སྒོ་མང་དགོན་གྱི་གདོང་སྤྲུལ་ངག་དབང་ཡེ་ཤེས་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» མགར་གྱི་མི་སྣ། »སྒོ་མང་དགོན་གྱི་གདོང་སྤྲུལ་ངག་དབང་ཡེ་ཤེས་བློ་བཟང་ཆོས་ཀྱི་རྒྱ
སྒོ་མང་དགོན་གྱི་གདོང་སྤྲུལ་ངག་དབང་ཡེ་ཤེས་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2024/1/7ལྟ་ཀློག (8360)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒོ་མང་དགོན་གྱི་གདོང་སྤྲུལ་ངག་དབང་ཡེ་ཤེས་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

 

གདོང་བླ་ཁོ་ངག་དབང་བློ་བཟང་མཆོག་ནི་རྔ་ཡུལ་སྣ་ཤུལ་སྡེ་བའི་ཡབ་གདོང་རྟམ་དང་ཡུམ་སྒྲོན་ཐར་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༠༧ལོར་སྐུ་འཁྲུངས། སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཆོས་གྲྭར་བཞུགས་ཏེ་ཐོས་བསམ་མཐར་ཕྱིན་པ་གནང་བས་མཁས་པའི་ཁྲི་ལ་དབང་འབྱོར་ཞིང་། ཀུན་མཁྱེན་སྐུ་ཕྲེང་བཞི་བ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གིས་ཀློང་རྡོལ་བླ་མ་རིན་པོ་ཆེའི་སྐུའི་སྐྱེ་མཐར་ངོས་བཟུང་།  སྒྲ་དྲུག་འགྱུར་གྱི་སྒོ་ནས་ཉིན་རེར་བརྒྱད་སྟོང་བ་དང་།  ལམ་སྔགས་པོད་རེ་དག་པར་གསུངས་པ་སོགས་ཐུན་མིན་གྱི་རྣམ་ཐར་མང་། ཀུན་མཁྱེན་ལྔ་བ་ཆེན་མོ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནང་ཆེན་དུ་གདན་དྲངས་ནས་བརྒྱད་སྟོང་བརྒྱ་འདོན་བྱས། རྒྱ་སྟོད་རྡོར་ཞར་གྱིས་ཀིརྟི་སྐྱབས་མགོན་གདན་དྲངས་སྐབས་ཁོང་ནས་འཁྲུངས་རབས་དང་འབྲེལ་ཏེ་མཎྜལ་བཤད་པ་ངོ་མཚར་བ་གནང་བས་ཀུན་གྱིས་བསྟོད་བསྔགས་ཐོབ། དགུང་ལོ་དྲུག་ཅུ་རེ་བརྒྱད་དེ་སྤྱི་ལོ་༡༩༧༥ལོར་སྐུ་ཞི་བར་གཤེགས།

