ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་ངག་གི་བསླུ་བྲིད་ལྡོག་དཀའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་ངག་
ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་ངག་གི་བསླུ་བྲིད་ལྡོག་དཀའ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/1ལྟ་ཀློག (2262)རྩོམ་ཁུངས: པར་འདེབ།

                                                                                                             བདུད་ལྷ་རྒྱལ།

             སྐུ་ཞབས་ལྗང་བུ་ནི་བོད་ཀྱི་སྙན་ངག་གསར་པར་ཆེས་ཐོག་མར་འཇུག་མཁན་གྲས་ཀྱི་གཅིག་ཡིན། ༡༩༨༣ལོར་བོད་ཀྱི་སྙན་ངག་གསར་པ་དབུ་བརྙེས་པའི་མཚོན་བྱེད<<ལང་ཚོའི་རྦབ་ཆུ>>བྱུང་ལ།༡༩༨༤ལོའི་ནང་དུ་ལྗང་བུས<<རྩྭ་ཐང་གི་མགྱོགས་བྲིས>>ཚན་པ་བདུན་ཅན་བརྩམས།ཁོའི་ཐོག་མའི་རྩོམ་དེར་དོན་གྱི་ཆ་ནས་ལྟ་བ་གསར་རྙིང་གཉིས་ཀྱི་འགལ་བ་མཚོན་པའི་ཐོག་ནས་གསར་བྱུང་བྱ་དངོས་ལ་འབོད་བརྡ་གཏོང་བ་དང༌།རང་གི་ལས་དོན་གྱི་ཆེད་དུ་རང་ལ་སྐུལ་ལྕག་དཔའ་བསྐྱེད་ཀྱི་ནང་དོན་ཡོད་ཅིང༌།རྩོམ་སྟངས་ཀྱི་ཆ་ནས“སླར་མཚོན”གྱི་འབྲི་ཐབས་གཙོར་བཏོན་ཡོད།དེང་གི་མཚམས་འདི་ནས།ཁོང་གི་སྙན་ངག་གི་བགྲོད་ལམ་ལ་ཕྱི་བལྟས་ཤིག་བྱས་ན།ཁོ་ནི་རིམ་གྱིས་གོ་དཀའ་ལ་འགྲེལ་དཀའ་བའི་སྙན་ངག་གི་གསང་རྒྱ་ཞིག་ཏུ་ཚུད་པར་གྱུར་པ་མཐོང་ཐུབ།
       དེང་དུས་ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་ན།སྲོལ་རྒྱུན་གྱི་ངོས་ན་མཛེས་དཔྱོད་ལྟ་བ་རྣམ་པ་གཉིས་སུ་གྲུབ་ཡོད་ཟེར།གཅིག་ནི་ནུབ་གླིང་པའི“སླར་མཚོན”གྱི་མཛེས་དཔྱོད་དང༌།ཅིག་ཤོས་ནི་རྒྱ་ནག་གནའ་སྲོལ་གྱི“སྙན་ངག་གི་ཁམས”ཀྱི་མཛེས་དཔྱོད་ཀྱི་ལྟ་བའོ། །སྔ་མ་ནུབ་གླིང་པར་མཚོན་ན།ཁོ་ཚོའི་སྒྱུ་རྩལ་གྱི་ཁྱབ་ཁོངས་ཐམས་ཅད་ན་ཆེས་གསལ་བའི་འཚོ་བའི་བརྙན་རིས་ཀྱིས་ཁྱབ་སྟེ་ཡོད་ལ།སྙན་ངག་ཀྱང་དེ་དང་དེ་མཚུངས་ཡིན་པར་འདོད།ཕྱི་མ་རྒྱའི་གནའ་སྲོལ་སྙན་ངག་ལ་མཚོན་ན།འཚོ་བའི་བརྙན་རིས་གསལ་ཞིང་དངོས་དོན་ཇི་བཞིན་མཚོན་པ་རྩོམ་རིག་གི་ངོ་བོར་མ་གྲུབ་པར།གོ་ས་གཙོ་བོར་བཟུང་ཞིང་རྒྱུད་གཅིག་ཏུ་འབྲེལ་ཞིང་ཁྱབ་པ་ནི་སྙན་ངག་གི་ཁམས་འདི་ཡིན།དེ་ལྟར་དུ་བཤད་ན།བོད་ཀྱི་སྙན་ངག་གི་མཛེས་ཆོས་དེ་ཚིག་མཛེས་པར་བྱེད་པའི་ཚིག་རྒྱན་གྱི་སྟེང་ན་ཡོད་ཅེས་བཤད་ཆོགགཙོ་བོ་ནི་གཟུགས་རྒྱན་དཔེ་རྒྱན་སོགས་ཀྱིས་བརྗོད་པར་བྱ་བ་གང་དེ་ཆེས་མཚར་བོའམ་འུད་ཀྱིས་བརྗོད་པར་བྱ་བ་ཞིག་ཡིན།
     ལྗང་བུའི་སྙན་རྩོམ་ལ་བལྟས་ན་ཁོའི་སྔ་མའི་དུས་ཀྱི་རྩོམ་ལ་སླར་མཚོན་གྱི་ཤས་ཆེ།<<རྩྭ་ཐང་གི་མགྱོགས་བྲིས>><<ཆུ་རྩེད་ཀྱི་གླུ>><<ང་རང་སྦར་ཆོག>><<འབྲོག་པ>>  <<ཞོགས་གླུ>>  <<དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ>><<གཡའ་ཤིང་གི་ལོ་མ>><<ལམ་བརྩེ་དུང>><<རྟ་རྒྱུག་གི་ཉིན་མོ>>སོགས་ཕྱི་རོལ་ཡུལ་ལ་གཞོལ་ནས་ཇི་བཞིན་འབྲི་བ་ལྷུར་བླངས་ཡོད།འདི་དག་ལ་མཚོན་ན་ང་ཚོ་དང་ཁོའི་སྙན་ངག་བར་ལ་ཐུན་མོང་གི་གོམས་གཤིས་ཡོད།ཕྱི་རོལ་བྱ་དངོས་དེའི་སྟེང་ནས་དོན་ལྡན་གྱི་བསྟན་དོན་གང་ཞིག་མངོན་པར་བྱས་པ་ཡིན།

<<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས>>ཞེས་པ་ནས་ཁོའི་རྩོམ་ལ་འགྱུར་ལྡོག་བྱུང་འགོ་བརྩམས་ཡོད་པ་འདྲ།འདི་ནས་བཟུང་སྙན་ངག་གི་ཁམས་ལྷུར་ལེན་པའམ་སླར་མཚོན་ཅན་གྱི་འབྲི་སྟངས་དེ་བསྐྱུར་སོང༌། སྤྱིའི་འབྲི་སྟངས་ལ་ཡིད་གཟུགས་པའི་འབྲི་སྟངས་སྤྱད་པ་མང༌།ཡིད་གཟུགས་ཀྱི་འབྲི་སྟངས་དེ་ཡང་སྤྱིར་ན་ང་ཚོ་དང་རྒྱུས་མེད་ལྐོག་གྱུར་ཞིག་ཡིན་མི་འོས། ཡིད་གཟུགས་པའི་གྲུབ་མཐའི་སྲོལ་འབྱེད་ཕོང་ཏི་ཡིན་ནའང་འདྲ།
