༅༅།། བོད་ཀྱི་རྫ་བཟོའི་སྒྱུ་རྩལ།

 ཡོང་ཁུངས། དྲ་རྒྱ་ལས་བཏུས།  རྩོམ་པ་པོ། མི་གསལ།  

      བོད་ཀྱི་རྫ་ཆས་སྒྱུ་རྩལ་ནི་ལོ་རྒྱུས་རིང་ལ་རྣམ་གྲངས་དང་བཟོ་དབྱིབས་ཕུན་ཚོགས་ཤིང་།  དེ་ནི་བོད་ཀྱི་དུས་རབས་སོ་སོའི་རིག་གནས་ལག་རྩལ་གྱི་སྙིང་བཅུད་ཡིན། ད་ལྟ་རྫ་ཆས་ཀྱི་ལག་རྩལ་ཆ་ཚང་རྒྱུད་འཛིན་ཐུབ་མཁན་ཧ་ཅང་དཀོན་ཞིང་། ས་གནས་མང་དག་དུ་དེའི་བཟོ་རྩལ་ཕལ་ཆེར་ཉམས་ཟིན་པ་རེད། འོན་ཏེ་ད་ལྟའི་སྡེ་དགེའི་སྨན་ཤོད་སོགས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེ་བའི་མི་ཁ་ཤས་ཀྱིས་རྫ་བཟོ་དང་ཤིང་བཟོ་སོགས་ཀྱི་ལག་རྩལ་གསོ་སྐྱོང་འཛིན་གྲྭ་བཙུགས་ནས་དེའི་ལག་རྩལ་རྒྱུན་སྐྱོང་ཐུབ་ཐབས་ལ་འབད་པ་་ནི་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད།
      སྤྱིར་རྫ་ཆས་བཟོ་བ་དེའང་ལས་སླ་མོ་ཞིག་མ་ཡིན་ཞིང་དེ་རྒྱུ་རྐྱེན་མང་པོ་ཞིག་ལྡན་དགོས། དཔེར་ན། ཐོག་མར་རྫ་མ་བཟོ་བྱེད་ཀྱི་མ་ལག་ལེན་པ་དང་། ལྕི་བ་ལེན་པ། ས་འདེམས་པ། རྫ་བཟོའི་ལག་ཆ་སྒྲིག་པ། རྫ་མ་དངོས་བཟོ་བ། སོ་གཏོང་བ། རྫ་རྫོང་རྒྱག་པ་སོགས་ཀྱི་གོ་རིམ་མང་དག་ཅིག་བརྒྱུད་དགོས།
      རྫ་མའི་རྣམ་གྲངས་ལའང་ཁོག་ལྡིར་དང་། མེ་ཁོག ཁོག་མ། རྫ་མ། བསྙལ་ཁོག  པ་རུ། མཆོད་ཀོང་། བཞུར་ཀྱོག ཆུ་བན། ཁུར་གྱམ། བག་ཡངས། ཆང་སྣོད། ཞོ་རྫ། ཇ་རུ། རྫ་གླིང་། རྫ་ཆོད་སོགས་རྣམ་གྲངས་མང་ཞིང་རེ་རེ་ལའང་ཆེ་ཆུང་དང་བཟོ་དབྱིབས་ཁྱད་པར་ཧ་ཅང་མང་ཞིང་།ས་གནས་ཁག་གི་མིང་འདོགས་ཚུལ་དང་བཟོ་དབྱིབས་རྣམ་གྲངས་ལའང་དབྱེ་བ་གྲངས་ལས་འདས་སོ། །


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/6 བལྟ་ཀློག (3498)