དཔྱིས་ཕྱིན་པ་གནང་སྟེ།

དགུང་གྲངས་བཅུ་དགུའི་སྟེང་གསང་ཕུ་དང་།

བདེ་བ་ཅན་གཉིས་སུ་ཕར་ཕྱིན་གྲྭ་བསྐོར་དམ་བཅའ་ཉིན་དུ་མར་བཞག་པས་མཁས་པའི་སྙན་པས་ཨ་མདོ་བྱིས་པ་ཁྱད་པར་བ་ཞེས་དབུས་ཀྱི་མཁས་པ་མང་པོས་དོ་སྣང་བྱ་བའི་ཡུལ་དུ་གྱུར། 

༼མངོན་པ་ལ་གསན་བསམ་མཛད་ཚུལ༽

     སྣར་ཐང་གི་གདན་སར་བཞུགས་སྐབས་ཆོས་གྲོགས་ཤིག་གི་ཤག་ནས་ཉ་ཊཱིཀ་ལ་མཇལ་བ་ན་ཁ་གསལ་ཞིང་གོ་བདེ་བའི་རྒྱན་འགྲེལ་འདི་འཇམ་སྐྱའི་ཊཱིཀ་དང་བསྡུར་ན་ཁྱད་ཆོས་དུ་མས་འཕགས་པར་གཟིགས་ཏེ་ཉ་དཔོན་གྱི་མདུན་ནས་ཕར་ཕྱིན་ཚར་གཅིག་ངེས་པར་གསན་དགོས་ཀྱི་འདུན་པ་ཆེས་ཆེར་འཕེལ། ས་སྐྱའི་གནས་རྙིང་དུ་གྲྭ་བསྐོར་གྲུབ་རྗེས་དགུང་གྲངས་ཉི་ཤུར་སོན་པའི་དབྱར་ཁ་ཞིག་ལ་རྩེ་ཆེན་དུ་ཕྱག་ཕེབས་ཏེ་ཉ་དཔོན་ཀུན་དགའ་དཔལ་ལ་མཇལ་ཅིང་ཁོང་གི་དྲུང་ནས་ཕར་ཕྱིན་གྱི་བཤད་པ་ཆ་ཚང་གསན། ཉ་དཔོན་ནི་གང་ཤེས་མི་བརྗེད་ཅིང་སློབ་མ་ལ་གཞུང་དོན་བརྡ་སྤྲོད་པར་མཁས་པའི་སྟབས་ཀྱིས་ཁོང་གི་ཐུགས་ཡིད་འཕྲོག་པར་གྱུར་བས་ད་དུང་མངོན་པ་གསན་པའི་རེ་བ་ཞུས།མཁས་པ་མཁས་པའི་དབུས་ན་མཛེས་ཞེས་པ་ལྟར། དེ་ནས་བཟུང་ཉ་དཔོན་ཀུན་དགའ་དཔལ་ཁོ་ཡང་རྗེ་བླ་མའི་ཕར་ཕྱིན་གྱི་ཡོངས་འཛིན་རྣམ་བཞིའི་གྲས་སུ་བགྲང་དགོས་བྱུང་། ཉ་དཔོན་གྱིས་མངོན་པ་ཁྲིད་པའི་རེ་བ་དང་ལེན་མ་བྱས། རྒྱུ་མཚན་ནི་ཕར་ཕྱིན་དང་ཚད་མའི་དཔེ་ཁྲིད་མང་བ་དང་གཅིག  མངོན་པ་ལ་དཔེ་ཀློག་གི་དུས་ཚོད་མི་འདང་བ་དང་གཉིས།  སློབ་མ་ཧ་ཅང་དབང་བོ་རྣོ་བས་དེ་ཚོད་ཀྱིས་རང་གིས་དཀའ་སྤྱད་མི་ནུས་པ་བཅས་ལ་བརྟེན་ནས་རང་གི་སློབ་མའི་གྲས་ན་མངོན་པ་ལ་ཧ་ཅང་མཁས་པ་རེེད་མདའ་བ་ལ་ཞུས་ན་ཡག་ཅེས་གསུངས་པ་ལ་དཔག་ན་ཉ་དཔོན་ཁོང་གི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མ་ལ་འགན་ཅི་འདྲ་ཞིག་འཁུར་གྱིན་པ་ཚོར་ཐུབ་ལ། འདིའི་ཐོག་ནས་དེང་སང་གི་དགེ་རྒན་མང་པོ་ཞིག་གིས་རེ་བ་ཞུས་ཚད་ལ་དང་ལེན་གྱིས་འཆད་རྐྱང་ཡིན་པ་འདིས་ཁོ་ཚོའི་འཆད་ཁྲིད་ཀྱི་སྤུས་ཀ་དང་སློབ་བུ་ཚོ་ལ་འགན་ཅི་འདྲ་ཞིག་འཁུར་བཞིན་པའང་ཞོར་ནས་དཔོག་ཐུབ་བོ།། 