 དེའི་ཡང་སྤྲུལ་རྔ་བ་སྣ་ཤུལ་གྱི་ཡ་རུ་སང་གི་ཡབ་རྒྱ་མཚོ་དང་ཡུམ་དབུས་ལི་གཉིས་ཀྱི་སྲུས་སུ་སྤྱི་ལོ༡༩༧༦..༥ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།  གཞོན་ནུའི་དུས་ནས་བྱིས་པའི་རོལ་རྩེད་རིང་དུ་དོར་ཞིང་དམ་པའི་རང་རྟགས་མངོན་དུ་གྱུར། ཧྭར་བ་དགེ་བཤེས་ཆེན་མོའི་ཡང་སྤྲུལ་འབྲས་སྤུངས་རབ་བརྟན་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་ཐུགས་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་གདོང་བླ་མ་ངག་དབང་བློ་བཟང་མཆོག་གི་ཡང་སྤྲུལ་དུ་རབ་གནས་ས་འབྲུག་༡༩༨༨ལོའི་དབྱར་མགོ་མའི་ཚེས་༡༡ཉིན་ངོས་འཛིན་མཛད། ལོ་དེའི་སྟོན་ཁར་ཕར་ཕྱིན་གླིང་ཁའི་ཉིན་སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་ངག་དབང་ཡེ་ཤེས་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་པའི་མཚན་གསོལ། ཉིན་དེར་གདན་ས་རང་ནས་བྱོན་པའི་ཁྲི་རབས་དྲུག་པ་རྗེ་བཙུན་ཆོས་འཁོར་བསྟན་པ་རྒྱ་མཚོ་མཆོག་གིས་ངུར་སྨྲིག་གི་ན་བཟའ་གསོལ། ལོ་དེའི་ལྷ་བབས་དུས་ཆེན་ཉིན་མདོ་སྨད་རྔ་ཡུལ་གྱི་མཁས་གྲུབ་བྱེ་བའི་འབྱུང་གནས་བཀྲ་ཤིས་སྒོ་མང་བཤད་སྒྲུབ་འཕེལ་རྒྱས་གླིང་གི་མི་འཇིགས་སེངྒེའི་ཁྲི་ལ་འཁོད། ཧྭར་བ་དགེ་བཤེས་ཆེན་མོའི་ཡང་སྤྲུལ་འབྲས་སྤུངས་རབ་བརྟན་རྒྱ་མཚོ་མཆོག་གི་དྲུང་ནས་རབ་བྱུང་དང་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ཉན་ཐོས་ཉེ་བར་འཁོར་གྱི་མཆེད་ཟླ་འདུལ་བ་འཛིན་པ་དགེ་སློང་སྦྱིན་པ་རྒྱ་མཚོའི་དྲུང་ནས་དགོན་པ་འདིའི་ཆོ་ག་ཆོས་སྤྱོད་སོགས་བསླབས། རིག་པ་སྨྲ་བའི་ཁྱུ་མཆོག་ཐོས་དོན་རྒྱུད་ཐོག་ཏུ་འཁེལ་བའི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་རྗེ་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་བསྟན་བཅོས་་མངོན་པར་རྟོགས་པའི་རྒྱན་དང་། དབུ་མ་འཇུག་པ། སྤྱོད་འཇུག་ཆེན་མོ།  གྲུབ་མཐའ་རྩ་བ། བསྡུས་གྲྭས་མཚོན་པའི་ཐལ་ཕྲེང་གི་མཐའ་དཔྱོད་སོགས་གཞུང་ཆེན་རྣམས་ཐུགས་འཛིན་མཛད་ཅིང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་རིགས་ལམ་ཕྱོགས་གཅིག་ཏུ་བསྡུས་པའི་བསྡུས་གྲྭ་དང་། རྣམ་འགྲེལ་དང་ཕར་ཕྱིན་སོགས་ལ་སློབ་གཉེར་རྡོ་རུས་ཐུག་པ་ལྟར་མཛད། ཆོས་འཁོར་དང་ཤེར་ཕྱིན་ཕར་ཕྱིན་གྱིས་མཚོན་པའི་རིགས་གྲྭའི་ཚོགས་གླེང་སོགས་ལོ་དུ་མར་གནང་། དེ་མིན་ཁྲོ་ཁོ་དབལ་བན་གྱི་ཕྱོགས་སུ་བྱོན་ནས་ཡུལ་ལྷ་གཉན་པོ་ཤ་རི་ལ་བསང་མཆོག་སོགས་བྱས་ཚེ་ཡུལ་ལྷ་གཉན་པོ་དེ་ཐུགས་དགྱེས་པའི་ཐུན་མིན་གྱི་རྟགས་མཚན་རྨད་དུ་བྱུང་བ་མང་བོ་བྱུང་བ་ནི་དེར་འདུས་ཀྱི་སེར་སྐྱ་ཡོངས་ཀྱིས་ཧ་ལས་ཤིང་ངོ་མཚར་བའི་གནས་སུ་འཛིན། ཡུལ་ཕྱོགས་དེའི་སྡེ་བ་སོ་སོ་ལ་རྩྭ་ས་བགོས་ཚེ་སྡེ་བ་སོ་སོས་རང་གང་ལ་ཡིད་ཆེས་པའི་བླ་སྤྲུལ་སོགས་ལ་སྐྱབས་འཇུག་དང་ལུང་བསྟན་ཞུས་པ་དེ་བཞིན་ཧོ་ཟ་སྡེ་བ་སོགས་རུ་སྐོར་དུ་མས་སྐུ་འདི་ཉིད་ལ་རྩེ་གཅིག་གསོལ་བ་བཏབ་པ་ལྟར་རང་རང་གི་འདོད་ཐོག་ཏུ་ཁེལ། དེར་བརྟེན་སྐུ་ན་ཕྲ་ཡང་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་སྟེ་མི་ཚང་སྟོང་ཕྲག་དུ་མའི་འདི་ཕྱི་ཀུན་གྱི་སྐྱབས་གནས་སུ་གྱུར་ཏེ་ལོངས་སྤྱོད་མ་ཟད་རང་གི་གཅེས་པའི་བུ་ཕྲུག་སོགས་ཀྱང་ཕུལ་ནས་ད་སྐབས་སྐུ་ཉིད་ཀྱི་ནང་ཆེན་དུ་གྲྭ་པ་བཅུ་ཕྲག་གསུམ་ལྷག་བཞུགས་ཡོད།

