༄༅། །འདྲེན་མཆོག་དམ་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་རྗེས་སུ་དྲན་པའི་གཏམ་མོས་ལྡན་ཡིད་ཀྱི་རྫིང་བུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །འདྲེན་མཆོག་དམ་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་
༄༅། །འདྲེན་མཆོག་དམ་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་རྗེས་སུ་དྲན་པའི་གཏམ་མོས་ལྡན་ཡིད་ཀྱི་རྫིང་བུ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1764)རྩོམ་ཁུངས: པར་འདེབ།

                                                                         རོང་བརྩོན།ཞལ་ཤུལ

བློ་ཆེན་ཀུན་བཟང་སྤྱོད་པའི་རྩ་བ་བརྟན།།

བསླབ་གསུམ་ཚུལ་ཁྲིམས་གཙང་མའི་ཡལ་འདབ་རྫོགས།།

ཐར་འདོད་རྒྱ་མཚོའི་སྙིང་གི་གདུང་སེལ་བ།།

བཤེས་གཉེན་དཔག་བསམ་ལྗོན་པར་སྙིང་ནས་འདུད།།

སྔོན་བསགས་བསོད་ནམས་དཀར་བོའི་ལེགས་བྱས་ཀྱིས།།

མགོན་ཁྱོད་ཞབས་ཟུང་གཙུག་གི་རྒྱན་དུ་ཐོབ།།

འོན་ཀྱང་ཐ་མལ་སྣང་ངོར་རྗེ་ཁྱོད་དང༌།།

བྲལ་བའི་གདུང་བ་བུ་ཡི་སྙིང་ལ་ལྕི།།

ནོར་དང་དབང་གིས་དྲེགས་པའི་འཁོར་སློབ་ལས།།

ཉམ་ཆུང་བདག་ལ་བརྩེ་བའི་དགྱེས་ཞལ་ཅན།།

ཟང་ཟིང་རྒྱུ་ནོར་སྟོང་ཕྲག་འབུལ་བ་ལས།།

སྒྲུབ་པའི་མཆོད་པར་མཉེས་པའི་བླ་མ་མཆོག།

དགེ་བཅུའི་དཔལ་ཡོན་དར་བ་དངུལ་དཀར་གཞོང༌།།

ཆུ་སྐྱེས་འདབ་བརྒྱ་བཞད་པའི་ར་བ་རུ།།

གཟུགས་སྐུའི་མཛེས་སྡུག་གསར་དུ་གྲོལ་བའི་ཚེ།།

ཡ་མཚར་གར་གྱི་རི་མོ་མངོན་པར་བཀྲ།།

བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་གྲྭར།།

བཀའ་པོད་དགོངས་དོན་ཐོས་བསམ་ཚུལ་བཞིན་མཛད།།

ཆོས་གྲྭར་ཆག་མེད་འགྲིམས་པའི་རྣམ་ཐར་སོགས།།

གཟུར་གནས་དགའ་བ་བསྐྱེད་བྱེད་མང་དུ་མཐོང༌།།

འཇམ་དབྱངས་མཁྱེན་རབ་གཅིག་བསྡུས་མི་ཡི་གར།།

ཁྲིམས་ལྡན་རྒྱ་མཚོའི་ཏོག་གྱུར་མགོན་དེ་ལས།།

ཉེས་ལྟུང་དྲི་མ་འདག་བྱེད་བསླབ་གསུམ་ཆབ།།

ངོམས་མེད་འཐུང་བའི་ངོ་མཚར་དཔལ་ལ་གུས།།

སྣང་མཐའ་དགུ་བ་ཆོས་ཀྱི་ཉི་མ་དང༌།།

བསྟན་པའི་མངའ་བདག་བླ་ཁོ་རྡོ་རྗེ་འཆང༌།།

མཐོང་གྲོལ་བཤེས་གཉེན་གསེར་རི་མང་བསྟེན་པས།།

དུས་མཐར་རྒྱལ་བསྟན་འཛིན་ལ་མངའ་དབང་འབྱོར།།

སྨིན་བྱེད་ཟབ་མོའི་དབང་དང་གྲོལ་བྱེད་ཁྲིད།།

སྲད་དབེན་སྙན་བརྒྱུད་མཛོད་ལ་དབང་བསྒྱུར་བས།།

སྙན་པའི་གྲགས་པ་རང་བྱུང་ལྷའི་རྔ་བོས།།

ཕྱོགས་ཀྱི་མཛེས་མའི་སྒྲ་འཛིན་ཅི་ཡང་དཀྲིགས།།

ཞལ་ཤུལ་གོང་མའི་ཐུགས་བསྐྱེད་ཉལ་འགྲོའི་ཀླུང༌།།

གང་ཐུགས་རྒྱ་མཚོར་འཁྱིལ་བའི་བསོད་ནམས་རླབས།།

ཁྲོ་སྨད་གདུལ་བྱའི་དཔལ་དུ་ཉེར་ཐོབ་པས།།

ཞབས་ཟུང་གསེར་འཁོར་གླིང་དཀར་སྟོད་ལ་བསྒྱུར།།

དབེན་གསུམ་ལྷ་ཡི་དགའ་ཚལ་མ་ཉམས་པ།།

གསང་ཆེན་མཛོད་འཛིན་འཁོར་ལོ་སྡོམ་པའི་གནས།།

གྲུབ་པའི་གནས་མཆོག་གད་སྐྱའི་རི་ཁྲོད་དེར།།

མི་ལའི་རྣམ་ཐར་སྐྱོང་བཞིན་སྒྲུབ་ལ་གཞོལ།།

ཁྱད་པར་བདག་པས་གཞན་གཅེས་བྱང་ཆུབ་སེམས།།