    རྗེས་སུ་རྩེ་ཆེན་དུ་རེད་མདའ་བའི་སྐུ་མདུན་ནས་མཛོད་རང་འགྲེལ་གྱི་ཐོག་མཛུབ་ཁྲིད་དང་བཤད་ཉན་དཀྱུས་གཅིག་ལ་གསན་པ་ན་ཁོང་གིས་རེད་མདའ་བ་ལ་དོགས་འདྲི་མང་དུ་བྱས་པས་རྗེ་བཙུན་རེད་མདའ་བས་ཁྱེད་ལ་མངོན་པ་ཁྲིད་ན་ངེད་ཀྱིས་རིག་པ་ཧ་ཅང་བསྒྲིམ་དགོས་ཞེས་བསྔགས་བརྗོད་ཕུལ།

༼དབུ་མ་དང་འདུལ་བ་ལ་མང་ཐོས་མཛད་ཚུལ༽
    ལོ་དེའི་དགུན་ནང་རྗེ་བཙུན་རེད་མདའ་བའི་དྲུང་ནས་འཇུག་པ་རྩ་བའི་སྟེང་ནས་བཤད་ཁྲིད་ཚར་གཅིག་གསན་ལ། དེ་རྗེས་སྐྱོར་མོ་ལུང་གི་དགེ་བཤེས་བཀའ་བཅུ་བ་བློ་གསལ་གྱི་མདུན་ནས་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་གྱི་བཤད་ཁྲིད་ཚར་གཅིག་གསན། སྐབས་དེར་ཁོང་གིས་ཉི་མ་རེ་རེར་འཆར་ཅན་དུ་འདུལ་བ་མདོ་རྩ་བའི་དབུ་ནསཤོག་ལྡེབ་མདའ་ཚད་མ་བཅུ་བདུན་རེ་ཐུགས་འཛིན་གནང་བའི་དངོས་ཡོད་ཀྱི་བྱུང་བ་ཡོད། རྗེ་བླ་མའི་མཁྱེད་དཔྱོད་ཀྱི་ངོས་ནས་གཞལ་ན་དེ་ཙམ་ནི་གླེང་རིན་ཡོད་པ་ཞིག་མིན་ཡང་། ང་ཚོ་ལ་ལྟོས་ན་དེ་ཙམ་ནི་ཧ་ལས་ཞིང་ངོ་མཚར་བའི་མཛད་རྣམ་དུ་རློམ་ཆོག ཁོང་ཞོགས་ཚོགས་ལ་ཕེབས་སྐབས་ཚོགས་ནས་གྲྭ་མང་ནས་ཤེར་སྙིང་གསུངས་ཀྱིན་ཡོད་པས་ཁོང་ནི་ལྟ་བ་ལ་ཤར་སྒོམ་ནན་གྱིས་བརྩོན་མཁན་ཞིག་ཡིན་ཤས་ཤེར་སྙིང་གི་ཚིག་དོན་ལ་མཉམ་པར་བཞག་པས་སྐབས་འགར་ཚོགས་གྲོལ་བ་འང་མི་ཚོར་བར་གྱུར། ཉིན་ཞིག་དགེ་བསྐོས་ནས་ཁོང་ལ་བཀའ་བཀྱོན་པ་ན་ཁོང་འཁེན་སའི་ཀ་བ་ལ་ཚག་སྒྲ་གྲག་པས་དགེ་བསྐོས་འཇིགས་ཏེ་དགོངས་དག་ཞུ་བ་དང་ཆབས་ཅིག་གྲྭ་མང་ནས་ཁོང་གྲུབ་ཆེན་པ་ཞིག་རེད་ཅེས་དབུ་མའི་རྣལ་འབྱོར་བ་ཆེན་པོར་གྲགས་སོ། །