སྤྱི་ལོ་༢༠༠༢ལོའི་བོད་ཟླ་༡༡པའི་ཚེས་༢༠ཉིན་རྣམ་འགྲེལ་དང་ཕར་ཕྱིན་ལ་སློབ་གཉེར་མཐར་ཕྱིན་པའི་དགའ་སྟོན་དུ་ཕར་ཕྱིན་འཛིན་གྲྭ་དང་ཚོགས་ཆེན་ཡོངས་ལ་སྔར་བྱུང་མ་མྱོང་བའི་གཏོང་འགྱེད་ཆེན་པོ་བྱས། དབུ་མ་དང་མཛོད་འདུལ་བའི་འཛིན་གྲྭར་རིམ་གྱིས་ཕེབས་ཏེ་ཐོས་བསམ་སློབ་གཉེར་བྱས།

དབང་ལུང་མན་ངག་གསན་ཚུལ་ནི། དུས་གསུམ་རྒྱལ་བའི་རང་གཟུགས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྐྱབས་མགོན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མའི་ཞལ་སྔ་ལས། སྐྱབས་འགྲོ། ལམ་རིམ་སྨོན་ལམ་དང་སྔགས་རིམ་སྨོན་ལམ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་སོགས་ཐོབ།     འཕགས་མཆོག་སྤྱན་རས་གཟིགས་ཀྱི་མདུན་ནས་རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་དབང་།  རྟེན་འབྲེལ་བསྟོད་པའི་བཤད་ལུང་། ཆོས་འཁོར་གྱི་མདོ་དང་སཱ་ལི་ལྗང་བའི་མདོ་གཉིས་ཀྱི་བཤད་ལུང་། སངས་རྒྱས་ཆོས་ཚོགས་མའི་ཐོག་ནས་སེམས་བསྐྱེད་ཐོབ། སྟོན་པའི་མཚན་སྔགས་དང་མ་ཎི་སྒྲོལ་མ་འཇམ་པའི་དབྱངས་སོགས་ཀྱི་ལུང་ཐོབ།  པཎ་གྲུབ་བཅུ་བདུན་གྱི་བསྟོད་པའི་ལུང་ཐོབ། བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁྲིད་ཐོབ་། བྱང་ཆུབ་གཞུང་ལམ་གྱི་སྟེང་ནས་བྱང་སྡོམ་ཐོབ། གོང་ས་མཆོག་གིས་གསུངས་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ལུང་གཉིས་ཐོབ། འཕགས་བསྟོད་ཀྱི་ལུང་དང་།  འཕགས་པ་སྤྱན་རས་གཟིགས་ཀྱི་དབང་དང་སྟ་གོན་གྱི་དབང་ཐོབ། འཇིགས་བྱེད་ལྷ་བཅུ་གསུམ་མའི་སྟ་གོན་དང་དབང་ཐོབ། འཇིགས་བྱེད་དཔའ་བོ་གཅིག་པའི་སྟ་གོན་དང་དེའི་དབང་ཐོབ། ཤེས་རབ་སྙིང་བོའི་མདོ་དང་རྡོ་རྗེ་གཅོད་པའི་བཤད་ལུང་ཐོབ། ལྷ་མོ་དབྱངས་ཅན་པའི་རྗེས་གནང་ཐོབ།