རྒྱའི་གྲགས་ཅན་སྙན་ངག་པ་ཏའི་ཝང་ཧྲུའུ་སོགས་དང༌།དེ་ལས་གཞན་པའི་དེང་གི་སྙན་ངག་པ་གང་ཡིན་ཡང་ཚད་མི་འདྲ་བ་མ་གཏོགས་ཡིད་གཟུགས་བཀོལ་སྤྱོད་བྱས་མེད་པའི་སྙན་ངག་མཁན་ཞིག་གང་ན་ཡོད།དེ་དག་ཐམས་ཅད་ཀྱི་སྙན་ངག་ཀློག་པ་ལ་ཁྱིས་ལྕགས་གོང་དམུར་བ་ལྟ་བུའི་དཀའ་ཁག་ཆེན་པོ་མེད།
    སྤྱིར་སྙན་ངག་ཅིག་གོ་དཀའ་བ་ནི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པའི་ངེས་པ་མེད་དེ།སྙན་ངག་རང་སྟེང་ནས་བཤད་ན་གབ་སྦེད་ཀྱི་རང་བཞིན་དང༌།དོན་མང་རང་བཞིན་སོགས་རྩ་བའི་ཁྱད་ཆོས་སུ་གྲུབ་པ་དང༌།སྙན་ངག་གི་རྗོད་བྱེད་ཀྱང་རྩོམ་རིག་མ་ཡིན་པའི་རྩོམ་དག་མ་ཟད་བརྩམས་སྒྲུང་ངམ་ལྷུག་རྩོམ་སོགས་ཀྱི་རྗོད་བྱེད་དང་ཡང་མི་འདྲ་བར“སྙན་ངག་རང་གི་སྐད་ཆ”ཞེས་རེ་བ་ཁྱད་པར་བ་ཡོད་པ་བཅས་ཀྱིས།སྙན་ངག་ནི་སྐྱེས་བུ་གང་ཡིན་ཐམས་ཅད་ཀྱིས་ཀློག་ཐུབ་པ་ཞིག་ཡིན་མི་སྲིད་པར་ཐག་བཅད་ཡོད།ལྷག་པར་བོད་ཀྱི་སྙན་ངག་གསར་རྙིང་གང་ལ་མཚོན་ནའང༌།ཀློག་པ་པོའི་བསམ་ཡན་འགྱུ་སའི་སྟོང་གླེགས་མེད་པར་དངོས་དོན་རྐྱང་བས་གྱང་རྡུང་རྡུང་བྱས་ཡོད་པ་དང༌།དེའི་ཐོག་ཚིག་དང་ཚིག་གི་བར།ཚིག་རྐང་དང་ཚིག་རྐང་གི་བར།ཚན་པ་དང་ཚན་པའི་བར་ཐམས་ཅད་ན་གཏན་ཚིགས་རུས་སྦལ་གྱི་ནུར་འགྲོས་ཇི་བཞིན་མཆོང་ལྡིང་གི་གོ་སྐབས་མེད་པར་བཟོས་ཡོད་པ་འདི་དག་ལ་མཚོན་ན།ལྗང་བུའི་གོ་དཀའ་བའི་སྙན་ངག་གི་སྣང་ཚུལ་འདི་ཁ་གསབ་གསར་པ་ཞིག་ཏུ་འགྱུར་འོས། འོན་ཀྱང་སྙན་རྩོམ་ཐམས་ཅད་ལྗང་བུའི་ཕྱི་འབྲང་འདྲ་ཡིན་ན་མི་འགྲིག
      དེང་གི་སྐབས་འདིར་ལྗང་བུའི་སྙན་རྩོམ་ཆེས་གོ་དཀའ་བ་ཅན་དུ་འགྱུར་བ་འདི་གཙོ་བོར་ང་ཚོ་དང་ཁོའི་སྙན་ངག་བར་དུ་ཐུན་མོང་པའི་མཛེས་ཆོས་སམ་མཐུན་སྣང་གི་མཛེས་ཆོས་མ་གྲུབ་པས་ཡིན་པ་འདྲ། དེས་ན་གནད་དོན་གྱི་རྩ་བ་རྩོམ་པ་པོ་ལ་ཐུག་ཡོད་དམ་ཀློག་པ་པོ་ལ་ཐུག་ཡོད།“མེ་ལོང་འགྱུར་འདུག་གམ་ཡང་ན་བཞིན་རས་འགྱུར་འདུག”ང་ཚོས་དང་ལེན་མཛེས་རིག་གི་ཆ་ནས་ཀློག་པ་པོ་དབང་བཙན་པར་བཤད་ཆོག་ལ།ཁོས་སྔུན་སྐྱོད་ཀྱི་ཆ་ནས་རྩོམ་པ་པོ་དབང་བཙན་པར་བཤད་པས་ཀྱང་ཆོགའོན་ཀྱང་ད་ནི་ངན་ཁག་སུར་དཀྲི་ཡི་ཚོད་མ་ཡིན་པར། གནད་དོན་གྱི་རྩ་བར་དཔྱོད་པར་དོན་སྙིང་ཆེ་སྙམ།