༼ཨ་མའི་ཞུ་འཕྲིན་འབྱོར་ཡང་ཕྱིར་མ་ལོག་པ༽
     གནས་ཚུལ་འདི་གོ་དུས་ཤེས་རྒྱ་དོག་ཅིང་དམིགས་རྒྱངས་ཐུང་བའི་མི་བུ་མང་པོས་ཁྱེད་ལ་འདོ་མེད་དང་འཁྲེལ་མེད་ཟེར་ཡང་སྲིད། རྒྱུ་མཚན་ནི་ཁོ་ཚོས་འཇིག་རྟེན་རང་ག་བའི་ངོས་ནས་བལྟས་ཏེ་མ་བུའི་བརྩེ་བ་ཙམ་ཡང་མེད་པ་ནི་ཐ་ཤལ་བ་ཞིག་ཏུ་མཐོང་བས་ཡིན། ཁག་ཅི་ལ་ཡོད།ཕལ་དང་དམ་པའི་ཁྱད་པར་ནི་གནད་འགག་གི་འདམ་གར་ཐུག་ཚེ་མ་གཏོགས་ལྷང་ལ་མི་འབུད། དཔེར་ན་རྗེ་བླ་མས་སྐབས་དེར་མ་ཡུམ་ཤིང་བཟའ་ཨ་ཆོས་དང་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་གཉིས་ལས་ཕྱི་མ་འདེམས་པ་ནི་སྐྱེ་བོ་རང་ག་བ་ཚོས་ནམ་ཡང་མི་ནུས་པའི་འདམ་ག་ཞིག་ཅི་ལ་མིན། ཕུགས་ཀྱི་འདུན་མ་ལ་བརྩོན་ན་འཕྲལ་གྱི་ཁེ་ཕན་མང་པོ་ཞིག་བློས་གཏོང་དགོས་པ་ནི་ཆོས་ཉིད་དུ་གྱུར། དེར་བརྟེན་འཇིག་རྟེན་ན་རླབས་ཆེན་གྱི་སྐྱེས་བུ་ནི་ཁོང་དང་ཁོང་ལྟ་བུ་ནི་རེ་ཟུང་ཙམ་ལས་མེད་ལ།སྐྱེ་བོ་ཕལ་བ་མང་དུ་ཡོད་པ་ཡང་གནད་འགག་གི་འདམ་གསེས་འཆུགས་མིན་ལས་བྱུང་བ་ལོས་ཡིན།  གལ་སྲིད་རྗེ་བླ་མས་སྐབས་དེར་ཨ་མ་ཨ་ཆོས་འདམ་ནས་ཕྱིར་ཕེབས་ཡོད་ན་ཨ་མའི་རེ་བ་བསྐངས་ཐུབ་མོད། འོན་ཀྱང་མདོ་སྔགས་ཟུང་ལ་གསན་བསམ་མཐར་ཕྱིན་མིན་དང་གསུངས་འབུམ་པོད་བཅུ་དགུའི་བདག་ཉིད་དུ་གྱུར་ཏེ་རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཐུབ་མིན་ནི་སུས་ཀྱང་ཚོད་མི་ཐུག་པའི་ཐེ་ཚོམ་གྱི་གནས་སུ་ལྷག་ངེས་རེད། 
༼ཁྱེད་ཉིད་ལ་དབང་བའི་བཅུ་བའི་ཉེར་ལྔ༽