༧འཇམ་དབྱངས་མི་ཡི་རྣམ་རོལ་༧རྗེ་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་ཡབ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གི་མདུན་ནས།  བདེ་མཆོག་རབ་འབྱམས་ཆ་ཚང་། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། འཕོ་ལུང་། ཚེ་དབང་། དུས་འཁོར་དབང་ཆེན་སོགས་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོའི་མདུན་ནས་རྡོར་ཕྲེང་གི་དབང་ཆ་ཚང་སོགས་དང་།  མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་འཇམ་དབྱངས་རྒྱ་མཚོའི་མདུན་ནས་བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ།  མི་ཏྲ་བརྒྱ་རྩ།  སྒྲུབ་ཐབས་རྒྱ་མཚོ་སོགས་དབང་གི་སྐོར་དང་། རྗེ་རང་གིས་བརྩམས་གནང་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་སྐལ་བཟང་ལེགས་ལམ་དུ་བགྲོད་པའི་ཐེམ་སྐས་དཔྱོད་ལྡན་སྤྱི་ནོར་ཞེས་བྱ་བ་སོགས་ཁྲིད་ཀྱི་སྐོར་དང་།  སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གི་མདུན་ནས་བདེ་གསང་འཇིགས་གསུམ་དང་།  ཚེ་དབང་། ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་དབང་ལུང་དུ་མ་ཐོབ།

སྤྱི་ལོ་༢༠༡༣ལོར་གདན་ས་འདིའི་ཁྲི་རབས་ལྔ་བཅུ་བའི་ཁྲི་ཚབ་ཏུ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་སྨོན་ལམ་གསུང་ཆོས་ཀྱི་མགོན་དུ་བྱོན། ལོ་དེའི་བོད་ཟླ་༢པའི་ཚེས་༡ཉིན་དུས་གསུམ་རྒྱལ་བ་ལས་ཀྱང་བཀའ་དྲིན་ལྷག་པར་ཆེ་བའི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་སྐྱབས་མགོན་བཞད་པའི་རྡོ་རྗེ་ཀུན་མཁྱེན་སྐུ་ཕྲེང་དྲུག་པ་ཆེན་མོ་རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་གི་བཀའ་ལུང་ལྟར་རིགས་བརྒྱའི་ཁྱབ་བདག་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་བཀྲ་ཤིས་པའི་ལྷ་དར་དང་ཕྱག་མདུད་ཕུལ་ནས་དགོན་འདིའི་ཚོགས་ཆེན་ཁྲི་བར་བསྐོ་བཞག་གནང་། ལོ་དེའི་བོད་ཟླ་༨ཚེས་༡༠ཉིན་མཁས་གྲུབ་བྱེ་བའི་འབྱུང་གནས་རྔ་ཡུལ་སྒོ་མང་དགོན་གྱི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་བཀྲ་ཤིས་པའི་ཞབས་ཟུང་འཁོད་དེ་སྔོན་བྱོན་དམ་པའི་རྣམ་ཐར་དང་འབྲེལ་ནས་ཁྲི་བཤད་གནངས་པས་དེར་འདུས་ཀྱི་སེར་སྐྱ་ཀུན་གྱི་ཡིད་དབང་འཕྲོག  དེ་མིན་གྲྭ་པ་རེ་རེའི་ཕྱག་ཏུ་མར་རྒྱ་མ་ཕྱེད་བཞི་དང་དམངས་སྒོར་བརྒྱ་རེ་བཅས་ཕུལ་ནས་ཁྲི་སྟོན་བྱས།

སྤྱི་ལོ་༢༠༡༣ལོའི་ཟླ་༡༢་པར་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་ཅུས་གཉིས་ཀྱིས་དགོན་སྡེའི་དཔལ་ཡོན་དང་འཆམ་མཐུན་འཛུགས་སྐྱོང་གི་སྔོན་ཐོན་མི་སྣར་(创建文明和谐寺庙先进个人荣誉证书)བདམས་ཏེ་བསྟོད་བྱང་ཕུལ།

 ལོ་དུ་མའི་སྔོན་ནས་རང་གི་སྐུ་ཉིད་ཀྱི་མཆེད་གྲོགས་རྣམས་ལ་ཀུ་རེའི་ཚུལ་དུ་ང་ཁྲི་ལ་འདུག་སྐབས་དགོན་འདིར་རྒྱུན་བཞུགས་ཀྱི་གྲྭ་ཚང་སྟོང་ཕྲག་ལྷག་འདུས་རྒྱུ་རེད་ཅེས་ཡང་ཡང་གསུངས་པ་བཞིན་སྐུ་ཉིད་ཁྲི་ལ་བཞུགས་སྐབས་རྒྱུན་བཞུགས་ཀྱི་གྲྭ་ཚང་ཆིག་སྟོང་བརྒྱ་ཕྲག་ལྷག་འདུས་པ་དེ་ནི་མ་འོངས་མངོན་སུམ་གཟིགས་པའི་རྟགས་སུ་མཆིས།