     ལྗང་བུའི་སྙན་རྩོམ་ལ་བལྟས་ན་སྤྱིར་ཁོས་ཡིད་གཟུགས་ལ་བརྟེན་ནས་སྙན་ངག་འབྲི་བ་ཡིན། ཏག་ཏག་ཁོའི་སྙན་ངག་དེ་གོ་དཀའ་དོན་ཡང་ཁོའི་ཡིད་གཟུགས་ལ་རག་ལས་ཡོད།ཁོའི་ཡིད་གཟུགས་ཀྱི་ཐུན་མིན་ཁྱད་ཆོས་ནི་ཡིད་གཟུགས་བར་གྱི་འབྲེལ་བ་ལྷོད་པ་དེ་རེད།ཡིད་གཟུགས་པའི་སྙན་ངག་ལ་མཚོན་ན་སྤྱིར་ཡིད་གཟུགས་ཀྱི་ཁྱུ་དེར་ཉམས་སྣང་མཚུངས་ལྡན་དུ་འདུག་པས།ཕན་ཚུན་རྒྱུད་གཅིག་ཏུ་ལྷོད་ལ་དམ་པར་འབྲེལ་བར་གྱུར་པའམ།སོ་སོའི་བར་དུ་ཁོག་མཐུན་གྱི་འབྲེལ་བ་ཞིག་ཅིས་ཀྱང་གྲུབ་སྟེ་ཡོད།འབྲེལ་ཡོད་ཀྱི་ཡིད་གཟུགས་ཀྱི་རིགས་ཡིན་ཚེ་ཡིད་གཟུགས་དག་ཇི་ལྟར་འཕར་ལྡིང་ངམ་མཆོང་སྐྱོད་བྱས་ཀྱང༌།བར་གྱི་འབྲེལ་བ་དེར་སྙན་ངག་པ་དང་ཀློག་པ་པོ་གཉིས་ཀར་མ་བགྲོས་རང་མཐུན་གྱི་ལྟ་ཕྱོགས་སམ་འགྲེལ་ཚུལ་རིགས་འདྲ་ཙམ་ཡོང་ངེས། དཔེར་ན<<ཉི་ཟླ་རི་བོའི་སྙན་ཚིག>>ལྟ་བུར་མཚོན་ན།རྒྱ་བཟའི་གཏམ་རྒྱུད་དང་འཐག་མཁན་བུ་མོའི་གཏམ་རྒྱུད་དང་བཅས་པའི་ནང་གི་ཡིད་གཟུགས་ཐམས་ཅད་པོ་གྱེས་བྲལ་ལམ་གཏན་གྱེས་ཀྱི་ལྟེ་བས་ཀུན་ནས་སྦྲེལ་ཐུབ་སྟེ།དེའི་ཉེ་འཁོར་ནས་ཡིད་གཟུགས་དག་འཁོར་ཞིང་རྒྱུ་བས་ཡིད་གཟུགས་དེ་ཐམས་ཅད་པོས་བསྟན་དོན་རགས་མོ་ཞིག་ཟུར་ནས་མངོན་པ་རེད།དེ་འདྲ་ཡིན་ན་སྙན་ངག་དེ་གོ་རུང་ཅན་དུ་ཡོད་པ་རེད།འོན་ཀྱང་ལྗང་བུའི་སྙན་རྩོམ་གྱི་ཡིད་གཟུགས་ཀྱི་ལྟེ་བའམ་ཁོག་མཐུན་གྱི་འབྲེལ་བ་འཚོལ་རྒྱུ་ཆེས་དཀའ་བས།སྙན་རྩོམ་གྱི་འགྲེལ་རུང་གོ་རུང་གི་ཐོག་མའི་རིམ་པར་གེགས་བྱས་པ་རེད།དཔེར་མཚོན་ཙམ་བཤད་ན།ཁོའི<<ཞེ་མེར་མེར>>དུ་བྱུང་བའི“ངའི་མགྲིན་པ་ཕྲ་མོ་འོ་འཛིན་ནས་སྐྱེས་ཤིང/མིག་ཟུང་གིས་རྡུང་ག་གཞུས་པས/ཕོ་བ་གཏིང་ནས་གཟེར/ང་ཞེ་མེར་མེར་བྱས་བྱུང”ཞེས་པ་སོགས་ཀྱི་བར་གྱི་འབྲེལ་བ་ཡང་སྙིང་ཅི་ཞིག་གི་སྟེང་ནས་ཚུགས་པ་ལ་རྩོམ་པ་པོ་ཁོ་རང་མ་གཏོགས་སུས་ཀྱང་བཤད་ཐུབ་པ་ལ་དོགས་པ་འཛིན།དེ་འདྲའི་འབྲེལ་བ་དེ་ཚོར་སྣང་ཁོ་ནའི་སྟེང་ཡོད་ན་འོས་པ་ལས།ཚིག་སྡུད་ལྟ་བུ་དང་ཆེས་གསལ་བའི་རིགས་རྟོག་ལྟ་བུའི་སྟེང་ན་ཡོད་ན་རིགས་པ་མ་རེད།དེ་འདྲ་ཡིན་ན་སྙན་ངག་གི་རང་མདངས་དང་ཙོནས་འགལ་སོང༌།
   སྤྱིར་བཏང་གི་ཡིད་གཟུགས་ཀྱི་ཁྱད་ཆོས་ལ་ཡིད་དང་གཟུགས་བརྙན་གཅིག་ཏུ་འབྲེལ་བ་ལས་བྱུང་བའི་ཞེན་དོན་སྟུག་པའི་རང་བཞིན་ཞིག་ཡོད་པ་ཡིན།ཁོང་གི་སྙན་ངག་ཏུ་བྱུང་བའི“དབེན་ལ་རིང་བའི་སྲང་ལམ”“དམར་ལམ་ལམ་གྱི་འཁྱག་དར”སོགས་གང་ཡིན་ཡང་མིང་བརྡ་འདི་དག་མཐོང་བའི་མོད་ལ།ང་ཚོར་ངང་གིས་ཚོར་སྣང་མི་འདྲ་བ་སྣ་ཚོགས་སྐྱེ་ཡོང་བ་རང་ཡིན།ཡིད་གཟུགས་འདི་དག་ནི་ཞེན་དོན་མ་ཞུགས་པའི་ཡུལ་རྐྱང་རྐྱང་ཞིག་དང༌།ཆོས་རྐྱང་རྐྱང་བ་ཞིག་མ་ཡིན་པར་ཡུལ་ཅན་ལ་འཕྲུལ་བར་བཟོས་ཡོད་པའི་ནང་རྐྱེན་དག་གིས་ཕན་ཚུན་བསྐྱོར་བས་ན་ད་གཟོད་ཡིད་གཟུགས་བར་ལ་འབྲེལ་བ་གྲུབ་ཐུབ་པ་བྱུང་བ་ཡིན།ཡིད་གཟུགས་རང་ཉིད་སྤྱིར་ན་རྐྱང་ཚུགས་སུ་མངོན་ཏེ་ཞེན་དོན་གྱིས་ཕྱུག་པ་མེད་ལ།ལྷག་པར་རྩོམ་པ་པོ་ཁོས་རྩོམ་དུ་བཏོན་པ་ཙམ་ལས་དེ་ལ་རྒྱབ་ལྗོངས་བཟོ་བའམ་གསལ་བཤད་ཇེ་རྒྱས་སུ་བྱས་མེད་ཚེ་ཡིད་གཟུགས་དེ་དག་ནི་ནམ་ཡང་འགྲེལ་དུ་མེད་པའི་གསང་རྒྱ་རྐྱང་རྐྱང་ཙམ་དུ་འགྱུར་ངེས།<<ཞེ་མེར་མེར>>གྱི་ཡིད་གཟུགས་དེ་དག་གིས་མཚོན་པའི་གཞན་པའི་ཡིད་གཟུགས་ཐམས་ཅད་འདི་ལྟ་བུ་རེད།ལྗང་བུའི་སྙན་རྩོམ་ཀློག་དཀའ་བའི་གནད་གཙོ་བོ་ངས་བལྟས་ན་འདི་ན་ཡོད།ཁོའི་ཡིད་གཟུགས་ལ་ཐུན་མོང་གི་གཤིས་ཀ་དེ་མེད་པར།ཡིད་གཟུགས་ཐམས་ཅད་ལ་ཁོ་རང་ཉིད་ཀྱི་སྒེར་དབང་ཤིན་ཏུ་ཆེ་བས་ང་ཚོ་དང་ཁོའི་བར་ལ་ཐུན་མོང་གི་སྣང་བ་མི་འགྲུབ།དེ་བས་ལྗང་བུ་ཞེས་ན་རྩོམ་པ་པོ་འདང་ཅན་ཞིག་དང་ཁོའི་སྙན་རྩོམ་གྱི་མཛེས་ཆོས་ཞེས་ན་མྱོང་རོལ་པའི་མི་གྲངས་ཆེས་ཉུང་བའི་རྣམ་པ་འདི་གྲུབ་པ་རེད།