བཅུ་བའི་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་དུ་གྲགས།

རྒྱུ་མཚན་བཅུ་བའི་ཉེར་ལྔའི་ཉིན།

རྗེ་བླ་མ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པས་ཡིན།

དུས་དེ་ནས་བཟུང་དུས་ཚེས་དམིགས་བསལ་བ་དེ་ལ།

རྗེས་འཇུག་གདུལ་བྱ་ཚོས་ཁོང་ལ་རྗེས་དྲན་གྱི་མཆོད་འབུལ་དང་།

བསགས་སྦྱོང་གི་སྒྲུབ་པ་ལྷུར་ལེན་བྱས།

སྲོལ་དེ་མ་ཉམས་པར་ད་བར་མཆིས།ཡབ་རྗེ་ལགས།

རྗེ་བླ་མ།ཁྱེད་ཉིད་འདས་ནས་བགྲང་བྱ་དྲུག་བརྒྱ་ལྷག་ལ་ཕྱིན་ཀྱང་།

ཁྱེད་ཀྱི་གསུང་གི་འཕྲིན་ལས་ད་ལྟ་ཕྱོགས་བཞི་མཚམས་བརྒྱད་ན།

གྲག་དང་གྲག་བཞིན་པའི་སྒང་ཡིན།

མ་ཟད་ཁྱེད་ཀྱི་ལྟ་བའི་ལེགས་བཤད་རྣམ་ལྔས།

གདུལ་བྱ་མང་པོ་ཞིག་ལ་ལྟ་བའི་བློ་མིག་ཡངས་པོར་ཕྱེས་ལ།

མདོ་སྔགས་ཀྱི་ལམ་རིམ་ཟུང་གིས་ཆོས་པ་མི་ཉུང་བ་ཞིག་ལ།

ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྣེ་སྟེར་ཡོད།


ཀྱེེེ་ཀྱེ་ཡབ་རྗེ་བླ་མ་ལགས།

ཁྱེད་ཀྱི་འཆད་རྩོད་རྩོམ་གསུམ།མཁས་བཙུན་བཟང་གསུམ།

ལྟ་སྒོམ་སྤྱོད་གསུམ་སོགས་མཛད་རྣམ་གྱི་ཆ་གང་ལ་བསམ་ན།

ནམ་མཁའ་ལས་མཐའ་ཡངས་ཤིང་།

རི་རྒྱལ་ལས་གཏོས་ཆེ་ལ་རྒྱ་མཚོ་ལས་གཏིང་ཟབ་པས།

ཇི་བཞིན་བརྗོད་པར་ག་ལ་ནུས་ཏེ་མི་ནུས་མོད།

འོན་ཀྱང་ཁྱེད་ཀྱིས་གནད་འགག་གི་འདམ་ག་འདིས།

བདག་ལ་སེམས་ཤུགས་སྣོང་སོང་ལ།

ལྷོད་མེད་ཀྱིས་གསན་བསམ་མང་པོས་བདག་ལ།

བློ་སྤོབས་དང་ཕུགས་བསམ་བསྩལ་བྱུང་།

དེར་བརྟེན་དྲིན་ལ་དྲིན་ལན་དང་བཟང་ལ་ཡོན་གྱི་ཚུལ་དུ།

དད་དུང་གི་མིག་ཆུས་སྦར་བའི་མཚན་འབར་རྐང་གཅིག་འདི།

ཀུན་བཟང་མཆོད་སྤྲིན་དུ་འབུལ་བ་ལགས་ན།

ཁྱེད་ཐུགས་བརྩེ་བས་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41467003
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1