སྤྱིར་ཚོགས་ཆེན་ཁྲི་ལ་བཞུགས་ཡུན་ལོ་གསུམ་ཡིན་ཡང་དམིགས་བསལ་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་བཀའ་ལུང་ལྟར་ལོ་གཅིག་ཕྱི་འགྱངས་སུ་བཞུགས་དགོས་བྱུང་། ལོ་དེར་གང་ཟག་ཕུན་སུམ་ཚོགས་པ་སྐྱབས་རྗེ་ཧྭར་བ་རིན་པོ་ཆེས་ཡུལ་ཕུན་སུམ་ཚོགས་པ་མདོ་སྨད་རྔ་ཡུལ་གསེར་མོའི་ལྗོངས་ཀྱི་གནས་ཕུན་སུམ་ཚོགས་པ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དུས་ཕུན་སུམ་ཚོགས་པ་སྤྱི་ལོ་༢༠༡༧ལོའི་བོད་ཟླ་༦པའི་ཚེས་༤སྟེ་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་དེར་མཛད་པ་ཕུན་སུམ་ཚོགས་པ་ཀུན་མཁྱེན་བླ་མའི་བཞུགས་གནས་ཕོ་བྲང་ཡིད་དགའ་ཆོས་འཛིན་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པའི་དགའ་སྟོན་དུ་གྲྭ་པ་ཆིག་ཁྲི་དྲུག་སྟོང་ལྷག་གདན་འཛོམས་པའི་ཐོག་དབུ་བཞུགས་མཛད།

སྐྱབས་རྗེ་ཧྭར་བ་རིན་པོ་ཆེ་མཆོག་གིས་སེར་སྐྱ་ཡོངས་ལ་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་གནང་སྐབས་སྔོན་བྱོན་སྐྱེས་བུ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་སྐུ་ཉིད་ཀྱིས་སྐྱབས་རྗེ་ཧར་བ་རིན་པོ་ཆེ་སྐུ་གོང་མ་རྣམས་ཀྱི་རྣམ་ཐར་དང་འབྲེལ་ཏེ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུན་མིན་གྱི་རྣམ་ཐར་ལས་བརྩམས་ཏེ་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོར་རྟག་པར་བཞུགས་པའི་བཅོས་མིན་སྙིང་ནས་གསོལ་བ་བཏབ་སྟེ་ངོ་མཚར་རྨད་དུ་བྱུང་བའི་བརྟན་བཞུགས་ཕུལ་བ་ལ་དེར་འདུས་ཀྱི་སེར་སྐྱ་ཁྲི་མ་འབུམ་གྱི་ཡིད་རང་དབང་མེད་པར་འཕྲོག་སྟེ་ཡབ་སྲས་གཉིས་ལ་དད་པའི་སྤུ་ལོང་གཡོས་ཤིང་མིག་ནས་མཆི་མ་འཁྲིགས་ཏེ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱོར་བའི་ཡུལ་དུ་གྱུར།

རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་བླ་བྲང་ནས་དགོན་འདིར་ཆིབས་ཁ་བསྒྱུར་ཏེ་སེམས་བསྐྱེད་མཆོད་པ་གནང་སྐབས་སྐུ་ཉིད་ཀྱིས་མཎྜལབཤད་པ་ངོ་མཚར་བ་ཕུལ་བ་ལ་རྗེ་ཉིད་ཀྱིས་ཐུགས་རབ་ཏུ་དགྱེས་ཏེ་སྐུ་ཉིད་ལ་སྐུ་ཚེ་ཡུན་རིང་དུ་བརྟན་དགོས་ཞེས་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་རྟེན་བྱིན་ཅན་གནང་།