འབྲལ་མེད་ཐུགས་དམ་མཐིལ་དུ་བསྒོམ་པས་མཐུས།།

མི་བསྲུན་ལས་ལ་གཞོལ་བའི་གཤེད་མ་ཡང༌།།

སྡུག་པའི་བུ་བཞིན་དགོངས་འདི་མཛད་པའི་ཕུལ།།

ཕྱི་ཡི་སྤྱོད་པ་གནས་བརྟན་ཉེ་བར་འཁོར།།

ནང་གི་རྟོགས་པ་ས་ར་ཧ་དང་མཉམ།།

ནག་ཕྱོགས་འདུལ་ལ་གྲུབ་དབང་སཾ་བྷ་ཝ།།

ང་ཡི་བླ་མའི་རྣམ་པར་ཐར་བ་དྲན།།

ཆོས་སྲིད་རླབས་འཕྲེང་འཕྱུར་བ་དེང་གི་ཆར།།

ཕྱོགས་ཀྱི་དགོན་སྡེ་རྒྱུ་སྐར་ལྟ་བུའི་དབུས།།

ཉིད་ཀྱི་གདན་ས་ཆོས་སྡེ་ཞལ་ཤུལ་དགོན།།

ཆོས་འབྱོར་གདེངས་ཀ་མཐོ་བ་ཁྱེད་ཀྱི་དྲིན།།

སྙིགས་མའི་རང་མཚང་བརྡོལ་བའི་དུས་མཐའ་རུ།།

བསླབ་གསུམ་འཛིན་པའི་དགེ་སློང་འདི་འདྲ་ཞེས།།

ཀུན་མཁྱེན་བཞད་པའི་རྡོ་རྗེས་བསྔགས་བརྗོད་ཀྱིས།།

རྒྱ་མཚོའི་རྡུལ་གྱི་སྐྱེས་རབས་སྙན་པ་འཕྲོག།

རྐུ་འཕྲོག་རྫུན་ལ་གཞོལ་བའི་སྐྱེ་བོ་ཡང༌།།

ཞལ་གསུང་བདེན་པའི་སྙིང་བོ་ཚངས་པའི་དབྱངས།།

ཐོས་པའི་མོད་ལ་ལས་འབྲས་དྲང་ལམ་དུ།།

འཇུག་པའི་ངོ་མཚར་སྤྱོད་པ་བགྲང་ལས་འདས།།

དབུས་ཀྱི་གདན་ས་གསུམ་སོགས་གཙོར་མཛད་པའི།།

མདོ་སྨད་ཡུལ་གྱི་དགོན་སྡེ་ཆེ་ཕྲ་ཀུན།།

ཟང་ཟིང་ནོར་གྱིས་མཆོད་པའི་སྤྲིན་ཕུང་གིས།།

ཀུན་བཟང་སྤྱོད་པ་ཡོངས་སུ་རྫོགས་པར་མཛད།།

གདོད་ནས་ཟུང་འཇུག་དག་པའི་སྐུ་བརྙེས་པས།།

སྐྱེ་འཆིའི་རྒུད་པ་ཀུན་ལས་འདས་ན་ཡང༌།།

ཐ་མལ་སྣང་ངོར་ཐ་མའི་མཛད་པ་དེ།།

སྐྱོ་ཤས་ངེས་འབྱུང་བསྐྱེད་པའི་རྒྱུ་རུ་འཁུམ།།

རང་བཞིན་གཤིས་སུ་སྣང་བའི་ཡོན་ཏན་དགའ།།

མཐུན་སྣང་རི་མོར་བཀོད་པའི་ཉ་གང་ཟླ།།

དད་པའི་འོ་མཚོར་ཤར་བའི་གཏམ་ཡིན་གྱི།།

སྒྲོ་བཏགས་ཚེས་རིས་འཁྱོག་པོའི་འུད་བསྟོད་མིན།།

འདྲེན་པ་ཁྱེད་ཉིད་གང་ན་བཞུགས་ཀྱང་རུང༌།།

བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

སྨོན་ལམ་འདི་དག་སུ་ཡིས་ཐོས་ན་ཡང༌།།

ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ།།

བླ་མ་མཆོག་གསུམ་ཡི་དམ་ལྷ་ཚོགས་དང༌།།

དམ་ལྡན་ཆོས་སྐྱོང་སྲུང་མའི་མཐུ་བྱིན་གྱིས།།

ཕྱི་ནང་འགལ་རྐྱེན་མཐའ་དག་ཀུན་ཞི་ཞིང༌།།

བློ་བཟང་བསྟན་པའི་དཔལ་དུ་མྱུར་འབྱོན་ཤོག།

ཅེས་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་མཚན་བརྗོད་པར་དཀའ་བ༧རྗེ་རི་ཁྲོད་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་རྣམ་ཐར་རྗེས་སུ་དྲན་པའི་གཏམ་འདི་འདྲ་ཞིག་འབྲི་བ་བོ་ནི་གུས་འབངས་འདུ་ཤེས་གསུམ་པ་བརྩོན་འགྲུས་ཀྱིས་བྲིས་པ་ཡིན་ལ༧རྗེ་སངྒའི་མཚན་ཅན་ གྱི་གསུང་ཤོ་ལོ་ཀ་གཅིག་བྱིན་རླབས་ཀྱི་གནད་ལ་བསམ་སྟེ། མཇུག་མཐར་བཀོད་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

                                                                                                                                           ༡༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41704325
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1