  སྙན་ངག་གི་གར་སྟེགས་ཡོངས་ལ་བལྟས་ན་རྣམ་པ་འདི་ཡང་གཏན་ནས་མེད་པ་ཞིག་མིན། ཨ་མེ་རི་ཁའི“ཆིག་ལབ་པའི་གྲུབ་མཐའི”གྲས་ཀྱི་ཕུའུ་ས་སིའི<<མགྱོགས་འཕྲིན>>དང༌།ལི་ཆིའུ་ཡི<<གྱེས་ཁ་མར་སེམས་པ་མ་སྐྱོ>>ཞེས་པ་སོགས་ཀྱང་སྤྱིར་ན་ཆེས་གོ་དཀའ་བ་ཅན་ཡིན།འོན་ཀྱང་སྙན་སྟེགས་སྟེང་ན་གོ་ས་དང་མཚན་སྙན་ནི་ཡོད།དེས་ན་ལྗང་བུ་ཁོ་ལ་རང་ཉིད་ཀྱི་སྒྱུ་རྩལ་གྱི་དད་ཡུལ་ཞིག་དང་རེ་སྙེག་ཅིག་ཡོད་པར་ང་ཚོ་སུས་ཀྱང་ཐེ་གཏོགས་བྱ་མི་ཐུབ།འོན་ཀྱང་ང་ཚོ་ལའང་ཁོ་ལ་རེ་བ་ཞུ་བའི་རང་དབང་ནི་ཡོད།ང་ཚོའི་རེ་བ་ནི་ལྗང་བུས་རང་ཉིད་ཀྱི་རྩོམ་ལ་མཛུབ་སྟོན་ནམ་ཐ་ན་ཆེས་རགས་པའི་རྒྱབ་ལྗོངས་ཟུར་འདོན་བྱ་རྒྱུ་ཞིག་བྱུང་ན་ཞེས་པ་དེ་ཡིན།ཚུལ་འདི་སྤྱིར་སྙན་ངག་པའི་བརྟུལ་ཞུགས་ལ་དམའ་འབེབས་པའི་སྒྱུ་རྩལ་གྱི་ཆོས་ཉིད་དང་འགལ་བ་ཞིག་ཡིན་ཀྱང་སྲིད།འོན་ཀྱང༌།ཉག་ཕྲ་བའི་བོད་ཀྱི་སྙན་ངག་དང༌།འཁོས་ཆུང་བའི་བོད་ཀྱི་ཀློག་པ་པོའི་དམིགས་བསལ་གྱི་ཁྱད་ཆོས་འདིར་དགོངས་ནས་ལས་རིགས་དང་འགལ་བའི་མཛད་སྤྱོད་ཐེངས་གཅིག་བྱས་ཀྱང་དོན་སྙིང་ཆེ།ཡང་ན་འདི་ཡང་དངོས་ཡོད་འཚོ་བའི་ཁྲོད་ན་མེད་པའམ་མི་སྲིད་པ་ཞིག་ཀྱང་གཏན་ནས་མ་རེད།
         དངོས་གནས།ཁྱོད་ཀྱིས་ཀློག་པ་པོ་མེད་པའི་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང༌།ང་ཚོས་སྙན་རྩོམ་གྱི་བསླུ་བྲིད་ལྡོག་དཀའ།

                                                              འཚོལ་རྟོག་སྙིང་སྟོབས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41678496
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1