སྐུ་ཉིད་ཁྲི་ལ་བཞུགས་པའི་ལོ་ངོ་བཞིའི་རིང་དགོན་རི་གྲོང་གཉིས་ལ་ཁ་མཆུ་སོགས་མི་འདོད་རྒུད་པའི་རིགས་གང་ཡང་མ་བྱུང་ཞིང་ཆོས་ལྡན་གྱི་བྱ་བ་མཐའ་དག་ཡར་ངོའི་ཟླ་བཞིན་འཕེལ་བ་ནི་ཐུན་མིན་གྱི་ངོ་མཚར་བའི་རྣམ་ཐར་དང་། ཡབ་རྗེ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་བོ་མཆོག་གིས་ཀྱང་སྐུ་ཉིད་བཀའ་དྲིན་ཆེ་ཞེས་གསུང་གི་མེ་ཏོག་འཐོར་ཞིང་བཀྲ་ཤིས་པའི་ལྷ་དར་གནང་། རིགས་གྲྭ་སོགས་ལ་གཏོང་སྒོ་དམངས་སྒོར་ཁྲི་བམ་བཞི་བརྒྱ་ལྷག་ཕུལ་ཞིང་སྤྱི་ལོ་༢༠༡༧ལོའི་བོད་ཟླ་༧པའི་ཚེས་༢༠ཉིན་ཁྲི་མཐར་ཕྱིན་པའི་དགའ་སྟོན་དུ་གྲྭ་པ་རེར་མར་རྒྱ་མ་གཉིས་དང་སྲང་བརྒྱད་དམངས་སྒོར་ཆིག་སྟོང་ལྷག་ཕུལ་ཏེ་ཇ་ཐུག་སོགས་ཕུན་སུམ་ཚོགས་པས་བསྙེན་བཀུར་བྱས་པའི་དགེ་རྩ་འབྲས་བུ་དང་བཅས་པ་བསྟན་པ་དང་འགྲོ་བའི་དོན་དུ་བསྔོས།

དེ་མིན་བསྟན་པ་དང་འགྲོ་བའི་དོན་དུ་སྤྱི་ལོ་༢༠༡༨ལོར་རྔ་ཡུལ་གྱི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གསར་དུ་བཙུགས་ཤིང་།  ཚན་ཆུང་དུ་ས་སྒང་དགོན་གྱི་ས་སྒང་བླ་མ་འཇམ་དབྱངས་ཐུབ་བསྟན། བསེ་དགོན་ཆེན་གྱི་བསེ་མཆོག་སྤྲུལ་ཀུན་དགའ་ཕུན་ཚོགས་དང་མཁར་སྤྲུལ་བཀྲ་ཤིས་དོན་ཁོ། ཀིརྟིའི་རོང་དགོན་གྱི་ཨ་ལགས་བཙན་ཤེར་སྤྲུལ་སྐུ། ཨ་འདུས་ཡག་མགོ་དགོན་པའི་ནག་སྤྲུལ་བསྟན་པའི་ཉི་མ། རྟོགས་ལྡན་དགོན་གྱི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཁཱ་ཤཱི་དགོན་གྱི་ཁཱ་ཤེས་རབ་རྒྱ་མཚོ་སོགས་དང་མཉམ་དུ་བོད་ཆོས་ལྡན་གྱི་ཞིང་སའི་ས་ཕྱོགས་ངེས་མེད་དུ་བསྐྱོད་དེ་རིས་མེད་ཀྱི་དགོན་སྡེ་ཁག་དང་བཤད་སྒྲུབ་སློབ་གླིང་། དཔེ་མཛོད་ཁང་། གནའ་ཤུལ་ཁག གནས་རི། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། རོགས་སྐྱོར་གྱི་བྱ་འགུལ་ལས་གཞི་སོགས་ལ་ཡུལ་དུས་དང་བསྟུན་པའི་ཞབས་འདེགས་བྱས་དང་བྱེད་བཞིན་པ་མ་ཟད། རྨ་ནུབ་ཁྱམས་རིང་ལེ་བར་སྟོང་ཕྲག་འགའ་བརྒལ་ཏེ་བོད་ཀྱི་ལོ་རྒྱུས་དང་ས་རྒྱུས་སོགས་ལ་ཞིབ་འཇུག་དང་རྒྱུས་ལོན་དུ་ཕེབས་ནས་མིག་སྔར་བོད་ཀྱི་དགོན་སྡེ་མང་པོའི་གྲུབ་མཐའ་ནང་ཕན་ཚུན་མཐུན་སྒྲིལ་སོགས་ལ་ཕན་འབྲས་ཆེན་པོ་བསྐྲུན་དང་སྐྲུན་བཞིན་ལགས་སོ། །

ད་སྐབས་ལུང་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་ལ་ཉམས་ལེན་གནང་བཞིན་སྐུ་འཚོ་ཞིང་ཞལ་བཞུགས་པའི་སྐབས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41471912
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1